(5) གྲུབ་ཐོབ་ཀྱི་རྒྱལ་པོ་མི་ལ་རས་པའི་རྣམ་ཐར་ནི། ༢

2012-04-11

༧ སྐབས་འགར་མི་མ་ཡིན་གྱི་འཚོ་བ་སྦྱར་གསུངས། དེ་ནས་སྙེ་ནམ་གྱི་བྲག་ཕུག་ལ་བཞུགས་སྐབས་རས་ཆུང་པ་སོགས་སྐལ་ལྡན་གྱི་སློབ་ཚོགས་མང་དུ་འདུས་ནས་ཆོས་གསུངས། གཞན་ཡང་ཤེལ་ཕུག་ནམ་མཁའི་རྫོང་དང༌། སྐྱིད་ཕུག་ཉི་མ་རྫོང་དུ་ཡོན་བདག་འདུས་ནས་ཆོས་ལ་བཀོད་པའི་མགུར་མཛད། དེ་ནས་ལིང་པའི་བྲག་ཏུ་བྲག་སྲིན་མོ་ལ་མགུར་གསུངས་ནས་དམ་ལ་བཏགས། དེ་ནས་སློབ་ཚོགས་རྣམས་ཀྱིས་ལིང་པའི་བྲག་ནས་སྙེ་ནམ་བྲོད་ཕུག་ཏུ་གདན་དྲངས་པེ་ཏ་དང་ཨ་ནེས་ཆོས་ཞུས། དེར་རྗེ་བཙུན་གྲགས་པའི་སྙན་པས་ཁྱབ་ནས་སྡེ་རྣམས་ཀྱིས་ཚོགས་གསོགས་དང༌། རས་པའི་སློབ་ཚོགས་མང་དུ་བྱུང༌། སྙེ་ནམ་དུ་ལོ་སྟོན་དར་ལོ་གཉིས་ཀྱིས་གཙོར་བྱས། བཀའ་གདམས་པའི་མཚན་ཉིད་རྣམས་ཕྲག་དོག་གིས་རྩོད་པ་བྱས་པར། སྙེ་ནམ་རིའི་དགོན་པ་ན། །མི་ལ་རས་པ་སྒོམ་པ་ལ། །སྟོན་པ་ལོ་སྟོན་ཟུག་རྔུ་སྐྱེས། །དེ་རང་སྟོན་པ་ཨེ་མ་འཁྲུལ། །ཡོན་བདག་ཕོ་མོའི་དད་ཟས་ལ། །ཁྱེད་མཁས་བཙུན་བཟང་པོ་སེར་སྣ་སྐྱེས། །དེ་རང་མཁས་པ་ཨེ་མ་འཁྲུལ། །དོན་མེད་ཚིག་གི་སྟོང་སྒྲ་ལ། །དོན་བདེན་པར་མ་འཛིན་སྟོན་པ་ལགས། །ཚིག་ཐ་སྙད་མུ་སྟེགས་རྟོག་པ་ལ། །ཚེ་སུམ་གཉིས་ཟད་པ་མ་ཚོར་རམ། །རྟོག་གེའི་ངན་ཚིག་སྣ་ཚོགས་ལ། །ཚེ་སྟོང་པར་མ་ཟད་སྟོན་པ་བ། །ངས་ཚིག་ངན་གྱི་ཡ་བོ་ལབ་མི་ཁོམ། །མུ་སྟེགས་སྟོན་པ་དྲང་མི་ལ། །ཚད་མི་ཚོད་མ་འཐུང་མ་མྱོང༌། །ད་རེས་རྩོད་པ་སྟོན་པ་རྒྱལ། །ཅེས་གསུངས་ཤིང་རིམ་ཀྱིས་ཆོས་ཀྱི་དྲི་བ་དང་གསུང་མགུར་མཛད་པས་མཐར་གདམས་ངག་ཞུས་ནས་སྟོན་སྒོམ་ཆེ་བར་གྱུར། དེ་ནས་རས་ཆུང་པ་རྒྱ་གར་དུ་འབྱོན་གསུངས་པར་བཤོལ་མ་ཐེབས་ནས། སྙེ་ལམ་དུ་གསེར་ཅུང་ཟད་བསོད་སྙོམས་སུ་ཕུལ་བ་རས་ཆུང་པའི་རྫོངས་མཛད་ནས། ད་རེས་བླ་མ་མར་པའི་བཀའ་བཞིན་ལུས་མེད་མཁའ་འགྲོའི་ཆོས་སྐོར་ལྔ་རྒྱ་གར་ནས་ལེན་རྒྱུ་ཡོད་གསུངས་པ་ད་རེས་གདན་དྲོངས་ཤོག་གསུངས། དེ་ནས་རས་ཆུང་རྒྱ་གར་དུ་བྱོན་ནས་ཏི་པུ་པ་དང༌། མ་གཅིག་གྲུབ་པའི་རྒྱལ་མོ་སོགས་མཇལ་ནས་གསེར་གྱི་མཎྜལ་ཕུལ་ཏེ། ལུས་མེད་མཁའ་འགྲོའི་ཆོས་སྐོར་ལྔ་དང༌། གཞན་ཡང་གདམས་པ་ཟབ་ཁྱད་ཅན་མང་པོ་ཞུས། ཏི་པུ་པས་ག་པུར་གུར་གུམ་སིནྡྷུ་ར་ཨ་ཀ་རུ་ནག་པོའི་འཁར་བ་རྣམས་རྗེ་བཙུན་ལ་ཕྱག་རྟེན་དུ་བསྐུར། དེ་ནས་རས་ཆུང་པ་བལ་པོར་ཕེབས་ནས་དེ་ན་མུ་སྟེགས་ཀྱི་སྟོན་པ་ངན་སྔགས་སྣ་ཚོགས་ཤེས་པ་ཞིག་འདུག་པ་ལ་གསེར་ལྷག་མ་རྣམས་ཕུལ་ནས་ངན་སྔགས་རྣམས་ཞུས་ནས་འོང་བ་ན། རྗེ་བཙུན་བྲག་དམར་མཆོང་གླིང་ན་བཞུགས་ནས་གཟིགས་པར། རས་ཆུང་པ་ཤེལ་གྱི་མཆོད་རྟེན་ཞིག་ཏུ་ཡོད་པ་ལ། ངན་སྔགས་སྣ་ཚོགས་ཞུས་ནས་རླུང་དམར་འཚུབས་མ་གཅིག་ཏུ་གྱུར་སོང་བས་ལམ་དུ་བར་ཆད་བྱུང་བར་མཁྱེན་ནས། དཔལ་མོ་དཔལ་ཐང་ལ་བསུ་བར་བྱོན། རས་ཆུང་པ་དང་འཕྲད། དེར་སེར་བ་བབས་པས་རས་ཆུང་པ་དབུ་གཏུམ་ནས་བཞུགས་སེར་བ་སྲབ་སྐབས་རྗེ་བཙུན་མ་བཞུགས་པ་ལ་གར་བྱོན་བཙལ་བས་གཡག་རྭ་ཞིག་གི་ནང་དུ་རྗེ་བཙུན་ཆུང་དུ་མ་སོང༌། གཡག་རྭ་ཆེ་རུ་མ་སོང་བར་དེར་ཤོག་གསུངས་ཀྱང་མ་ཐར། རྗེ་བཙུན་སྒོར་བྱོན་ཏེ་ལྟ་སྟངས་མཛད་པས་སྤྲིན་དྭངས། དེ་ནས་རུ་བར་རྒན་མོ་ཞིག་ལ་བསོད་སྙོམས་བྱས་པས་གཏད་དུ་མ་ཉན། རྒྱང་དེར་ཕེབས་ནས་གཟིམས། ནང་པར་རུ་བ་གཞན་མི་འདུག །རྒན་མོ་ཤི་བ་གཟིགས་ནས་བསྔོ་སྨོན་མཛད། ཟ་མ་ཟོས་འཕྲོ་ཅུང་ཟད་ཡོད་པ་བསྣམས་ནས་བྲག་དམར་མཆོང་གླིང་དུ་བྱོན། དེར་རས་ཆུང་པ་ཆུ་ལེན་དུ་བྱོན་པའི་ཕར་ཁར་རྐྱང་ཕ་མ་བདུན་དང༌། སྤྱང་ཀི་མ་བུ་བདུན་བརྩེ་ཞིང་འདུག་པ་མཐོང་བས་ཐུགས་ཡེངས་སོང་བ་དང༌། དེ་ནས་ཡར་བྱོན་པས་ཤོག་བུའི་ཚིག་དྲི་བྲོ་བས་གོང་ནས་གདམས་ངག་ལ་སྙད་འདོགས་ལུགས་ཀྱིས་བསྲེགས་གམ་སྙམ་པས་དཔེ་ཁུག་སྟོང་པར་གཟིགས། དེར་དད་པ་ལོག་ནས་སེམས་སྡུག་པས་རྗེ་བཙུན་གྱིས་སྐུ་ལུས་ཀྱི་བཀོད་པ་དང་རྫུ་འཕྲུལ་སྣ་ཚོགས་བསྟན་ཅིང་རྐྱང་མགུར་སྐོར་གསུམ་སོགས་མཛད་ངན་སྔགས་བསྲེགས་པ་མ་གཏོགས་གཞན་མཁའ་འགྲོའི་ཕྱག་ཏུ་ཡོད་པས་གསོལ་བ་ཐོབ་གསུངས། དེར་བྲག་གསེབ་ནས་དཔེ་ཀུན་ཆིལ་གྱིས་བྱུང་བས་དེ་ནས་མི་ལྡོག་པའི་དད་པ་སྐྱེས་སོ། །ཡང་ཉིན་གཅིག་སྐུ་ལུས་བཀོད་པ་དྲུག་མཛད་པ་ལས་མཐོང་སྣང་སྣ་ཚོགས་འདི་ཇི་ལྟར་ལགས་ཞུས་པས། སྣ་ཚོགས་ཆུ་ཡི་སྣོད་རྣམས་སུ། ཇི་ལྟར་ཟླ་བའི་དཀྱིལ་འཁོར་བཞིན། དག་པའི་འགྲོ་རྣམས་ཐམས་ཅད་ལ། ཐ་དད་སྣང་ཡང་དེ་བཞིན་མིན། ཞེས་སོགས་གསུངས་སོ། །ཡང་ཉིན་གཅིག་ཟད་པར་གྱི་ཏིང་ངེ་འཛིན་དུ་མ་བསྟན་པ་དེ་ཇི་ལྟར་ལགས་ཞུས་པས། མེ་ཡིས་མི་ཚིག་ཆུས་མི་བྱིང༌། སྤྱོད་པ་གླང་ཆེན་འགྲོས་ཀྱི་གར། དག་པའི་འགྲོ་རྣམས་ཐམས་ཅད་ལ། ཐ་དད་སྣང་ཡང་དེ་བཞིན་མིན། ཞེས་སོགས་གསུངས་སོ། །ཡང་མ་ཇོ་ལྕམ་མོའི་ཚོགས་འཁོར་གཅིག་བསྐོར་བའི་གྲལ་དུ་ཁྱེད་ལ་སློབ་མ་གྲུབ་ཐོབ་ཨི་ཡོད་ཞུས་པས། མཁའ་འགྲོའི་ལུང་བསྟན་སྤྲུལ་པའི་སྐུ། དྭགས་པོ་ཉི་མ་འགྲོ་ལ་འཆར། རས་ཆུང་ཟླ་བ་སྤྲུལ་པའི་སྐུ། སྒོམ་སྟག་ཇོ་དར་ཞི་བ་འོད། འབྲི་སྒོམ་ལ་སོགས་ཉི་ཤུ་ལྔས། འགྲོ་དོན་བྱེད་འབྱུང་མཁའ་འགྲོའི་གསུངས། གྲུབ་ཐོབ་ལྔ་དང་རྟོགས་ལྡན་བརྒྱད། རང་བྱུང་ཉམས་ཤར་བརྒྱ་རྩ་བརྒྱད། ཆོས་མཐུན་སློབ་མ་སྟོང་རྩ་འོང༌། ཆོས་འབྲེལ་ཐོབ་པ་ཁྲི་འབུམ་སྟེ། ལག་ལེན་སྐྱོང་བ་འགའ་རེ་འདུག །ཁྱོད་དྲི་རྟོག་བྱེད་པ་བག་ཆགས་བཟང༌། གསུངས་སོ། །དེ་ནས་བལ་པོའི་རྒྱལ་པོ་ལ། མགུར་གསུངས་པ་དང༌། རྒྱ་གར་གྲུབ་ཐོབ་དྷརྨ་བོ་དྷི་དང༌། བོད་ཀྱི་མི་ལ་རས་པ་གཉིས་བལ་ཡུལ་དུ་མཇལ་འཕྲད་མཛད་པའི་སྐོར་དང་གུང་ཐང་སྣ་རྩེའི་ཕུག་ཏུ་ལྷ་ཡི་བུ་མོ་བརྒྱད་བྱུང་ནས་ཆོས་ཞུས་པ་དང༌། དིང་རི་ནས་ཕ་དམ་པ་ཚུར་བྱོན། རྗེ་བཙུན་གཉའ་ནང་ནས་ཕར་བྱོན། ཐོང་ལའི་ལ་ཁར་ཆོས་དང་རྫུ་འཕྲུལ་མཛད་པ་དང༌། སྐྱིད་ཕུག་ཉི་མ་རྫོང་དུ་ཁྱི་ར་བ་མགོན་པོ་རྡོ་རྗེ་རྗེས་སུ་བཟུང་ཕྱིར་ཤ་གྲོལ་ཁྱི་གྲོལ་མཛད་པའི་སྐོར་དང༌། ཡང་གཙང་གི་ག་ར་ཁ་ཆེའི་མགྲོན་ཁང་དུ་དགེ་བཤེས་གཡག་རུ་ཐང་པ་དང་སེ་བན་སྟོན་ཆུང་གཉིས་རྗེས་སུ་བཟུང༌། བྲིན་གྱི་ཕུག་པར་འདྲེ་དམག་གི་ཆོ་འཕྲུལ་བསྟན་པར་ཆོས་གསུངས་ནས་དམ་ལ་བཏགས་པ་དང༌། རས་ཆུང་པ་དང་ལེགས་སེ་འབུམ་རྣམས་ཀྱིས་དབང་བསྐུར་ཞུས་པའི་སྐབས་བུམ་པ་ནམ་མཁར་འཕར་ནས་དབང་བསྐུར་བ་དང༌། ཐང་སྐུ་ལ་རབ་གནས་མཛད་པ་མེ་ཏོག་རང་འབྱར་དུ་སོང་བ་རྣམས་དང༌། ཆུ་མིག་དངུལ་འབུམ་དུ་རས་པ་ཞི་བ་འོད་རྗེས་སུ་བཟུང་བའི་སྐོར་དང༌། གུང་ཐང་ལྷོ་སྒོ་ན་ཉ་མ་བཙུན་སེང་རྗེས་སུ་བཟུང་བ་དང༌། གངས་ཏི་སེར་བྱོན་ནས་ནཱ་རོ་བོན་ཆུང་དང་རྫུ་འཕྲུལ་འགྲན་པས་མཐར་ཟིལ་གྱིས་མནན་ནས་ཚར་བཅད་པ་དང༌། གུང་ཐང་ཡངས་པ་ཅན་དུ་བུད་མེད་རྗེས་སུ་བཟུང་བ་སྙན་བརྒྱུད་ཀྱི་བདག་མོར་གྱུར་པ་དང༌། ལྕིམ་ལུང་གི་ཆུ་མཐའ་མཁར་ཕུར་བྱོན་དུས་ངན་རྫོང་བྱང་ཆུབ་རྗེས་སུ་བཟུང་བ་དང༌། གཙང་གི་དིང་རི་མཁར་དམར་དུ་ལྷ་རྗེ་གཡང་ངེ་ལ་མགུར་མཛད། གཙང་བོང་རོང་གི་གྲོང་དུ་རྟོགས་ལྡན་རས་ཆུང་མ་རྗེས་སུ་བཟུང་བའི་སྐོར་རྣམས་སོ། །དེ་ནས་རེས་གཅིག་གི་ཚེ་རྗེ་བཙུན་ཆུ་བར་ན་ཏིང་ངེ་འཛིན་ལ་བཞུགས་པའི་ཚེ་ཆུ་ཕོ་འབྲུག་ལོ་དཔྱིད་ར་བའི་ཚེས་བརྒྱད་ལ་ཤ་ཟ་ཆེན་མོ་ལྔས་ཆོ་འཕྲུལ་བར་ཆད་བརྩམ་པར་ཟིལ་གྱིས་མནན་པས་ཕྱག་འཚལ་ནས་སོང༌། ཡང་དབྱར་ར་བའི་ཚེས་བཅུའི་ནུབ་མོ་མཚར་སྡུག་ཅན་གྱི་བུ་མོ་ལྔས་མཆོད་ཅིང་སེམས་བསྐྱེད་སྡོམ་པ་ཞུས་ནས་ཞབས་སྤྱི་བོར་བླང་ནས་སོང༌། ཡང་སྟོན་འབྲིང་པོའི་ཚེས་བཅུ་གཅིག་དགུང་མོར་བུད་མེད་གཅིག་གིས་ཇོ་མོ་བྲོ་འཚལ་བས་སྤྱན་འདྲེན་པར་ཞུས་ནས་དར་གྱི་སྣམ་བུའི་སྟེང་ནས་གདན་དྲངས། ཡུལ་གྱི་ཕྱུགས་རྫིས་དམར་ཐབ་ཀྱིས་མཁྲེན་པར་གྱུར་པའི་ཡུལ་མི་ལ་ཡང་ཡམས་རིམ་བྱུང༌། དེར་ཡི་གེ་བརྒྱ་པའི་ཁྲུས་དང༌། སྒྲོལ་མ་ཀུ་རུ་ཀུལླེའི་གཟུངས་སྒྲུབ། གཙུག་ཏོར་རྣམ་རྒྱལ་གྱིས་ཚེ་བསྲིང་མཛད་པས་ནད་ཡམས་ཐམས་ཅད་ཞི། ཟླ་བ་དེའི་ཉེར་དགུའི་ཉིན་ཚེ་རིང་མཆེད་དང་ཡུལ་བདག་གིས་བར་དོའི་ཁྲིད་ཞུས། བྱི་བ་ཟླ་བའི་ཚེས་བརྒྱད་ནུབ་མོར་ངོ་མཚར་བའི་གསང་མཆོད་ཕུལ་ཏེ་བསྟན་པ་བསྲུང་བར་དམ་བཅའ་ཕུལ་ལོ། །དེ་དག་ནི་བཀྲ་ཤིས་ཚེ་རིང་མའི་ཞུས་ལེན་གྱི་སྐོར་རོ། །དེ་ནས་རས་ཆེན་རས་ཆུང་གཉིས་བཅས་ཅོག་རོ་འབྲིང་མཚམས་སུ་རས་ཆུང་མ་རྗེས་སུ་བཟུང་བས་གྲུབ་པ་བརྙེས་ནས་མཁའ་སྤྱོད་དུ་གཤེགས་སོ། །དེ་ནས་རས་ཆུང་པ་རྒྱལ་ཁམས་བསྐོར་བར་གཤེགས་པ་ལ་བཤོལ་མ་ཐེབས་པར་བྱོན་པའི་དེ་དག་གི་ལོ་རྒྱུས་རས་ཆུང་པ་ཉིད་ཀྱི་རྣམ་ཐར་དུ་གསལ་ལོ། །དེ་ནས་རྗེ་བཙུན་གྱི་མདུན་དུ་རས་པ་བསྒྲེས་པ་རྣམས་བཞུགས་པའི་སྐབས་རས་ཆུང་པས་རྗེ་བཙུན་ལ། རང་རེ་རྣམས་ལྷོ་བྲག་མར་པའི་རྒྱུད་འཛིན་དུ་འདུག་པས། ངེད་སློབ་མ་རྣམས་ལ་རྒྱུད་པ་འཛིན་ཅིང་འཚོགས་པ་སྐྱོང་བ་འགའ་རེ་ཨེ་འོང་ཞུས་པས། རྒྱུད་འཛིན་དམ་པ་ཞིག་སྤྱན་སྔར་ཡོང་གསུངས། དེར་ཞག་བཅོ་ལྔ་ནས་དྭགས་པོ་སྙི་སྒོམ་སྤྱན་སྔར་བྱོན། ཕྱག་རྟེན་དུ་ཇ་གསེར་ཕུལ་བ་ཆོས་བརྒྱགས་གྱིས་གསུངས་ནས་གནང༌། དེ་ནས་རྗེ་བཙུན་གྱིས་སྣ་ལེན་གྱི་མགུར་མཛད། དེ་ནས་དབང་བསྐུར་དང་རྗེ་བཙུན་རྣལ་འབྱོར་མའི་ཐབས་ལམ་ལ་སོགས་པའི་གདམས་ངག་ཞུས་ནས་བསྒོམས་པས་ཐབས་སྟོན་ཁྱད་པར་ཅན་འཁྲུངས༌། བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་ཀྱི་བཀའ་རྒྱས་པར་མཛད། ཉམས་ཀྱི་འཆར་སྒོ་དང་རྨི་ལམ་གྱི་བརྡ་དོན་རྣམས་ཞུས་ལེན་གྱི་མགུར་མཛད། བར་དོའི་གདམས་པ་དང༌། ཞལ་གདམས་སྐྱེལ་མགུར་གྱི་ཚུལ་དུ་མཛད། ད་ནི་གདམས་ངག་ཐམས་ཅད་རྫོགས་པས་ཁྱོད་ལ་ཡོན་ཏན་སྐྱེ་བ་ལ་དཀའ་ཚེགས་མི་དགོས། འདིར་ཐོག་མར་ཕྱིན་པའི་ནུབ་མོ་ཁྱུང་གཅིག་བྱ་རྒོད་མང་པོས་བསྐོར་བ་མེ་ཏོག་སེར་པོའི་གླིང་དུ་བབ་པ་རྨིས། བླ་མ་གོང་མ་རྣམས་ཀྱིས་བརྒྱུད་འཛིན་ལུང་བསྟན་ལྟར་ང་ཡི་བརྒྱུད་པ་འདི་ཁྱོད་ལ་གཏད་པས་ཟུང་དང་སྒྲུབ་བརྒྱུད་ཀྱི་བསྟན་པ་དར་བར་འགྱུར་རོ། །ད་དབུས་སུ་སོང་ལ་སྒྲུབ་གནས་སྒམ་པོ་ལུང་བསྟན་པ་དེར་སྒྲུབ་པ་གྱིས། བུ་ཁྱོད་ཡོས་ཀྱི་ལོ་རྟའི་ཟླ་བའི་ཚེས་བཅུ་བཞི་ལ་བྲིན་དུ་སླེབ་པར་གྱིས་གསུངས་སོ། །དེ་ཐམས་ཅད་དྭགས་པོའི་ཞུ་ལེན་གྱི་སྐོར་དང༌། ཡང་རེས་ཤིག་གི་ཚེ། རས་ཆུང་པ་རྡོ་མོན་གྱི་མཚམས་སུ་ལུང་བསྟན་ཅིང་ད་ནི་རེས་ཤིག་དབུས་སུ་སོང༌། མ་འགྲོ་ཟེར་དུས་འགྲོ་རང་ཟེར། ད་མ་འདུག་པར་སོང་ལ་འགྲོ་དོན་གྱིས་གསུངས་ནས་ཞལ་ཏའི་མགུར་མ་མང་དུ་མཛད། རས་ཆུང་པས་ཀྱང་སྨོན་ལམ་ཞལ་མཇལ་ལ་སོགས་ཀྱི་མགུར་ཕུལ་ནས་བྱོན་ནོ། །དེ་ནས་སྙེ་ནམ་ཀྱི་མི་སྡེ་རྣམས་འདིར་ཤོག་ཚོགས་འཁོར་ཡོད་ན་བཟང་གསུངས། དེར་འདུས་ནས་ཚོགས་འཁོར་བསྐོར་ཏེ་ཆོས་མང་དུ་གསུངས། མགུར་བཞེངས་འཇའ་འོད་མེ་ཏོག་ཆར་དུ་འབེབ་པ་སོགས་ཡོན་ཏན་གྱི་ཁྱད་པར་མང་དུ་བྱུང༌། ཀུན་ལ་བསྔོ་སྨོན་ཞལ་ཏ་མཛད་པས་དགའ་སྤྲོ་དང་བཅས་པས་སོང་ངོ༌། །དེ་ནས་འབྲི་སྒོམ་དང་སེ་བན་རས་པ་ངན་རྫོང་རས་པ་སོགས་མང་དུ་འཚོགས་པ་ལ། བླ་མའི་ཞལ་ནས། རྣལ་འབྱོར་ལུས་ཀྱི་མེ་ཏོག་འདི། འཆི་བདག་རྐྱེན་གྱི་བ་མོ་ཡིས། བཅོམ་ཏེ་ཕ་རོལ་འགྲོ་དུས་སུ། ང་ལ་མཐོང་སྣང་སྣ་ཚོགས་འོང༌། ཞེས་གསུང་ཞིང༌། འབྲི་སྒོམ་ཁྱེད་དྲང་པོ་ཡིན། ཇི་ལྟར་འོང་སྨྲོས་ཤིག་གསུངས་པ་ལ། རྗེ་བཙུན་ཆེན་པོ་ལ་མཐོང་སྣང་ལ་སོགས་སྐྱེ་འཆི་མི་མངའ་ཡང༌། དག་མ་དག་གི་མཐོང་སྣང་ལ་སོགས་འབྱུང་བ་ལགས་སམ་ཞུས་པས། ཁྱོད་ཀྱིས་གོ་ནས་འདུག་གསུངས། དེར་སེ་བན་གྱིས་རྗེབཙུན་གྲོང་ན་ཇི་ལྟར་བྱེད་ཞུས་པས། ལྷོ་བྲག་མར་པའི་བཀའ་དྲིན་གྱིས། བྱ་བ་ཐམས་ཅད་བྱས་ནས་ཡོད། མི་ལ་རས་པའི་སྙིང་རུས་ཀྱིས། བྱེད་པ་ཐམས་ཅད་ཟིན་ནས་ཡོད། ཅེས་སོགས་མགུར་མཛད་ཅིང༌། ད་ང་ཡི་ཤུལ་དུ་དངོས་པོ་ཆེན་པོ་མེད། ཨ་ག་རུ་ནག་པོ་འབའ་ཞིག་གི་ཕྱག་འཁར་དང༌། ཨ་རུ་ར་རྣམ་པར་རྒྱལ་བ་དང༌། རས་ཀྱི་པན་ཞུ་དང༌། རས་དུམ་གཅིག་དྭགས་པོ་ལ་བསྐུར། སྦ་བེར་དང་རས་དུམ་གཅིག་རས་ཆུང་པ་ལ་བསྐུར། གྲི་གུ་མེ་ཆ་མ་འདི་ངན་རྫོང་སྟོན་པ། རུས་པའི་ཐུར་མ་འདི་འབྲི་སྒོམ་རས་པ། པཎ་ཞུ་ཧྲུལ་པོ་འདི་སེ་བན་ནས་ཟུང༌། རས་འདི་དུམ་བུ་གྱིས་ལ་རས་པ་རེ་རེ་ལ་རེ་རེ་བྱིན། ནོར་ཆེ་བ་མིན་ཏེ། དངོས་གྲུབ་སྣ་རེ་འོང་སྲིད། སྒོམ་ཁང་གི་ཕུག་པར་གསེར་གཅིག་ཡོད་པ་ལ་འགྱེད་གྱིས་གསུངས་སོ། །དེར་མ་དག་པའི་བོན་སྟོན་གཅིག་གིས། ཡུལ་དུ་ནད་ཡམས་དཀོན་པ་རྗེ་བཙུན་གྱི་བྱིན་རླབས་ཡིན་ཏེ། ང་ཡི་ཁ་ཡི་ཟ་ཕུ་འགགས་ཟེར་ནས། མཛེ་མོ་གཅིག་ལ་རྔན་དུ་གཡུ་བྱིན་ནས། ཞོ་ཕོར་བ་གང་ལ་དུག་བཏབ་དེ་བསྐུར་བ་དྲངས་པ་དང༌། རྗེ་བཙུན་མཛེ་མོ་ཁྱོད་ཀྱིས་གཡུ་ཐོབ་པར་བྱ་བའི་ཆེད་དུ་འཐུང་བ་ཡིན་གསུངས་ནས་གསོལ་བ་དང༌། ཕོར་པ་ཡང་བཀྲུས་ནས་གནང་སྟེ། མཁའ་འགྲོ་མ་ཡི་ཆད་པས་དེ་ནུབ་བོན་པོ་ཤི་བས་དུག་དྲངས་པར་ཤེས་ཏེ། ཨ་ག་མཁྱེན་བཞིན་དུ་གསོལ་བའི་དཔེ་ཡོད་དམ་ཞུས་པས། ཨ་མཚར་པོ་ང་ཡི་འདུལ་ཞིང་ཐམས་ཅད་རྫོགས་པ་ཡིན། གསུངས་ནས་གསོལ་འདེབས་དང་བསྔོ་བ་མང་དུ་མཛད་ཅིང་བོན་པོ་མཛེ་མོ་གཉིས་ཀྱང་མཐོ་རིས་སུ་དྲངས་སོ། །དེ་ནས་རྗེ་བཙུན་ཆེན་པོ་དེ་གཞོན་ནུ་ནོར་བཟང་དང༌། ནཱ་རོ་ཆེན་པོའི་རྣམ་ཐར་བཞིན་དཀའ་བ་དཔག་ཏུ་མེད་པས་བླ་མ་དམ་པ་བསྟེན་ཅིང༌། གདམས་པ་ཟབ་མོའི་ཐུགས་བལྟམས་ཏེ། རི་ཁྲོད་རྣམ་དག་ཏུ་ལུས་སྲོག་ལ་ལྟོས་པ་མེད་པར་སྒྲུབ་པ་ཁས་བླང་ཞིང་བསྒོམས་པས༌། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོབ་སྟེ། འགྲོ་བ་མི་དང་མི་མ་ཡིན་པ་དཔག་ཏུ་མེད་པ་སྨིན་གྲོལ་གྱི་ལམ་ལ་བཀོད་ཅིང༌། མཐར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མཛད་པ་དང་སྒོ་བསྟུན་ནས་ལེ་ལོ་ཅན་ཆོས་ལ་བསྐུལ་བའི་ཕྱིར་དགུང་ལོ་བརྒྱད་ཅུ་རྩ་བཞི་བཞེས་པའི་དུས་སུ། ཆུ་མོ་ཡོས་ཀྱི་ལོ་རྟའི་ཟླ་བའི་ཚེས་བཅོ་ལྔའི་ཉི་མ་རི་རྩེར་ཤར་བ་ལ། མ་དག་པའི་སྣང་ངོར་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏེ། དེའི་དུས་སུ་དག་པའི་སྒོམ་ཆེན་རྣམས་ལ་འདུ་འབྲལ་མེད་པར་བཞུགས་པའི་སྣང་བ་དང༌། འགའ་ཞིག་ལ་མཁའ་སྤྱོད་དུ་བྱོན་པ་དང༌། སེང་གེ་ལ་བཅིབས་ནས་འབྱོན་པ་ལ་སོགས་མཐོང་སྣང་ཐ་དད་པ་བྱུང་ཞིང༌། ནམ་མཁའ་ཐམས་ཅད་འཇའ་འོད་ཀྱིས་ཁྱབ་ཏེ། མེ་ཏོག་སྣ་ཚོགས་ཀྱི་ཆར་ལ་སོགས་པ་ལྟས་ངོ་མཚར་ཅན་དུ་མ་བྱུང་ངོ༌། །དེར་ཐམས་ཅད་ཚོགས་ཏེ་གདུང་བཞུ་བ་ལ་མ་འཆམས་པས། བྱིས་སྦ་རལ་པ་ཁམས་སེག་གེ་བ་གཅིག་ནམ་མཁའ་ལ་གར་བྱེད་ཅིང༌། ཁྱེད་ཅག་མི་ཡུལ་གླེན་པ་འདིར། མི་ལ་རས་པའི་གདུང་ལ་རྩོད། བརྩད་པས་ཐོབ་ཏུ་མི་འཇུག་པ། མཁའ་འགྲོ་སྤྱི་ཡི་དམ་ཚིག་ཡིན། ཅེས་སོགས་དང༌། ལུང་པ་གཉིས་ཀྱི་རབ་སྒང་འདིར། བཞུས་ན་ཕན་པ་ཤིན་ཏུ་ཆེ། ཟེར་བས་བྲིན་ཆུ་བར་གྱི་བྲག་སྟེང་དུ་བཞུས་པས་མཛེ་ནད་ཐམས་ཅད་ཆད་དོ། །ཡང་མཁའ་འགྲོ་མ་རྣམས་ཀྱི་ནམ་མཁའ་ནས༌། རཾ་ཡེ་ཤེས་གཏུམ་མོ་མེ་ལྷའི་མེ། ཞེས་སོགས་མགུར་བླངས་པས་ཐུགས་ཀ་ནས་མེ་རང་བྱུང་དུ་འབར་བ་ལས༌། མཁའ་འགྲོ་མས་རྗེ་ཡིད་བཞིན་ནོར་བུ་གཤེགསཔ་ལ། ལ་ལ་ངུ་ཞིང་ལ་ལ་བརྒྱལ། བརྒྱལ་སངས་མྱ་ངན་བྱེད་དུས་འདིར། རང་བྱུང་མེ་ནི་རང་འབར་འགྱུར། ཅེས་སོགས་གདུང་དབྱངས་མགྲིན་གཅིག་ཏུ་མཛད་དོ། །དེར་གདུང་ཁང་གི་སྟེང་དུ་གདུང་རིང་བསྲེལ་འདུས་པའི་གོང་བུ་འོད་འཕྲོ་བ་གཅིག་འདུག་པ་ལ། ཞི་བ་འོད་དང༌། སེ་བན་གཉིས་ཀྱིས་མགུར་བླང་ནས་གསོལ་བ་བཏབ་པས། མཆོད་རྟེན་གཅིག་ཏུ་གྱུར་ནས་བསྐལ་བཟང་གི་སངས་རྒྱས་སྟོང་དང༌། བླ་མའི་སྐུ་གཅིག་ཏུ་འདུས་པས་མགུར་མཛད་ཅིང༌། ནམ་མཁར་འཁོར་ལོ་བདེ་མཆོག་ཁྲ་དཔུང་ངེ་བ་གཅིག་ཡོད་པ་ལ་ཐིམ་མོ། །མཆོད་རྟེན་མཁའ་འགྲོ་མ་དཀར་མོ་གཅིག་གིས་གདན་དྲངས་པ་ལ། ཞི་བ་འོད་ཀྱིས་མགུར་མཛད་ཅིང་གསོལ་བ་བཏབ་པས། མཆོད་རྟེན་གྱི་ནང་ནས་རྗེ་བཙུན་གྱི་མགུར་མཛད་པ་དང༌། མཁའ་འགྲོ་མས་མཆོད་རྟེན་བུ་ཆེན་རྣམས་ཀྱི་དབུ་ལ་རེག་ཙམ་རེ་བྱས་ཏེ་ནམ་མཁར་གདན་དྲངས་སོ། །དེ་ནས་ལེགས་སེ་ན་རེ། བླ་མའི་རྣམ་པར་ཐར་པ་དེ་ལ་གསེར་མེད་ཟེར་ནས་ཕུག་པ་རློགས་པས། བུར་དཀར་རྡོག་པོ་གསུམ་རས་ཁ་གཅིག་ཏུ་བཏུམ། གྲིའི་ཡུ་བ་ཁེམ་སོའི་གྲི་རྩེ་མོས་འབུག །ལྟག་པས་མེ་ཆ་འོང་བ་གཅིག་དང༌། ཡི་གེ་གཅིག་འདུག་པ་ལ་བལྟས་པས་རས་དང་བུ་རམ་གྲི་འདིས་ཆོད་དང་ཐམས་ཅད་ལ་ཁྱབ་ཅིང་ཐོབ་པར་འོང༌། དངོས་པོ་ལ་ཆགས་ཞེན་སྤང་ཞིང༌། རི་ཁྲོད་འགྲིམ་ལ་དགོན་པ་རུ་བསྒྲུབ་པ་དང༌། དེ་ཡང་རྗེ་བཙུན་ཆེན་པོ་དེ་གནས་ངེས་མེད་རི་ཁྲོད་འགྲིམ་པའི་བཞུགས་གནས་མང་དུ་ཡོད་ཀྱང་ཡོངས་སུ་གྲགས་པའི་རྫོང་ཆེན་བཅོ་བརྒྱད༌། རྫོང་ཆུང་གཉིས་དང་ཉི་ཤུ་ནི། བྲག་དམར་ལིང་པ་རྫོང༌། རྟ་སོ་དབུ་མ་རྫོང༌། བྲག་དཀར་སྤོ་མཐོན་རྫོང༌། རྐྱང་འཕན་ནམ་མཁའ་རྫོང༌། རག་མ་བྱང་ཆུབ་རྫོང༌། སྨིན་འཁྱུག་འགྲིབ་མ་རྫོང་སྟེ་ཡོངས་གྲགས་གི་མི་ལའི་རྫོང་དྲུག་གོ། བྲག་སྐྱ་རྡོ་རྗེ་རྫོང༌། ཁྲ་ཚང་སྲིན་པོ་རྫོང༌། སྐྱིད་པ་ཉི་མ་རྫོང༌། ཁུ་བྱུག་དབེན་པ་རྫོང༌། ཤེལ་ཕུག་ནམ་མཁའ་རྫོང༌། རྩེག་པ་རྐང་མཐོ་རྫོང་སྟེ། སྐུ་ཐང་རྫོང་དྲུག་གོ །རྒྱ་བྲག་ནམ་མཁའ་རྫོང༌། སྦས་ཕུག་མ་མོ་རྫོང༌། སྟག་ཕུག་སེང་གེ་རྫོང༌། ལ་ཕུག་པདྨ་རྫོང༌། ཁྲོ་རྒྱལ་རྡོ་རྗེ་རྫོང༌། གླང་མགོ་ཀླུ་བདུད་རྫོང་སྟེ། དེ་རྣམས་སློབ་དཔོན་ཆེན་པོ་པདྨས་བྱིན་གྱིས་རླབས་པའི་དཔལ་མོ་རྫོང་དྲུག་གོ། བྲག་དམར་སྤོ་མཐོན་སྐེད་ཕུག་ཉི་མ་རྫོང་སྟེ་རྫོང་ཆུང་གཉིས་སོ། །ཁྱད་པར་གྱི་གནས་ནི་ལ་ཕྱི་ཆུ་བར་ཏི་སེ་གསུམ་ཡིན་ནོ། །རྗེ་བཙུན་ཆེན་པོ་དེ་ལ་རས་པ་ཕ་བཞི་བུ་བརྒྱད་ལ་སོགས་སློབ་མ་མང་དུ་བྱུང་བའི་ཆེ་བཞི་ནི་གུང་ཐང་གཉན་ཆུང་རས་པ་ སྟག་མོའི་འབྲི་སྒོམ་རས་པ་ མདོ་བཀྲའི་སེ་བན་རས་པ། ལྕིམ་ལུང་གི་ངན་རྫོང་རས་པའོ། །ཆུང་བརྒྱད་ནི། རས་པ་ཞི་བ་འོད། རས་པ་སངས་རྒྱས་སྐྱབས། རས་པ་རྡོ་རྗེ་དབང་ཕྱུག། གཤིན་སྒོམ་རས་པ། རོང་ཆུང་རས་པ། མཁར་ཆུང་རས་པ། གཉེན་སྒོམ་རས་པ། ཁྱི་ར་རས་པ་བརྒྱད་དོ། །སྐུ་བགྲེས་པའི་སྲས་དྲུག་ནི། ལོ་སྐོར་འུ་པ། ལོ་སྟོན་དགེ་འདུན། སྐྱོ་སྟོན་ཤག་འགུ །དམ་པ་རྒྱག་ཕུ་བ། འབྲི་བན་བཀྲ་ཤིས། གཤིན་རྡོར་མོ་དང་དྲུག་གོ། ཉེ་བའི་སྲས་བཞི་ནི། རས་པ་བདེ་བ་སྐྱོང༌། རས་པ་རྩལ་ཡུལ་བ། གླན་བཙུན་རས་པ། ར་རྫི་རས་པ་དང་བཞིའོ། །སྲིང་བཞི་ནི། ལེགས་སེ་འབུམ། དཔལ་དར་འབུམ། གསལ་ལེ་འོད། རས་ཆུང་མ་དང་བཞིའོ། །དེ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་ཅིང༌། རྒྱུད་འཛིན་དམ་པ་མི་ཡི་འགྲོ་བ་འདུལ་བའི་མཆོག །དྭགས་པོ་རིན་པོ་ཆེ། མི་མ་ཡིན་གྱི་འགྲོ་བ་འདུལ་བའི་མཆོག་ཇོ་མོ་བཀྲ་ཤིས་ཚེ་རིང་མ། ཌཀྐི་མ་རྣམས་འདུལ་བའི་མཆོག། ལྷན་ཅིག་སྐྱེས་པའི་སྒྲོན་མ་སྟེ། འདི་གསུམ་མཆོག་ཏུ་གྱུར་པ་ཡིན་ནོ། གཞན་ཡང་ཇོ་རྡོར་སྒོམ་སྟག་ལ་སོགས་གྲུབ་ཐོབ་ཉི་ཤུ་རྩ་ལྔ། རས་པ་ཉེར་གཅིག །སྟོན་པ་བཅུ། རས་མ་བཅུ་གཉིས། ཁྱིམ་པའི་ཚུལ་གྱི་གྲུབ་ཐོབ་མ་དྲུག །ཐོ་བརྩམས་ཏེ་སླར་དད་ནས་གྲུབ་པ་ཐོབ་པའི་སློབ་མ་ལ་སོགས་དཔག་ཏུ་མེད་པ་བྱུང་ངོ༌།། །།