(10) གསང་བ་ལུས་མེད་རྡོ་རྗེའི་རྣམ་ཐར་ནི།

2012-04-11

རྩ་བའི་བཞི་པ་གསང་བ་ལུས་མེད་རྡོ་རྗེའི་རྣམ་ཐར་ནི། དེའང་མདོ་ཁམས་ལུང་པ་ཕྱུག་དྲུག་གི་ཡ་གྱལ་འབྲི་ཀླུང་དམ་པ་ཆོས་ཀྱིས་ཕྱུག་པའི་ལྗོངས་ཀྱི་ནང་ཚན་ལས་སྟོད་ཀྱི་ཕྱོགས་སུ་གྱུར་པ། ཇོ་བོ་རྒྱོག་ཆེན་གདོང་རས་ཉེ་བར་སྐྱོང་བའི་ས་ཡི་ཆ་སྒ་སྟོད་གནམ་རྫོངས་ཕྱུག་མོ་ཞེས་པར་ཡབ་ལྷ་ཆེན་ཚངས་པ་དཀར་པོའི་འཕྲུལ་ཐིག་གིས་བཀྲུན་པའི་སྲས་རྒ་རྗེ་ཐང་ལ་འབར་ཞེས་པ་དང༌། ཡུམ་འབྲོག་བཟའ་ལྷ་སྨན་སྒྲོན་ཞེས་པ་གཉིས་ལ་སྲས་གསུམ་ཡོད་པ་ལས་ཆེ་བ་ལ་རྒ་ཆེ་བཙན་ཡེ་རྒྱལ། འབྲིང་བ་ལ་དམ་པ་སངས་རྒྱས། ཆུང་བ་ལ་དམ་པ་ཀུན་དགའ། ཆེ་བཙན་ཡེ་རྒྱལ་ལ་སྲས་གཉིས་ཡོད་པའི། ཆེ་བ་སྒ་རྗེ་ཚུལ་ཁྲིམས་རྒྱལ་བ་ཞེས་པ་རྒ་པ་རིན་ཆེན་ཚོ་དྲུག་གི་རྒྱལ་པོར་གྱུར། ཆུང་བ་ལྷ་རིགས་རྒྱལ་བ་ཡེ་ཤེས་སམ་ལྷ་བཙུན་རྒྱལ་བ་ཡེ་ཤེས་ཞེས་པ་ནི། ཁུ་བོ་ལས་ཡབ་ཆོས་སྐོར་གསན་ནས་ཕྱོགས་མེད་ཀྱི་རྒྱལ་ཁམས་འགྲིམས་པར་མཛད། མཁས་གྲུབ་མང་པོ་ལས་གདམས་པ་ཟབམོ་རྣམས་ཞུས་ནས་ཐུགས་སུ་ཆུད་པར་གྱུར་ཅིང༌། མཐར་རྒྱམ་རྒྱལ་དྷྭོ་ཐིའི་གངས་རྒྱུད་མཚོ་རྐེ་མདོའི་ཀྱེ་ལ་ཐང་ཁར་གཏན་ཆགས། དེར་བཙུན་མོ་ཅོག་བཟའ་སྒྲོན་ནེ་ལ་འཕྲད་པའི་སྲས་གཉིས་བྱུང་བ་ལ། ཆེ་བ་ལ་ཀྱེ་ལ་སངས་རྒྱས་མགོན་པོ་དང༌། ཆུང་བ་ལ་ཀྱེ་ལ་དགེ་བཤེས་སུ་གྲགས་པ་ལས་དགེ་བཤེས་ཀྱི་སྲས་སུ་མེ་མོ་ཕག་ལོར་འཁྲུངས། རབ་བྱུང་བཞི་པ་༡༢༢༧ལ།་་་་་་་་མཆན། སྔོན་གྱི་རིགས་སད་པའི་སྟོབས་ཀྱིས་ཆོས་ལ་ཐུགས་འགྲོ་ཞིང༌། ཡི་གེ་ལ་སོགས་སློབ་གཉེར་མང་དུ་མཛད་པ་ཡང་ཐོགས་པ་མེད་པར་མཁྱེན་པ་བྱུང་ངོ༌། དེ་ནས་རེ་ཞིག་གི་ཚེ་གནས་དྲུག་ཁྲི་སྐོར་གྱིས་སྒོམ་སྡེའི་ལྷ་ཁང་ཆེན་མོ་བརྩེགས་པའི་ལས་ཀ་བ་ལ་སྐུ་འབུམ་རྩར་ཕེབས་ཏེ། དད་པས་ཀུན་ནས་བསླང་བའི་ལྷག་པའི་བསམ་པ་རྣམ་པར་དག་པས་ལུས་སྲོག་ལ་ལྟོས་པ་མེད་པ་ལྷ་ཁང་གི་ལས་ལ་འབད་པས། སྡིག་སྒྲིབ་དག་པའི་རྟག་ཐུན་མོང་མ་ཡིན་པ་བྱུང་ངོ༌། །དེ་ནས་རྫིལ་ཕ་རྟག་གསུམ་ལ་སོགས་པའི་རྩི་པའི་མི་སྡེ་ཐམས་ཅད་ཀྱིས་བྱང་ཕྱོགས་ཀྱི་ལོགས་དེ་ཁག་ཁུར་བྱས་པ་ཡིན་ཏེ། དེར་ཐམས་ཅད་ཀྱིས་བརྩོན་འགྲུས་དྲག་པོའི་སྒོ་ནས་བརྩེགས་པས། གཙུག་ལག་ཁང་ལེགས་པར་གྲུབ་པའི་དུས་སུ་རས་པ་དཀར་པོ་ཆིབས་གོང་དུ་བྱོན་ཞིང་ཚུལ་ཁང་སྣང་བྱ་བར་གནས་དྲུག་པའི་ལས་ཀ་བ་ཐམས་ཅད་ལ་ཁྲོམ་ཆོས་ཆེན་པོ་གསུངས་ནས་ཞབས་དབང་གཤར་བའི་དུས་སུ། རས་པ་དཀར་པོས་སྐྱེ་བ་དཔག་ཏུ་མེད་པའི་གོང་ནས་ཚོགས་བསགས་ཞིང་གདམས་ངག་གི་སྣོད་དུ་རུང་བའི་ལས་ཅན་གྱི་སྐྱེས་བུ་ཁྱད་པར་ཅན་ཡིན་ཏེ། འགྲོ་བའི་དོན་རྒྱ་ཆེན་པོ་འབྱུང་བར་དགོངས་ནས་བུ་ཚ་གོ་འཇོ་བ་ཁྱོད་རང་འདི་ཀ་རང་དུ་སྡོད་ནས་རབ་ཏུ་བྱུང་སྟེ་དམ་པའི་ཆོས་སྒྲུབ་པར་ནུས་སམ་གསུངས་པས་ལུས་ཐམས་ཅད་སྦྲིད་ཆིལ་གྱིས་སོང་ནས་གདོང་མཆི་མ་འཁྲུགས་ཤིང་དད་པ་ཐུན་མོང་མ་ཡིན་པ་སྐྱེས་ཏེ། བདག་ཅི་ནས་ཀྱང་བླ་མ་དམ་པའི་ཆགས་ཞབས་འདིར་སྡོད་པ་ཡིན་པས་ཐུགས་རྗེས་བཟུང་དུ་གསོལ་ཞེས་ཞུས་པ་ལ། རས་པ་དཀར་པོ་ཡང་ཤིན་ཏུ་ཐུགས་དགྱེས་པར་གྱུར། དེ་ནས་ཁོང་རང་གིས་ཉེ་གཞི་དང་ཁྱིམ་མཚེས་ལ་སོགས་ཕར་བཏང་ཞིང༌། ང་འདིར་སྡོད་ནས་དགེ་སྦྱོར་ཞིག་ཨི་འོང་བལྟ། ད་ལྟ་མི་ལུས་ཐོབ་པའི་དུས་འདིར་དགེ་སྦྱོར་གཅིག་མེད་ན། ཕྱི་མ་ཕྱིན་ཆད་ཅི་འདྲའི་ལུས་ལེན་ངེས་པ་མེད་པས། ད་ལན་བླ་མ་དམ་པའི་ཞལ་ནས་སྡོད་གསུངས་ཤིང་ཐུགས་ལ་བཏགས་པར་གདའ་བས། ང་ཅིས་ཀྱང་འདིར་སྡོད་པ་ཡིན་གསུངས་ནས་བཞུགས་སོ། །དེ་ནས་རས་པ་དཀར་པོ་ཉིད་ཀྱི་དབུ་མཛད་པའི་མཁན་སློབ་མང་པོའི་མདུན་དུ་རབ་ཏུ་བྱུང་ཞིང་མཚན་བྱང་ཆུབ་དཔལ་བྱ་བར་བཏགས། འདུལ་བ་ལ་སོགས་པའི་བཤད་ཉན་དང་སློབ་གཉེར་ཡང་མང་དུ་མཛད། དེ་ནས་བདེ་དགྱེས་དང་མ་ཧཱ་མ་ཡ་ལ་སོགས་ཀྱི་དབང་བསྐུར་མང་དུ་ཞུས་ཤིང། གསང་མཚན་མི་བསྐྱོད་རྡོ་རྗེ་བྱ་བར་བཏགས། དེ་དག་གི་དམ་ཚིག་གི་ཆོས་སྐོར་དང་རྒྱུད་འགྲེལ་ལ་སོགས་པ་བཤད་པ་ལ་ཡང་མཁས་པར་མཛད། ཐབས་ལམ་ནཱ་རོ་ཆོས་དྲུག །གྲོལ་ལམ་ཕྱག་རྒྱ་ཆེན་པོའི་ཁྲིད་གསན་ཅིང་བསྒོམ་པས་ཉམས་མྱོང་གི་འཆར་སྒོ་དཔག་ཏུ་མེད་པ་བྱུང༌། དེར་རས་པ་དཀར་པོ་དཔོན་སློབ་བཅོ་བརྒྱད་གླིང་སྟོད་ཀྱི་སྤྱིལ་པོ་གཅིག་ཏུ་གདན་དྲངས་ནས། གྲོ་མ་མར་ཁུ་ལ་སོགས་ཞུས་པ་ལ། བྱང་དཔལ་བས་ཁོ་རང་གི་སྐལ་བ་དང༌། རིན་པོ་ཆེའི་གསོལ་རས་ཡོན་བདག་གིས་ལྷག་པོརཞུས་པ་ལ་སོགས་མར་ཁུ་མང་དུ་གསོལ་བའི་ཚེ། ཉེ་གནས་རྣམས་ཀྱིས་དེ་རིང་བྱང་དཔལ་བས་མར་ཁུ་དེ་ཙམ་གསོལ་བ་མི་ཞུ་ནས་ནད་དུ་འགྲོ་ཉེན་ཡོད་བྱས་པ་ལ། བླ་མའི་ཞལ་ནས་ཁོའི་རྩ་ཐིག་རླུང་གསུམ་ལ་གནད་དུ་བསྣུན་ཞིང་སྙིང་རུས་དྲག་པོ་བསྐྱེད་ནས་བསྒོམས་པས། དེ་ཙམ་གྱིས་གནོད་པ་མ་ཡིན་ཏེ་འོན་ཀྱང་ཁྱེད་རྣམས་སོང་ལ་ལྟོས་ཤོག་གསུངས། དེར་སོང་ནས་བལྟས་པས་བྲག་རྩ་གཅིག་ན་སྒོམ་སྟན་བཏིང་བའི་སྟེང་དུ་བཞུགས་ནས་འཁྲུལ་འཁོར་བྱེད་ཅིང་འདུག་པ་ལ། བ་སྤུའི་བུ་ག་ནས་མར་ཁུ་ཅིལ་ཅིལ་ཕྱིར་ཐོན་པར་འདུག་ཟེར་རོ། །ཡང་དེ་དུས་སུ་རས་པ་དཀར་པོ་ཉིད་ཀྱིས་མཁན་པོ་མཛད་ཅིང་དགེ་སློང་གི་དགེ་འདུན་མང་པོ་ཚོགས་པའི་དྲུང་དུ་དགེ་སློང་གི་སྡོམ་པ་རྣམ་པར་དག་པ་བླང་ངོ༌། །དེ་ནས་ཁྲིད་ཀྱི་རིམ་པ་ལ་སོགས་པ་གདམས་པ་ཐམས་ཅད་རྫོགས་པར་གསན་ཅིང༌། ཁྱད་པར་དུ་ཡང་ཕྱག་རྒྱ་ཆེན་པོ་ལ་རྩེ་གཅིག་ཏུ་ཡེང་བ་མེད་པའི་བརྩོན་འགྲུས་བསྐྱེད་ནས་བསྒོམས་པས། སྣང་སེམས་དབྱེར་མེད་དུ་འདྲེས། མངོན་པར་ཤེས་པ་རྒྱ་ཆེན་པོ་མངའ་བ་ལ་སོགས་པ་ལམ་གྱི་ཡོན་ཏན་དཔག་ཏུ་མེད་པ་ཐུགས་ལ་བལྟམས་ཤིང༌། དེ་ཡང་ཉིན་མོ་ཉི་མའི་འོད་ཟེར་དང༌། མཚན་མོ་ཟླ་བ་དང་མར་མེའི་འོད། གང་ལ་བྱོན་ཡང་སྐུ་ལུས་ལ་གྲིབ་མ་མི་སྣང་ཞིང༌། བྲག་ལ་ཞབས་རྗེས་བཞག་པ་སོགས་རྫུ་འཕྲུལ་མཐའ་ཡས། སྣང་བ་སྤྲུལ་བསྒྱུར་ལ་མངའ་བརྙེས་རི་རབ་ཁང་ཁྱིམ་ལ་སོགས་འབྱུང་བའི་དངོས་པོ།་གང་གིས་ཡང་མི་སྒྲིབ་ཅིང་ཤེལ་སྒོང་དང་འདྲ་ལ། དེ་དག་གང་ལའང་ཆགས་ཐོགས་མེད་པར་འབྱོན་པས་ཆོག་པའི་དོན་གྱི་ལུས་མེད་ཟེར་ཞིང༌། སྲ་ཞིང་སྙིང་པོ་ཁོང་སྟོང་བསྟན། གཞོམ་དུ་མེད་ཅིང་གཞིག་ཏུ་མེད། སྲེག་མེད་བཅད་དུ་མེད་པས་ན། སྟོང་པ་ཉིད་ལ་རྡོ་རྗེར་བརྗོད། གསུང་པ་ལྟར་སྟོང་པ་ཉིད་ཀྱི་དོན་ཇི་ལྟ་བ་བཞིན་དུ་རྟོགས་པས་རྡོ་རྗེ་སྟེ། དེའི་དོན་གྱི་མཚན་ལུས་མེད་རྡོ་རྗེ་བྱ་བར་ཡོངས་སུ་གྲགས། ཕྱག་ཆུ་འཐོར་བས་བྲག་རིང་བསྲེལ་གྱི་ཕུང་པོར་གྱུར། བླ་མ་རིན་པོ་ཆེ་གཤེགས་པའི་འདས་མཆོད་དང༌། གཟིམས་མལ་གྱི་འདྲ་འབག །ཏི་ཤྲཱི་གསེར་གདུང་ཆེན་མོའི་གཡས་ངོས་སུ་གདུང་འབུམ་ལྷ་ཁང་ཇོ་ཐོག་དང་བཅས་པ་བཞེངས། དབུས་སུ་ཕེབས་ཏེ་རྔོག་གཟི་བརྗིད་གྲགས་པ་ལ་དགྱེས་རྡོར་དང་ལྷ་མོ་དུད་སོལ་མའི་སྐོར་དང་ཚུལ་ཁྲིམས་ཤཱཀྱ་ལས་གཅོད་སྐོར། མཚལ་དུ་ལྷ་ཕུག་ཉི་མ་འོད་ལས་གཟེར་ལྔ་སོགས་ཞང་རིན་པོ་ཆེའི་ཆོས་སྐོར་མ་ལུས་པ་གསན། བྱ་ཡུལ་བ་ཆེན་པོའི་གདན་ས་བ་ལས་ཚོགས་བདག་གི་སྐོར་གསན་ནས་དེ་ཕྱོགས་སུ་བཞུགས་པར་གདའ། དེའི་དུས་ས་སྐྱ་བའི་བླ་མ་འཕགས་པ་ཧོར་ཡུལ་ནས་བོད་དུ་ཕེབས་ཅིང་མདོ་སྟོད་དུ་བྱོན་པ་ལ་སྐུ་འབུམ་དགོན་གྱི་འདུས་གྲྭ་ཆེ་བགྲེས་རྣམས་མཇལ་དུ་བྱོན་ཏེ་འབུལ་ཞབས་བཟང་པོ་བྱས་ནས། བླ་མ་སྤྲུལ་པའི་སྐུ་ཆེན་པོ་དེ་ཞིང་ཁམས་གཞན་དུ་གཤེགས་ཏེ་མི་བཞུགས། ད་ཁྱེད་རང་བོད་ཀྱི་སེར་ཆགས་ཡོངས་ཀྱི་བདག་པོར་གྱུར་པས་ངེད་ཀྱི་བླ་མའི་གདན་ས་འདིར་བླ་མ་གཅིག་བསྐོ་བར་ཞུ་ཞུས་པས་ཞལ་ནས། འོ་སྐོལ་ཆོས་ལུགས་མི་གཅིག་པའི་ཞད་ཀྱིས། ངེད་ཀྱི་བླ་མ་གཅིག་བསྐོས་པས་མགོ་ལུས་འགྲིགས་པོ་རང་མི་ཡོངས། ཁྱེད་རང་གི་བུ་ཆེན་ཆེ་བ་གང་གྲགས་པ་གཅིག་བསྐོས་ནས་བདག་རྐྱེན་ལ་སོགས་པ་ངེད་ཀྱི་བྱེད་པ་འཐད་གསུངས། འདིར་བུ་ཆེན་མང་དུ་བཞུགས་ཀྱང་ཐམས་ཅད་དབུ་མཐོ་བ་འདྲ་འདྲར་སོང་བས་བསྐོ་འོས་མེད། འགྲན་ཟླ་དང་བྲལ་བའི་ཐུགས་སྲས་ལུས་མེད་རྡོ་རྗེ་བྱ་བ་གཅིག་ཡོད་པ། ད་ལྟ་དབུས་གཙང་གཉིས་ན་བཞུགས་ཞུས་པས། འོ་ན་ཁྱེད་རང་ཚང་གི་མི་སྣ་ཐོང་དང་ངེད་ཀྱི་རྩད་གཅོད་གསུངས། ལུས་མེད་རྡོ་རྗེ་མཚལ་གུང་ཐང་ནས་བཞུགས་སྐབས་འཕགས་པ་རིན་པོ་ཆེས་ས་སྐྱར་གདན་དྲངས་ནས་གདན་སར་རིན་པོ་ཆེ་བཞུགས་དགོས་གསུངས་ཤིང་ལུགས་གཉིས་ཀྱི་རྫོང་དར་བཅས། དགུང་ལོ་སུམ་ཅུ་རྩ་དགུ་བཞེས་པའི་དུས། ཤིང་མོ་གླང་གི་ལོ་ལ་བསྐོ་བཞག་མཛད་ཅིང༌། ཁམས་སུ་ཕེབས། སྐུ་འབུམ་རྩ་བའི་དགེ་འདུན་པ་རྣམས་དང་གནས་དྲུག་ལྷ་སྡེ་མི་སྡེའི་ཚོགས་ཀྱིས་བསུ་བ་སེར་སྦྲེང་དང་བཅས་ནང་སོ་ཆེན་མོའི་སེང་གེའི་ཁྲི་ལ་ཞབས་བཀོད་པར་མཛད། དེ་ཡང་སྡོམ་པ་གསུམ་དང་ལྡན་ཞིང་བསླབ་པ་གསུམ་ལ་ནན་ཏན་མཛད་དེ། བརྩོན་འགྲུས་ཆེན་པོའི་ཤུགས་ཀྱིས་མདོ་སྔགས་ཀྱི་ཆོས་ལ་ལོངས་སྤྱོད་ཅིང་ཐུགས་སྦྱངས་པས་བློ་གྲོས་ཀྱི་སྣང་བ་རྒྱས། དཔལ་ལྡན་བླ་མ་དམ་པ་རས་པ་དཀར་པོ་ལ་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད་ནས། ཅི་གསུང་གི་བཀའ་བསྒྲུབ་ཅིང༌། ཁྱོད་ཀྱི་ང་ཡི་ཆོས་འདི་ཡི་བརྒྱུད་པ་ཡང་ཟུངས་ཤིག་གསུངས་ནས་ཞལ་ཏ་གནང་སྟེ། གདམས་པ་ཟབ་མོ་ཞལ་གདམས་གདན་ས་དང་བཅས་པ་རྣམས་ཐུགས་སུ་ཆུད་པར་མཛད་ཅིང༌། ཉམས་སུ་བླངས་པས་ཡོན་ཏན་གྱི་སྒོ་དུ་མ་དང་ལྡན་ཏེ། སོ་སོ་རང་གི་དབང་པོ་དང་མཚུངས་པར་ལྡན་པའི་ཆོས་བསྟན་ནས་གདུལ་བྱ་དཔག་ཏུ་མེད་པ་སྨིན་གྲོལ་གྱི་ལམ་ལ་བཀོད། ལྷ་ཁང་གསར་མ་བྱ་བ་ཀ་བ་བཅུ་གཉིས་ཀྱི་རྒྱ་ཁྱོན་ཅན་ལོགས་བྲིས་རྟེན་མཆོད་དང་བཅས་པ་སོགས་དགོན་པ་དར་རྒྱས་ཆེར་མཛད། ལྷ་མོ་བསྒྲུབས་པས་ཞལ་བསྟན་ཏེ་མི་རབས་བཅུ་གསུམ་ཚུན་བསྟན་པ་བསྲུང་བར་ཞལ་གྱིས་བཞེས། ཚོགས་བདག་བསྒྲུབས་པས་དངོས་གྲུབ་རྣམ་གཉིས་འབད་མེད་དུ་ཕུལ། གདན་ས་རིན་པོ་ཆེའི་བདག་རྐྱེན་མཛད་ནས་ལོ་ཉི་ཤུ་རྩ་བརྒྱད་ལ་བླ་མ་དམ་པའི་ཐུགས་དགོངས་རྫོགས་པའི་ཆེད་དུ་དགན་པ་བསྐྱངས་ཞིང་བསྟན་པ་དར་བར་མཛད་པ་ཡིན་ནོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མཛད་པ་དང་སྒོ་བསྟུན་ཞིང༌། དགུང་ལོ་དྲུག་ཅུ་རྩ་དྲུག་བཞེས་པའི་དུས་སུ་ཆུ་ཕོ་འབྲུག་གི་ལོ། རོག་ཉ་ཟླ་བའི་ཚེས་བརྒྱད་ཀྱི་ཉིན་ཕྱེད་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏོ། །དེ་ནས་གདུང་འགྱེད་ཆེན་པོ་བྱས་ཤིང་གདུང་སྦྱངས་པས། ནམ་མཁའ་ཐམས་ཅད་འཇའ་ཚོན་འཁྲིགས་ཤིང་མེ་ཏོག་གི་ཆར་མང་དུ་བབས། དུང་དཀར་གཡས་སུ་འཁྱིལ་བ་བཅུ་གསུམ་ལ་སོགས་སྐུ་གདུང་རིང་བསྲེལ་དཔག་ཏུ་མེད་པ་བྱོན། ཁྱད་པར་དུ་ཡང་ཞག་བདུན་ཕྲག་བདུན་པ་ལ་རིང་བསྲེལ་གྱི་ཆར་བབས། དེ་ནས་སྐུ་གསུང་ཐུགས་ཀྱི་རྟེན་དང། གསེར་འབུམ་ཆེན་མོ་དང༌། ལྷ་ཁང་འབུམ་ཆུང་བྱ་བ་རྩགས་གསུམ་པ་གཅིག་ལེགས་པར་བཞེངས་སོ། །ཡབ་སྲས་འདི་གཉིས་ཀྱི་མཆོད་པའི་དུས་ལ་བཅོ་བརྒྱད་གོང་འོག་ཟེར། ཁྱད་པར་ལུས་མེད་རྡོ་རྗེའི་དུས་མཆོད་བྱེད་པའི་དུས་ལ། སྒོམ་སྡེའི་རོག་མཆོད་ཆེན་མོ་ཟེར་བའི་མིང་ཡང་ཕྱིས་ཀྱི་བར་དུ་བྱུང་ངོ༌། །སློབ་མའི་ཚོགས་བགྲང་གིས་མི་ལངས་ཤིང༌། བརྗོད་ཀྱི་མི་ལོངས་པ་བྱོན་ཀྱང་གཙོ་བོར་བཀའ་བབ་ཀྱི་སློབ་མ་བཞི་ནི། རིག་དབོན་བྱང་ཆུབ་གཞོན་ནུ་ལ་བརྒྱུད་འཛིན་གྱི་བཀའ་བབས། མཁས་པ་བྱང་ཆུབ་མགོན་པོ་ལ་རྟེན་འབྲེལ་གྱི་བཀའ་བབས། ལྷ་ཚངས་པ་ཚུལ་ཁྲིམས་སེང་གེ་ལ་དབང་དང་རབ་གནས་ཀྱི་བཀའ་བབས། དངུལ་རྫོང་བ་ཤཱཀྱ་རྡོ་རྗེ་ལ་ཕྱག་ཆེན་གྱི་བཀའ་བབས་པའོ། །