(3) པཎ་ཆེན་ནཱ་རོ་པའི་རྣམ་ཐར་ནི། །

2012-04-11

༈ གསུམ་པ་གནས་ལྔ་རིག་པའི་པཎ་ཆེན་ནཱ་རོ་པའི་རྣམ་ཐར་ནི། །དེའང་སྐུ་འཁྲུངས་ཡུལ་ཤར་ཕྱོགས་བྷ་ག་ལའི་ས་ཕྱོགས། ཤྲཱི་ནཱ་ག་ད་ཡི་གྲོང་ཁྱེར་ཛམྦུ་བྱ་བར་ཡབ་ས་སྐྱོང་རྒྱལ་པོ་དགེ་བའི་གོ་ཆ་དང༌། ཡུམ་བྲམ་ཟེ་མོ་དཔལ་གྱི་བློ་གྲོས་གཉིས་ལ་སྲས་མོ་དཔལ་གྱི་ཡེ་ཤེས་བྱ་བ་ཡོད་ཀྱང་སྲས་ཀྱི་དབེན་པར་གྱུར་ཏེ། དཀོན་མཆོག་མཆོད་ཅིང་སྲིད་སྒྲུབ་ཀྱི་བྱ་བར་བརྩོན་པས་དུས་རེས་གཅིག་སྟག་ལོ་སྟག་གི་ཟླ་བ་ཚེས་བཅོ་ལྔ་སྐར་མ་རྒྱལ་གྱི་ཉིན་པར་ངོ་མཚར་བའི་སྲས་གཅིག་སྐུ་བལྟམས། དེར་བྲམ་ཟེ་མཚན་མཁན་ལ་བསྟན་པས། འདི་ནི་ཟས་གཙང་སྲས་བཞིན་དུ། མ་བྱུང་མི་ཡི་བདག་པོར་འགྱུར། བྱུང་ན་སངས་རྒྱས་སྲས་པོར་འགྱུར། ཞེས་ལུང་བསྟན་ཅིང་རྒྱལ་བུའི་མཚན་ཀུན་ཏུ་བཟང་པོར་གསོལ། ཡབ་ཡུམ་གྱི་རྒྱལ་སྲིད་སྐྱོང་ཕྱིར་འདོད་ཡོན་གྱིས་བློ་བྲིད་ཀྱང་འཁོར་བ་སྙིང་པོ་མེད་པར་དགོངས་ནས་བཤོལ་མ་ཐེབས་པར་ཁ་ཆེའི་གྲོང་ཁྱེར་པུརྞར་བྱོན་ཏེ་བྲམ་ཟེའི་གནས་བརྟན་ནམ་མཁའ་ལས་དགེ་བསྙེན་གྱི་སྡོམ་པ་བླངས། ནམ་མཁའི་སྙིང་པོར་གསོལ། མངོན་པ་སོགས་རིག་གནས་བསླབ་པས་མཁས་པར་གྱུར། སླར་ཡབ་ཡུམ་གྱི་དྲུང་དུ་བྱོན་པར། ཡབ་ཀྱི་ཞལ་ནས་ན་རེ། ཕ་མའི་ངག་བཅག་དམ་ཆོས་ཅི། ཁྱིམ་གྱི་གནས་སུ་བཞུགས་པར་རིགས། ཞེས་སྨྲས་པར། འགྲོ་དྲུག་ཕ་མའི་རང་བཞིན་ལ། གཅིག་གཉིས་ཕ་མར་མ་ངེས་ཀྱང༌། བཀའ་བཅག་མི་རུང་ཁྱིམ་རིགས་ན། །རྟོག་མེད་གཙང་སྦྲ་ལ་གནས་ཤིང༌། །མུ་སྟེགས་དྲི་མེད་ཐེག་ཆེན་རིགས། རྙེད་ན་བཀའ་བ་བཀའ་སྩོལ་ཅིག །ཅེས་གསུངས་པས་རྒྱལ་བློན་ཀུན་དགྱེས་ཏེ་གྲོས་བཏབ། བློན་པོ་ཤེས་རབ་གོ་ཆས་ཤར་ཕྱོགས་ཀྱི་བྲམ་ཟེ་སྐར་རྒྱལ་གྱི་བུ་མོ་མཚན་ལྡན་ཞིག་ཡོད་པ་ཐབས་ཀྱིས་ལོན་པར་བྱེད་ཟེར་བར་ཀུན་གྲོས་འཆམ། དེ་ནས་བློན་པོའི་ཐབས་ཀྱིས་དྲི་མེད་མ་ཁུག་སྟེ་རྒྱལ་བུའི་བཙུན་མོར་སྤྱན་དྲངས་ནས་ཕུལ། རྒྱལ་བུ་ཡང་བཙུན་མོ་དྲི་མེད་དང་ལྷན་ཅིག་དགའ་མགུར་ལོངས་སྤྱོད་ཅིང་རྒྱལ་སྲིད་ཡུན་རིང་དུ་བསྐྱང། དུས་ཤིག་ན་རྒྱལ་བུ་ཉིད་ནས་འཁོར་བ་ལ་སྙིང་པོ་མེད་པས་ཆོས་བྱེད་དགོས་གསུངས་ཙ་ན། དྲི་མེད་མས་ཀྱང་དེ་ལྟར་དགོངས་ན་བདག་གི་གེགས་མི་བྱེད། ཡབ་ཡུམ་གྱིས་གེགས་མི་བྱེད་པའི་ཐབས་སུ་རང་གིས་མི་སྡུག་པའི་སྤྱོད་པ་ལ་བསྙད་ནས་སོ་སོར་འགྲོ་བ་འཐད། བདག་ཀྱང་རྣམ་ཀུན་ཐུགས་རྗེས་འཛིན་པར་ཞུ་ཞེས་གྲོས་འཆམ་པར་མཛད། དེ་ནས་རྒྱལ་པོས་དུས་སྟོན་སར་ཀུན་གླུ་གར་རྩེ་འཇོའི་སྐབས་དྲི་མེད་མས་མི་སྡུག་པའི་སྤྱོད་པ་སྣ་ཚོགས་མཛད་པས། ཐམས་ཅད་ཀྱིས་སྨྱོན་པ་ཡིན་ནམ་ཟེར་བར་བསྙད་དེ་རང་ཡུལ་དུ་ལོག །རྒྱལ་བུས་ཀྱང༌། བུད་མེད་སྐྱོན་ནི་མཐའ་ཡས་པ། གཡོ་སྒྱུ་དག་གི་འདམ་རྫབ་ཏུ། རང་སེམས་གླང་པོ་བྱིང་བར་འགྱུར། དེ་ཕྱིར་བདག་ནི་རབ་ཏུ་བྱུང༌། གསུངས་ནས་གནས་གཞི་དགའ་ཚལ་དུ་བྱོན་ནས། མཁན་པོ་སངས་རྒྱས་སྐྱབས་དང་སློབ་དཔོན་ཡེ་ཤེས་འོད་གསལ་ལས་དགེ་ཚུལ་གྱི་སྡོམ་པ་བླངས། མཚན་སངས་རྒྱས་ཡེ་ཤེས་སུ་བཏགས། ཡང་མཁན་པོ་ཆོས་ཀྱི་བླ་མ་སློབ་དཔོན་ཆོས་ཀྱི་ཡེ་ཤེས་གསང་སྟེ་ཆོས་ཀྱི་བྱང་ཆུབ་རྣམས་ལས་དགེ་སློང་གི་སྡོམ་པ་རྣམ་པར་དག་པ་བླངས། མཚན་ཆོས་ཀྱི་རྒྱལ་མཚན་གསོལ། མཁན་སློབ་ལས་ཐོས་བསམ་མཐར་ཕྱིན་པ་མཛད། བི་ཀཱ་མ་ལ་ཤཱི་ལའི་གཙུག་ལག་ཏུ་བྱོན་ནས་འཆད་ཉན་གྱིས་དུས་འདའ་བར་བསྟན་པ་སྤེལ། བྱང་པཱུ་ལ་ཧ་རིར་བྱོན་ནས་བཤད་སྒྲུབ་ཚུལ་བཞིན་མཛད། དུས་རེ་ཤིག་ན་ནཱ་ལེནྡྲའི་བྱང་སྒོ་སྲུང་བའི་པཎྜི་ཏར་བསྐོས་ནས་གདན་དྲངས་བསུ་བ་མཛད། དེ་ནས་མུ་སྟེགས་ཀྱི་སྟོན་པ་མང་པོ་འདུས་ནས་རྩོད་པ་བྱས་པས་གནས་བརྟན་བསྟན་པ་འཛིན་པ་རྒྱལ་ཏེ་ཕྱི་པ་རྣམས་ནང་པའི་བསྟན་པརབཙུད། བསྟན་པ་དར་ཞིང་རྒྱས་པར་མཛད་ནས་གསུངས་པ། ཐ་སྙད་དོན་ཚུལ་ལྕགས་ཀྱུ་ཡིས། །རྒོལ་ངན་མཆིན་པ་གཟན་ལ་དྲངས། །རིག་པ་སྒྲ་ཚད་རལ་གྲི་ཡིས། །རྒོལ་ངན་སྡོང་པོ་རྩད་ནས་གཅོད། །ལུང་རིགས་ཡེ་ཤེས་སྒྲོན་མེ་ཡིས། །རྒོལ་ངན་མ་རིག་མུན་པ་བསལ། །སྡོམ་གསུམ་དག་པའི་ཆུ་རྒྱུན་གྱིས། །མ་དག་འཆལ་བའི་དྲི་མ་འཁྲུད། །མན་ངག་ལ་བརྟེན་འཁྲུལ་འཁོར་གྱིས། །སྒྱུ་མ་ལོག་ལྟའི་གྲོང་ཁྱེར་འཇོམས། །རྒྱལ་པོ་པཎ་ཆེན་སྤྱན་སྔ་རུ། །ནཱ་ལེནྡྲ་རུ་བདར་བདར་ནས། །མུ་སྟེགས་ལྗོན་ཤིང་རྩད་ནས་བཅད། །སངས་རྒྱས་བསྟན་པའི་རྒྱལ་མཚན་བཙུགས། །ཞེས་གསུངས་ཤིང་ཕྱི་ནང་གི་རྒོལ་བ་གང་ལ་ཡང་འཇིགས་པ་མེད་པས། མཚན་དཔལ་ལྡན་འཇིགས་མེད་གྲགས་པ་ཞེས་གྲགས་སོ། །དེ་ནས་ཆོས་སྤྱོད་ཀྱི་རིམ་པ་ཁོ་ནར་བརྩོན་ཞིང་བཞུགས་པའི་སྐབས། མདུན་དུ་བུད་མེད་རྒན་མོ་མི་སྡུག་པའི་མཚན་མ་སུམ་ཅུ་རྩ་དྲུག་དང་ལྡན་པ། ངུ་ཞིང་འཁར་བ་ལ་བརྟེན་པ་ན་རེ། ཁྱོད་ཀྱི་བལྟ་ས་དེ་ཅི་ཡིན་ཟེར། གསུང་རབ་ཡིན་བྱས། ཁྱོད་ཀྱིས་དེའི་དོན་ཤེས་སམ་ཚིག་ཤེས་ཟེར། དོན་ཤེས་བྱས་པས་མི་དགའ་ཞིང་ངུ་བར་སྣང༌། ཚིག་ཤེས་བྱས་པས་དགའ་ནས་དགོད་འདུག། དེའི་དོན་ནི་གོང་མ་དོན་མ་ཤེས་པས་མ་དགའ་བ་དང༌། འོག་མ་དྲང་པོར་སྨྲས་པས་དགའ་བ་ཡིན་པར་སྣང༌། འོ་ན་དོན་ཤེས་པ་སུ་ཡོད་བྱས་པས་ང་ཡི་མིང་པོ་ཡོད་ཟེར། ཁོ་བོས་མཇལ་བར་ཞུ་བྱས་པས། བརྩོན་འགྲུས་དྲག་ཏུ་བསྐྱེད་ལ་གསོལ་བ་བཏབ་ན་མཇལ་བར་འགྱུར་ཟེར་ནས་ན་ཆུང་མཛེས་མ་ཞིག་ཏུ་གྱུར་ནས་མི་སྣང་བར་གྱུར་ཏོ། །དེ་ནས་ཡེ་ཤེས་གྲུབ་ཉིད་ཐུགས་སྐྱོ་བས་གསུངས་པ། འཁོར་བའི་དབང་པོ་གཞན་སྐྱོན་རྟོག ཅེས་སོགས་འཁོར་བའི་ཉེས་དམིགས་སུམ་ཅུ་གསུངས་ནས་དཔེ་ཅ་ལྷ་རྟེན་རྣམས་ནཱ་ལེནྡྲར་བསྐྱེལ་ནས་སྤོང་དག་མཛད། ནཱ་ལེནྡྲའི་སྒོ་སྲུང་རྣམས་དང་འདུས་པ་རྣམས་ཀྱིས་བཤོལ་བཏབ་ཀྱང་མ་ཁོག་པར་ཆོས་གོས་རྣམ་གསུམ་འཁར་གསིལ་བྱང་ཆུབ་ཆེན་པོར་ཕུལ་ནས་ཀུ་སུ་ལུའི་ཆས་མཛད་དེ། དགྱེས་རྡོར་ལ་བརྟེན་ནས་བླ་མ་ཚོལ་དགོངས་པར་ནམ་མཁའ་ནས་སྒྲ་བསྒྲགས་པར་འདི་སྐད་དོ། །བདེ་མཆོག་འཁོར་ལོ་ལ་བརྟེན་ནས། །བླ་མ་སངས་རྒྱས་ལུང་བསྟན་འབྱུང༌། གསུངས་ནས་ས་ཕྱོགས་ཡིད་དུ་འོང་བ་ནགས་ཚལ་ཕུན་སུམ་ཚོགས་པ་དང་ལྡན་པ། མེ་ཏོག་སྣམ་བུ་ཅན་གྱི་དུར་ཁྲོད་བྱ་བ་གཅིག་ཏུ་རྩའི་སྤྱིལ་པོ་གཅིག་ཏུ་བྱས་ཏེ་བདེ་མཆོག་གི་ཡི་གེ་བདུན་པ། འབུམ་ཕྲག་གསུམ་བཟླས་པས་ས་གཡོ་བ་དང༌། སྒྲ་སྙན་པ་དང་འཇའ་འོད་དྲི་ཞིམ་པོས་ཁྱབ་སྟེ། ནམ་མཁའ་ལས། ཤར་ཕྱོགས་ངོས་སུ་ཏཻ་ལོ་པ་ཞེས། བླ་མ་སངས་རྒྱས་ཡོད་ཅེས་སོང༌། ཞེས་གྲགས་པ་ལ། ནཱ་རོ་པས། དེང་ནས་བརྩམས་ཏེ་བདག་ཉིད་ཀྱིས། ལུང་བསྟན་བླ་མ་ཅིས་མི་བཙལ། ཞེས་གསུངས་ནས་ཕྱོགས་ཐམས་ཅད་དུ་ལོ་མང་དུ་ཚོལ་ཞིང་སོང་བ་ལས། ཐོག་མར་བྲག་རོང་ཞིག་ཏུ་མཛེ་མོ་ཞིག་གི་ལམ་བགག་པ་ནས་བརྩམས། བླ་མས་སྤྲུལ་པའི་ཆོ་འཕྲུལ་མི་འདྲ་བ་བཅུ་གསུམ་བསྟན་པས་ངོ་མཚར་ཞིང་ཀུན་མི་སྣང་བར་གྱུར་པས། མཐར་ཡི་ཐང་ཆད་པའི་ཚུལ་གྱིས། ད་ནི་ལུས་ཐོག་འདིར་བླ་མ་དམ་པ་དང་མི་མཇལ་བར་འདུག་པས། དེའི་གེག་བྱེད་པའི་ལུས་འདི་ལེན་པས་ལྟོས་མེད་དུ་ངེས་པར་དོར་ནས། སྐྱེ་བ་ཕྱི་མར་མཇལ་བའི་སྨོན་ལམ་འདེབས་སྙམས་པའི་ཐུགས་ཐག་རྦད་ཀྱིས་བཅད་ཏེ། ཕྱག་གཡོན་པས་སྤྱི་བོའི་སྐྲ་ནས་བཟུང་གཡས་པས་སྤུ་གྲི་ཕྱར་ཞིང་སྨྲེ་སྔགས་བཏོན་པ་ནི། མཁའ་འགྲོས་ལུང་བསྟན་རྗེས་འབྲང་ནས། བསྟན་རྩ་དགེ་འདུན་སྡེ་བོར་ཞིང༌། སྡོམ་ལྡན་ཆོས་ཀྱི་གྲོགས་པོ་སྤངས། ཆོས་ལྡན་ཁྲིམས་ཀྱི་བཀའ་བཅག་སྟེ། བརྩེ་ལྡན་གྲོགས་ཀྱི་ངག་བཅག་ནས། སྡུག་བསྔལ་དཀའ་བ་ཉམས་བླངས་ཀྱང༌། བླ་མ་རྙེད་པར་མ་གྱུར་པ། བདག་གི་ལུས་འདིས་གེགས་བྱས་པས། འདི་དོར་བླ་མ་ཅིས་མི་བཙལ། ཅེས་བརྗོད་མ་ཐག་ནམ་མཁའ་ནས། གཏན་དུ་འགྲོགས་ཀྱང་མ་མཐོང་སྟེ། བླ་མ་མ་རྙེད་སངས་རྒྱས་དག །བསད་པས་བླ་མ་ག་ལ་རྙེད། ཁྱོད་འདོད་སྤངས་པ་ངོ་མིན་ནམ། ཞེས་གསུངས་པ་དང༌། སྤྱན་ཕྱེས་ནས་བལྟས་པས། མདུན་གྱི་ནམ་མཁར་འཇའ་འོད་ཀྱི་ནང་དུ། ཨ་ཙ་ར་ནག་པོ་གཟི་མདངས་ཅན། སྤྱན་རྩ་དམར་ཙ་ལེ་བ་ཞལ་འཛུམ་བག་ལྡན་པ། དབུ་སྐྲ་ཐོར་ཚུགས་ཅན། ཕྱག་གཉིས་མཉམ་གཞག་དང་སྐྱབས་སྦྱིན་མཛད་ཅིང༌། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་ཝལ་གྱིས་མཐོང་བས། ནཱ་རོ་པ་ཡུས་ཀྱིས་མནང་སྟེ་མཆི་མ་ཤོར་ནས། ཐལ་མོ་སྦྱར་ཞིང་གསོལ་བ། ནམ་མཁའ་སྤྲིན་བཞིན་ངེས་མེད་པས། བླ་མ་བཙལ་བས་ག་ལ་རྙེད། ཀྱཻ་མ་ཐུགས་རྗེས་མི་གཟིགས་སམ། ད་ནི་ཐུགས་རྗེས་བཟུང་དུ་གསོལ། ཅེས་ཞུས་པས། ཏཻ་ལོ་པའི་ཞལ་ནས། སྣོད་ལྡན་དྲི་མེད་གཟི་བརྗིད་ཁྱོད། མཁའ་འགྲོ་མ་ཡི་གསང་བའི་གནས། གསང་སྔགས་ཡིད་བཞིན་ནོར་བུ་ཡི། དབང་གི་སྣོད་དུ་ད་གྱུར་ཏོ། །ཁྱོད་དང་པོ་མཛེ་མོ་དང་འཕྲད་པའི་དུས་ནས་ང་དང་འགྲོགས་པ་ཡིན་ཏེ། སྒྲིབ་པས་བསྒྲིབས་ནས་དེ་ལྟར་མ་མཐོང་ཞིང༌། ད་ལྟ་ཡང་ལུས་སྲོག་ལ་ལྟོས་པ་མེད་པའི་གདུང་ཤུགས་དྲག་པོའི་སྟོབས་ཀྱིས་སྒྲིབ་པ་དག་ནས་མཐོང་ཞིང་གདམས་ངག་གི་སྣོད་དུ་གྱུར་པ་ཡིན་གསུངས་སོ། །ད་ནི་དཀའ་བ་སྤྱད་པ་ལ་བརྟེན་ནས། བརྡ་དོན་བཀྲོལ་ཞིང་སྨིན་གྲོལ་གྱི་ལམ་བསྟན་པའི་དང་པོ་སྨིན་ལམ་དབང་གི་བསྐོར་ནི། དེ་ཡང་ཏཻ་ལོ་པ་བྱོན་ནས་ཐང་ཆེན་པོ་ཞིག་གི་དབུས་ན། ལུས་སྤང་ལ་ཕུར་པ་བཏབ་པ་བཞིན་དུ་གཡོ་འགུལ་མེད་པར་བཞུགས། ངག་སྐུགས་པ་ལྟར་མི་སྨྲ་ཞིང༌། ཐུགས་ཏིང་ངེ་འཛིན་གཉིས་སུ་མེད་པའི་ངང་ལ་གནས་པ་ལ། ནཱ་རོ་པས་ཕྱག་དང་བསྐོར་བ་བྱས་ཤིང་མནྜལ་ཕུལ་ནས་གདམས་ངག་ཞུ་བྱས་པས། ཏཻ་ལོ་པས་བརྡ་བཅུ་གཉིས་བསྟན་པ་ནི། རས་ཡུག་གཅིག་མེ་སྟག་གི་བསྲེག་པ་དང་གཅིག །ཤེལ་གོང་བསྟན་པ་དང་གཉིས། རྒྱ་མདུད་བཀྲོལ་བ་དང་གསུམ། ནོར་བུ་བསྟན་པ་དང་བཞི། ཐལ་མོ་སྦྱར་བ་དང་ལྔ། ཆུ་ཕོར་གང་འཐུང་བཅུག་པ་དང་དྲུག །ཆོས་འབྱུང་བསྟན་པ་དང་བདུན། ཆུ་སྣོད་མང་པོ་གཅིག་ཏུ་བླུག་པ་དང་བརྒྱད། ཐིག་ལེ་དམར་པོ་བྱུང་བ་དང་དགུ །མེ་ལོང་བཟུང་བ་དང་བཅུ། ལྐུགས་པའི་ཚུལ་དུ་མཛད་པ་དང་བཅུ་གཅིག། ཤིང་ཐོག་རློན་པ་གནང་བ་དང་བཅུ་གཉིས་མཛད་ནས། དེ་རྣམས་གོའམ་གསུང་པས། ནཱ་རོ་པས་དེ་རྣམས་གོ་བའི་བརྡ་བཀྲོལ་བ་ནི། དབང་དོན་མེ་སྟག་ལྟ་བུ་ཡིས། །ཉོན་མོངས་རས་ཡུག་ལྟར་བསྲེག་པས། །རས་ཀྱི་བྱ་བ་མི་བྱེད་ཀྱང༌། རས་ཀྱི་རྒྱ་ཡང་མི་ཉམས་ལྟར། །དངོས་པོའི་བྱ་བ་མི་བྱེད་ཀྱང༌། །ལྷའི་སྐུ་ལུས་གསལ་བར་སྣང༌། །བདག་རྒྱུད་ཤེལ་གོང་ལྟར་དག་པས། །ཆོས་བརྒྱད་ཚེ་འདིའི་རྒྱ་མདུད་གྲོལ། །བླ་མ་ནོར་བུ་རིན་ཆེན་ལ། དད་གུས་དབང་པོ་འགྱུར་མེད་ལྟོས། །གདམས་ངག་དྲི་མེད་ཆུ་རྒྱུན་འཐུང༌། །ཆོས་འབྱུང་སྐྱེ་བ་མེད་པ་ཡིན། །ཆོས་རྣམས་དུ་མ་རོ་གཅིག་ཡིན། །ཆོས་སྐུ་ཐིག་ལེ་རང་ལ་གནས། །མེ་ལོང་སྣང་གསལ་རང་ངོ་སྤྲད། །ལྐུགས་པས་མི་སྨྲ་རྒྱ་ཆེར་བཤད། །ཤིང་ཐོག་བདག་གཞན་དོན་གཉིས་འགྲུབ། ཅེས་བཀྲོལ་བས། ཏཻ་ལོ་པའི་ཞལ་ནས། ཁྱོད་ནི་བརྡ་ཤེས་སྐྱེས་བུ་ཡིན། །མཁའ་འགྲོ་མ་ཡི་གསང་བའི་གནད། །གསང་སྔགས་ཡིད་བཞིན་ནོར་བུ་ཡིན། །སྨིན་ལམ་སེམས་ཀྱི་མེ་ལོང་ལྟོས། །ཞེས་གསུངས་ནས། རྡུལ་ཚོན་གྱི་དཀྱིལ་འཁོར་དང༌། སིནྡྷུ་ར་འདི་ལ་བརྟེན་ནས་དབང་བསྐུར་བས་དབང་བཞི་ངོ་འཕྲོད། ད་ནི་དཀའ་བ་ཆེན་པོ་བཅུ་གཉིས་མཛད་པས་གྲོལ་ལམ་རྫོགས་པར་གནང་སྟེ། སྟེང་སྒོ་རྣམ་པར་གྲོལ་བ་དང༌། །དེ་ཡང་དང་པོ་ནི། ཨོན་ཏན་ཏའི་གཙུག་ལག་རིམ་བཅུ་གསུམ་པའི་རྩེར་བྱོན་ནས་བླ་མའི་ཅི་གསུངས་བསྒྲུབ་པ་ཡོད་ན། འདི་ནས་མར་མཆོང་ནུས་སམ་གསུངས་པས། ཐེ་ཚོམ་མེད་པར་མཆོང་བས་ཤ་རུས་ཉབ་ཉོབ་ཏུ་སོང༌། བླ་མ་བྱོན་ནས་བྱིན་རླབས་མཛད་པས་སྔར་བཞིན་སོང༌། གདམས་ངག་ཏུ་བླ་མ་བརྒྱུད་པའི་རྣམ་ཐར་རྣམས་གསུངས། བླ་མའི་བཀའ་བསྒྲུབ་མོས་གུས་བསྐྱེས་ན་ཡོན་ཏན་སྐྱེ་བའི་བརྡར་གོ །གཉིས་པ་ནགས་ཚལ་འཐུག་པོའི་དབུས་ཤིང་སྐམ་མང་དུ་བསྡུས་ལ་མེ་སྦོར་གསུངས། དེ་ལྟར་བྱས། སྐྱེས་བུ་དམ་པ་བླ་མའི་བཀའ་བསྒྲུབ་གདམས་ངག་འདོད་ན་མེར་མཆོངས་གསུངས་པས་ཐེ་ཚོམ་མེད་པར་མཆོང་བས་ལུས་ཀྱི་ཤ་ཁྲག་ཐམས་ཅད་ཚིག་པས་ཀེང་རུས་སུ་སོང༌། བླ་མ་བྱོན་བྱིན་རླབས་མཛད་པས་སྔར་བཞིན་གྱུར། གདམས་ངག་དུ་ཐུན་མོང་གི་ཆོས་སྐོར་རྣམས་གནང༌། སྣོད་བཅུད་ལྷ་དང་ལྷ་མོར་ཤར་བའི་བརྡར་གོ །གསུམ་པ་གཅོང་རོང་དོག་མོར་ཆུ་ཧུར་མོར་འབབས་པ་ལ་བླ་མའི་བཀའ་བསྒྲུབ་གདམས་ངག་འདོད་ན་འདི་ལ་ཟམ་པ་གྱིས་གསུངས། དེ་མ་ཐག་ཆུའི་སྟེང་དུ་ཉལ་ནས་ཟམ་པ་བྱས། དེའི་སྟེང་ནས་ཏཻ་ལོ་པ་ཕར་བཞུད་ཚུར་བཞུད་མཛད་པས་ནཱ་རོ་པ་ཆུ་ནང་ལྷུང་བ་ལ་སྲིན་བུ་པདྨ་དཔག་ཏུ་མེད་པས་ལུས་ཐལ་མར་ཕུག་ནས་ཟོས། ཡང་བླ་མ་བྱོན་བྱིན་རླབས་མཛད་པས་སྔ་མ་བཞིན་གྱུར། དམ་ཚིག་སྐོར་རྣམས་གནང་ནས་སྡོམ་པ་དམ་ཚིག་གི་སྐྱོན་གྱིས་མ་གོས་པར་བསྲུང་དགོས་པའི་བརྡར་གོ །བཞི་པ་གདམས་ངག་འདོད་ན་མེ་དང་སྨྱུག་མ་མར་ནག་གསུམ་ཁྱེར་ཤོག་གསུངས། དེ་རྣམས་ཕྱག་ཏུ་ཕུལ་བས་སྨྱུག་མ་མེར་བསྲང་ནས་སོ་བཏོན་མར་ནག་གིས་ངར་བླུད། ནཱ་རོ་པའི་སྐུ་ལུས་སྟེང་འོག་ཀུན་ཏུ་ཏལ་ཏལ་ཕུགས་པས་སྡུག་བསྔལ་ཟུག་ངུ་བཟོད་གླགས་མེད་པ་བྱུང༌། ཡང་བྱིན་རླབས་མཛད་པས་སྔར་བཞིན་གྱུར། གདམས་ངག་གཏུམ་མོ་ཐབས་ལམ་གྱི་ཆོས་གནང་བས་བདེ་སྟོང་ལྷན་སྐྱེས་ཀྱི་བརྡ་རུ་གོ །ལྔ་པ་ནགས་ཚལ་ཞིག་ཏུ་བཞུགས་པར་གདམས་ངག་ཞུས་པས། གདམས་ངག་འདོད་ན་བསོད་སྙོམས་གྱིས་གསུངས། སོང་བས་ཆོས་སྟོན་བྱེད་སར་ཕྱིན། འབྲས་ཆེན་ཐོད་ཕོར་གང་བྱིན་པ་བླ་མ་ལ་དྲངས་པ་ཐུགས་དགྱེས་དགྱེས་མཛད། དེ་རིང་འདིས་ཐུགས་མཉེས་ཆེ་བས་ཕྱིན་པ་དྲག་སྙམ། ཡང་ཕྱིན་པ་མ་བྱིན་པས་བཅོམ་པས་ཕོར་གང་ཐོབ་པ་བྲོས་ཏེ་ཁྱེར་བ་བླ་མར་ཕུལ། དགྱེས་བཞིན་གསོལ་ནས་ད་དུང་ཐབས་ཨི་ཡོད་གསུངས་ནས་ཆུ་བུམ་པ་གང་ཐག་པ་གཅིག། རལ་གྲི་གཅིག་དང་གསུམ་གནང་ནས་བཏང༌། སྔར་བཞིན་སོང་སྐབས་ལྷག་འཕྲོ་ནས་ཕོར་གང་ཁྱེར་ནས་བྲོས་པས། ངན་པ་འདི་ཟེར་རྗེས་དེད་ཆུ་བུམ་དེ་ཕོས་ཆུར་གྱུར། གྲུ་བཏང་ནས་དེད། ཐག་པ་སྐྱུར་བས་ལ་ཞིག་ཏུ་གྱུར། ཡང་རྗེས་སླེབ་པས་རལ་གྲི་ཀླད་ལ་བསྐོར་བས་ལྕགས་ཀྱི་སྐྱིལ་པོར་གྱུར། ཡང་ཕྱི་ནས་མེས་བསྲེགས་པས་མ་ཚུག་ཕྱིར་བྲོས་པས་ཐམས་ཅད་ཀྱིས་བརྡུངས་ནས་འདམ་བུ་ལྟར་བཅོམས། བླ་མ་བྱོན་ནས་བྱིན་རླབས་ཀྱིས་སྔར་བཞིན་གྱུར། གདམས་ངག་སྒྱུ་ལུས་སྐོར་གནང༌། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་གོ །དྲུག་པ་ཐང་མེ་ཏོག་ཁྲ་ཆེམ་མེ་བར་བཞུགས་པར་གསོལ་བ་བཏབ་མནྜལ་ཕུལ་གདམས་པ་ཞུས་པར། ན་ནིང་ཁྱོད་བརྡུང་བའི་མི་དེ་ཕ་ཀི་རེད་པས་དེད་ལ་ཤོག་གསུངས། དེར་ཐང་དུ་མི་གཅིག་འགྲོ་བདོ་བ་ལ་ཤི་མ་ཤི་མེད་པར་དེད་པས་ཇེ་རིང་ཇེ་རིང་ལ་སོང་ནས་ཐང་ཆད་དེ་འགྱེལ། བླ་མ་བྱོན་ནས་རྨི་ལམ་གྱི་གདམས་པ་རྣམས་གནང་བས་འདི་སྣང་ཐམས་ཅད་རྨི་ལམ་ཤར་བའི་བརྡར་གོ །བདུན་པ་མཐོ་ལ་གསལ་བའི་ས་ཕྱོགས་གཅིག་ཏུ་བཞུགས་པར་གསོལ་བ་གཏབ་གདམས་ངག་ཞུས་པར། གདམས་པ་འདོད་ན་དེ་རིང་བག་མ་གཅིག་འོང་བར་དང་པོ་མེ་ཏོག་ཕྲེང་བ་ཐོགས། དེ་ལ་དགའ་བས་ནུ་མ་མཉེས་གསུངས། གསུངས་པ་བཞིན་བྱས་པས་ཉེ་འབྲེལ་རྣམས་ཀྱིས་མི་རིག་པ་འདི་ལྟ་བུ་བྱས་ཟེར་ཞིང་བརྡུང་པས་ལུས་པོ་ཐམས་ཅད་ཉབ་ཉོབ་ཏུ་སོང་ཡང་བླ་མ་བྱོན་ནས་བྱིན་རླབས་སྔར་བཞིན་གྱུར། གདམས་ངག་ཏུ་འོད་གསལ་གྱི་སྐོར་གནང་ཉིན་མཚན་དབྱེར་མེད་ཀྱི་བརྡར་གོ །བརྒྱད་པ་རི་ཆེན་པོ་གཅིག་གི་རྩར་བཞུགས་གདམས་པ་ཞུས་པས་རྒྱལ་པོའི་བཙུན་མོ་ཁྲི་ལས་ཕོབ་གསུངས་པས། དེ་བཞིན་བྱས་པས་བློན་པོ་ཀུན་གྱིས་གཡང་ལ་བསྐྱུར་བས་ཤ་རུས་ཞིག་པའི་སྡུག་བསྔལ་བྱུང༌། ཡང་བླ་མས་བྱིན་རླབས་པས་སྔར་ལྟར་བྱུང༌། འཕོ་བའི་གདམས་སྐོར་རྣམས་གནང་བས་སངས་རྒྱས་སར་ཉིང་མཚམས་སྦྱོར་དགོས་པའི་བརྡར་གོ །དགུ་པ་དབེན་པར་བཞུགས་པའི་སྐབས། བླ་མ་ཉིད་ནས་གདམས་པ་འདོད་ན་རྒྱལ་བུ་ཁྲི་ཁ་ནས་ཕོབ་ཅིག་གསུངས། རྒྱལ་བུ་བློན་པོ་བཅས་སྐྱོ་བསངས་ལ་འགྲོ་བའི་ལམ་ཁ་ནས་ཁྲི་ལས་ཕབ་པས་བློན་པོ་སོགས་ཀྱི་བེམ་རིག་མ་བྲལ་ཙམ་དུ་བཅོམས། ཡང་བླ་མས་བྱིན་རླབས་པས་སྔར་ལུས་སུ་གྱུར། གྲོང་འཇུག་གི་གདམས་པ་གནང་ནས་འཕོ་དང་ལྷུམ་ཞུགས་ཀྱི་བརྡར་གོ །བཅུ་པ་འོག་སྒོ་བདེ་བ་ཆེན་པོ་བསྟན་པ་ནི། ཡང་སྐྱིད་མོའི་ཚལ་ཞིག་ཏུ་བཞུགས་པ་ལ་ཕྱག་མནྜལ་བཅས་གདམས་པ་ཞུས་པས། དེ་ལྟར་ན་ཕྱག་རྒྱ་མ་བརྟེན་ཅིག་གསུངས་ནས་དྲི་མེད་མ་བརྡས་བཀུག་སྟེ་གནང༌། དེར་བརྟེན་པས་དགའ་བདེ་འཕེལ་རུང་ལུས་རིད་པར་གྱུར། བླ་མས་རྡོ་རྗེའི་བུག་པར་སྨྱུག་ཐུར་དྲངས་རྡོ་བར་དུ་བརྡུངས་པས་རྣག་ཁྲག་ཟག་ཅིང་སྡུག་བསྔལ། ཡང་ཕྱག་གིས་བྱུག་པས་སྔར་བཞིན་གྱུར། འོག་སྒོའི་གདམས་པ་རྣམས་གནང༌། ཕྱག་རྒྱ་ལ་བརྟེན་ནས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འཆར་བའི་བརྡར་གོ །བཅུ་གཅིག་པ་ལྗོན་ཤིང་མེ་ཏོག་རྒྱས་པའི་སྡོང་པོ་ཞིག་གི་རྩར་བཞུགས་པ་ལ། གདམས་པ་འདོད་ན་ཤེས་རབ་མ་ཕུལ་གསུངས་པས། དེར་ལྟོས་མེད་དུ་ཕུལ། ཏཻ་ལོ་ནས། ཆོས་ཀྱི་དབྱིངས་ཀྱི་ཀློང་ཡང་ནས། །བདེ་ཡང་རུང་གི་ནཱ་རོ་པ། །མཁའ་འགྲོ་མ་ཡི་གསང་བའི་གནས། །གསང་སྔགས་ཡིད་བཞིན་ནོར་བུ་ཡི། །སྐྱེ་མེད་སེམས་ཀྱི་མེ་ལོང་ལྟོས། །གསུངས་ནས་ཕྱག་རྒྱ་ཆེན་པོའི་གདམས་ངག་རྣམས་གནང་ནས། རིག་མ་ལ་བརྟེན་པའི་ལྷན་སྐྱེས་དེ་ཉིད་བླ་མའི་ཚིག་གིས་ངོ་སྤྲད་པས། རང་གི་རྒྱུད་གོམས་པར་བྱེད་པའི་བརྡར་གོ །བཅུ་གཉིས་པ་ཆུ་དང་རྡོ་ཤིང་གང་ཡང་མེད་པའི་བྱེ་ཐང་གཅིག་ཏུ་བཞུགས་པ་ལ་ཕྱག་འཚལ་གསོལ་བ་གདབ་པས། གདམས་ངག་འདོད་ན་ལུས་ཀྱི་མནྜལ་ཕུལ་གསུངས་པས། དེར་ལུས་ཀྱི་རྩ་བོ་ཆེ་རྣམས་ཕུག་ནས་བྱེ་མར་ཆག་ཆག་བཏབ་མནྜལ་བྱས་པས། མནྜལ་རྒྱན་མེད་ཞིང་ཁམས་སྟོང་པར་སྐྱེ། ཞེས་གསུངས་པས། རང་གི་ཡན་ལག་རྣམས་བཅད་ནས་རྒྱན་བྱས་ཕུལ་བས། ཏཻ་ལོ་པས་བདེའམ་གསུངས། ནཱ་རོ་པས། ཤ་ཁྲག་ལུས་ཀྱི་མནྜལ་འདི། བླ་མ་ལ་ཕུལ་རྣལ་འབྱོར་བདེ། ཞུས་པས། ཏཻ་ལོ་པས། ཟག་བཅས་སྙིང་པོ་མེད་པའི་ལུས། ཕུལ་ཡང་རུང་གི་ནཱ་རོ་པ། མཁའ་འགྲོ་མ་ཡི་གསང་བའི་གནས། གསང་སྔགས་ཡིད་བཞིན་ནོར་བུ་ཡི། བར་དོ་སེམས་ཀྱི་མེ་ལོང་ལྟོས། གསུང་ནས་ཕྱག་གིས་བྱུག་ཙམ་གྱིས་རྨ་རྣམས་སོས་ནས་ལུས་སྔར་བཞིན་པསཀྱང་བཟང་བར་གྱུར། བར་དོའི་གདམས་ངག་རྣམས་གནང༌། དེ་ལྟར་ལོ་བཅུ་གཉིས་སུ་ཆགས་ཕྱིར་འབྲངས་བས་ལོ་རེར་དཀའ་ཆེན་རེ་དང་གདམས་ངག་ཁྱད་འཕགས་རེ་ཐོབ་པའི་གདམས་ངག་རྣམས་དོན་གསུམ་དུ་བསྡུས་ནས། དངོས་པོའི་གནས་ལུགས་ལམ་དང་ནི། འབྲས་བུ་སྐྱེ་བའི་རིམ་པའོ། །གསུངས་པས། གོང་དུ་བསྟན་པ་རྣམས་ཀྱང་གཞི་ལམ་འབྲས་གསུམ་དུ་འདུས་པའི་བརྡར་གོ་ཞིང་ཐུགས་སུ་ཆུད་དོ། །དེ་ནས་ཏཻ་ལོ་པས་ཕར་གཟིགས་ཚུར་གཟིགས་མཛད་ནས་མཆིལ་ལྷམ་རྒོག་པོ་གཅིག་མདུན་དུ་འདུག་པ་བླངས་ནས་ནཱ་རོ་པའི་དཔྲལ་བར་རྒྱབ་པས། ནཱ་རོ་པ་ལིང་གི་བརྒྱལ་ནས་སོང༌། བརྒྱལ་སངས་པ་དང༌། ཐུགས་གཉུག་མ་ལྷན་ཅིག་སྐྱེས་པའི་ངང་ལས་མ་གཡོས་བཞིན་དུ། མདོ་རྒྱུད་ཀྱི་ཆོས་ཐམས་ཅད་རྒྱ་མཚོ་ལ་གཟའ་སྐར་བཀྲ་བ་ལྟར། ཐུགས་ལ་བཀྲ་ལམ་མེར་ཤར་ནས་འདུག །ཏཻ་ལོ་པས་དེའི་དོན་ངོ་སྤྲད་པ་ནི། ཀྱཻ་ཧོ་འདི་ནི་རང་རིག་ཡེ་ཤེས་ཏེ། །ངག་གི་ལམ་འདས་ཡིད་ཀྱི་སྤྱོད་ཡུལ་མིན། །ཏཻ་ལོ་ངས་ནི་ཅི་ཡང་བསྟན་དུ་མེད། རང་གི་རང་ཉིད་མཚོན་ཏེ་ཤེས་པར་བྱོས། ཞེས་དང༌། མི་མནོ་མི་བསམ་མི་སེམས་ཤིང༌། །མི་བསྒོམ་མི་སྤྱད་སེམས་ཉིད་ནི། །རང་ག་གནས་ལུགས་ངང་དུ་བཞག །དམིགས་མེད་ཡིད་ལ་མི་བྱ་ཞིང༌། །དབྱེར་མེད་ལྷན་ཅིག་སྐྱེས་པ་ཡི། །སེམས་ཉིད་རང་རིག་རང་གསལ་ལ། །ང་ཡིས་ཅི་ཡང་བསྟན་དུ་མེད། གསུངས་པས། ནཱ་རོ་པས། ཡིད་ལ་མི་བྱེད་ཕྱག་རྒྱ་ཆེན་པོའི་ལམ། །སྤྲོས་བྲལ་བརྗོད་མེད་སྒྲིབ་བྲལ་སེམས་ཀྱི་ནི། །ངོ་བོ་ལྷན་ཅིག་སྐྱེས་པ་མཐོང་བ་སྟེ། །ད་ནི་སུ་ལའང་དྲི་བ་མི་བྱའོ། །ཞེས་གསུངས་ནས་ཐུགས་ཐག་ཆོད་དོ། །འདི་ལྟ་བུའི་དོན་རྟོགས་པ་ནི་བླ་མ་དམ་པ་འདིའི་བཀའ་དྲིན་ཁོ་ན་ཡིན་ཞིང༌། དྲིན་ལ་འཁོར་མཐའ་མེད་ཀྱང༌། ད་ནས་དངོས་པོའི་ཡོ་བྱད་ཅུང་ཟད་ཙམ་ཡང་འབུལ་དུ་རུང་ངོ་སྙམས་དུ་སེམས་ཤིང༌། དེ་ནས་བྱོན་ཏེ་སྔར་གྱི་གྲོགས་པོ་མགར་བ་ཕྱུག་པོ་གཅིག་ཡོད་པ་ལ། བྱུ་རུ་བྲེ་དོ་དང་མུ་ཏིག་ལ་སོགས་རིན་པོ་ཆེ་སྣ་ཚོགས་བསྐྱེལ་ནས་འབུལ་དུ་སོང་བས། ཏཻ་ལོ་པས། འདི་ད་རུང་དངོས་པོ་ལ་ཞེན་ནས་འདུག་དགོངས་ནས། བྱུ་རུའི་དིའུ་འབུར་ཆེན་པོ་གཅིག་ལ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའི་སྟེང་དུ་བཞུགས་ཅིང་དཔའ་བོ་དཔའ་མོ་ཚོགས་ཀྱིས་བསྐོར་ནས་ཕྱོགས་ཐམས་ཅད་ནས་ལྷའི་བུ་དང་བུ་མོ་དཔག་ཏུ་མེད་པས་མཆོད་རྫས་སྣ་ཚོགས་ཐོགས་ནས་མཆོད་པ་འབུལ་བ་གཅིག་ཏུ་སྤྲུལ་ཏེ་ཡོད་པ་ལ། ནཱ་རོ་པས་མཐོང་ནས་བསྐྱེངས་བ་བཞིན་སོང་ཏེ། འོན་ཀྱང་བླ་མ་དམ་པ་འཁོར་འདས་ཀྱི་དཔལ་འབྱོར་ལ་དབང་བསྒྱུར་བས། དངོས་པོའི་དགོས་པ་མེད་ཀྱང་རང་གི་བསམ་པ་དག་པས་བསྔོས་པ་ཡིན་ཞིང༌། བསྔོས་ལོག་མི་རུང་སྙམས་ནས་མདུན་ཕྱོགས་སུ་གཏོར་ནས་བཞག་གོ །དེ་ཡང་བླ་མ་དུས་གསུམ་གྱི་སངས་རྒྱས་འདི་ལྟ་བུ་དང་མཇལ་བ་ལ་སྐད་ཅིག་ཀྱང་མི་འབྲལ་བར་འདིའི་དྲུང་དུ་སྡོད་དགོས་བསམ་པ་ལ། ཏཻ་ལོ་པས། བསྡད་པས་དམུས་ལོང་གཟུགས་མི་མཐོང༌། །བསྡད་པས་ལྐུགས་པ་དོན་མི་ཁྲོལ། །བསྡད་པས་ཞ་བོ་རྗེས་མི་སླེབ། །བསྡད་པས་སྡོང་པོ་རྩ་མི་བརྟན། །བསྡད་པས་ཕྱག་རྒྱ་ཆེ་མི་རྟོགས། །ནཱ་རོ་སྤྱོད་པ་བྱ་བར་རིགས། །ཞེས་གསུངས་ནས་ཕྱག་གི་ཐོད་པ་བདུད་རྩིས་གང་བ་དེ་གནང་ནས། སྤྱོད་པ་གཤེགས་པར་ལུང་བསྟན་ཏོ། །དེ་ནས་ནཱ་རོ་པས་ཐོད་པ་དང་ཌཱ་རུ་གཅིག་བཟུང་ནས་སྤྱོད་པ་ལ་གཤེགས་ནས་རྒྱལ་པོ་སེང་གེ་ཟླ་བའི་རྒྱལ་ཁམས་སུ་བྱོན་ནས་རྫུ་འཕྲུལ་མ་ངེས་པ་སྣ་ཚོགས་བསྟན་ནས་རྒྱལ་པོ་འཁོར་བཅས་གྲོལ་བར་གྱུར་ཏེ་དེར་བཞུགས་པར་གསོལ་ཀྱང་མ་གནང་ནས་ཆུ་བོ་གངྒཱའི་འགྲམ་དུ་བྱེ་མ་ལ་རྩེད་མོ་མཛད་ཅིང་བཞུགས་པ་ལ། ཏཻ་ལོ་པ་མདུན་གྱི་ནམ་མཁར་བྱོན་པའི་ཚེ། ཕྱག་འཚལ་ཞིང་གདམས་ངག་ཞུ་བྱས་པས། ཕྱག་རྒྱ་ཆེན་པོ་བསྟན་དུ་མེད་ཀྱིས་ཀྱང༌། དཀའ་བ་སྤྱད་ཅིང་བླ་མ་ལ་གུས་པའི། སྡུག་བསྔལ་བཟོད་ལྡན་བློ་ལྡན་ནཱ་རོ་པ། སྐལ་ལྡན་ཁྱོད་ཀྱིས་སྙིང་ལ་འདི་ལྟར་བྱོས། ཞེས་སོགས་གདམས་པ་མང་དུ་གསུངས་ནས་མི་སྣང་བར་གྱུར་ཏོ། །དེ་ཡང་ནཱ་རོ་པས་སྐུ་ལ་རས་ཀྱི་ཨང་རག་གསོལ་ཞིང་ཐོད་པ་དང་ཌཱ་རུ་ཕྱག་ཏུ་བསྣམས་ནས། སྤྱོད་པ་སྣ་ཚོགས་མཛད་ཅིང་བྱ་སྒྲོ་རླུང་གིས་ཁྱེར་བ་ལྟར་ཕྱོགས་ཐམས་ཅད་དུ་གཤེགས་པ་ལ་དུས་རེ་ཞིག་གི་ཚེ། ཏཻ་ལོ་པ་མདུན་གྱི་ནམ་མཁར་བྱོན་ནས། བླ་མ་མཁའ་འགྲོའི་མ་གནང་ཞིང༌། །ཉམས་མྱོང་རྟོགས་པ་མ་རྒྱས་ཏེ། །ཤུགས་འབྱུང་ཞེན་པ་མ་ལོག་པར། །སྤྱོད་པ་མ་བྱེད་ནཱ་རོ་པ། ཞེས་སོགས་ཞལ་ཏ་མང་དུ་མཛད་དེ་མཐར་འགྲོ་དོན་བྱེད་པར་དབང་བསྐུར་ཞིང་བརྒྱུད་འཛིན་ལུང་བསྟན་པ་ནི། ཏཻ་ལོ་པས༌། པུ་ལ་ཧ་རིའི་དགོན་པ་རུ། །རང་གྲོལ་ཡེ་ཤེས་ཉི་མ་ཡིས། ཁ་བ་ཅན་གྱི་སྐལ་ལྡན་པ། །མ་ཏིའི་མ་རིག་མུན་པ་སོལ། །ཡེ་ཤེས་སྣང་བས་ཁྱབ་པར་གྱིས། །གང་ཡང་སྐྱེ་བ་མེད་པ་ཡི། །རང་རིག་རང་གསལ་ནམ་མཁའ་ལ། །དམ་ཆོས་སྤྲིན་གྱི་ཆར་རྒྱུན་གྱིས། །གདུལ་བྱའི་ལོ་ཏོག་སྨིན་པར་མཛོད། ཅེས་གསུངས་ཤིང༌། གཞན་ཡང་ཏཻ་ལོའི་སློབ་ཚོགས་རྣམས་ནས་ཀྱང་འགྲོ་དོན་གྱི་བསྐུལ་མ་རྒྱ་ཆེར་གནང་བས། ནཱ་རོ་པས་ཕྱག་འཚལ་ཞིང༌། བླ་མ་དམ་པའི་བཀའ་ལུང་དང༌། །རྡོ་རྗེ་སྤུན་གྱི་གསུང་བཞིན་དུ། །མདོ་རྒྱུད་སྙིང་པོ་དོན་གྱི་བཅུད། །ངེས་མེད་ཡུལ་དུ་བསྒྲགགས་པར་བྱ། ཞེས་གསོལ་ཏེ་པུ་ལ་ཧ་རིའི་དགོན་པར་བྱོན་ནོ། །དེ་ནས་བི་ཀ་མ་ལའི་ཤྲཱི་ལའི་གཙུག་ལག་སོགས་སུ་ཡང་མུ་སྟེགས་པའི་རྒོལ་བ་ཐམས་ཅད་ཚར་བཅད་ཅིང་གདུལ་བྱ་རྣམས་སྨིན་གྲོལ་གྱི་ལམ་ལ་བཀོད་པ་སོགས་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྒོ་ཐམས་ཅད་ནས་དར་ཞིང་རྒྱས་པར་མཛད་དོ། །དེ་ལྟ་བུའི་བླ་མ་དམ་པ་དཔལ་ལྡན་ནཱ་རོ་པ་ཆེན་པོ་དེ་ཉིད་ཀྱིས་ཕྲིན་ལས་རྣམ་པ་བཞིའི་སྒོ་ནས། རྒྱ་གར་ཕྱོགས་བཞིའི་གདུལ་བྱ་དཔག་ཏུ་མེད་པ་སྨིན་གྲོལ་གྱི་ལམ་ལ་བཀོད་དེ། གསང་སྔགས་སྙིང་པོའི་དོན་མཁའ་འགྲོ་མ་རྣམས་ཀྱི་ཕྱག་ན་ཡོད་པ་རྣམས་ཀྱང༌། སྐལ་ལྡན་མཐའ་དག་ལ་སྣང་བར་བྱས་ནས། སྐྱེས་མཆོག་མར་པ་ལ་སོགས་རྒྱུད་འཛིན་གྱི་སློབ་མ་དམ་པ་རྣམས་ཀྱང་གཞན་དོན་དུ་ལུང་བསྟན་ཅིང༌། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྒོ་ཐམས་ཅད་དུ་དར་ཞིང་རྒྱས་པར་མཛད་དེ། རྡོ་རྗེའི་སྐུ་བརྙེས་པ་དེ་ཉིད་སོ་སོའི་སྐྱེ་བོའི་ངོར་མཐར་འདིར་བྱོན་འདིར་འདས་འདིར་གནས་མེད་ཀྱང༌། ངེས་པ་དོན་དུ་མཁའ་འགྲོ་མ་རྣམས་ཀྱིས་འདོ་ལིའི་ཁར་ཨོ་རྒྱན་གྱི་ཡུལ་དུ་དངོས་སུ་གདན་དྲངས་ནས་འགྲོ་བའི་དོན་མཛད་ཅིང་ད་ལྟའི་བར་དུ་བཞུགས་ཞེས་གྲགས་སོ། འདི་ལ་ཁ་གཅིག་གོང་དུ་མུ་སྟེགས་གཅེར་བུ་པ་དང་བརྩད་པས་ཆོས་ལ་སྨོད་པའི་ལྟུང་བ་དྲུག་པ་ཕོག་ནས། བཀའ་བཅག་པས་སྐྱེ་བ་འདི་ལ་མཆོག་མ་ཐོབ་སྟེ། བར་དོར་མཆོག་གི་དངོས་གྲུབ་ཐོབ་པར་ལུང་བསྟན་ཟེར་བ་དང༌། ཡང་རིགས་བྲམ་ཟེ་ཡིན་ཟེར་བ་དང༌། ཕྱིས་སྐུ་འདས་ནས་གདུང་བཞུས་པའི་ཤུལ་དུ་ཡང་ ཟླ་བ་རེ་རེ་བཞིན་གཤེགས་པའི་དུས་ཚོད་དུ་ལྷའི་མཆོད་པ་འོང་སྟེ། རོལ་མོའི་སྒྲ་དང་མེ་ཏོག་གི་ཆར་བབས་པ་ཡང༌། དེང་སང་གི་བར་དུ་ཀུན་གྱིས་མཐོང་ཞིང་ཐོས་པ་ཡོད་ཟེར་བ་ལ་སོགས་ཀྱི་བཞེད་པ་འགའ་ཤས་ཡོད་ན་ཡང༌། བཀའ་བརྒྱུད་པ་ཕལ་ཆེར་རྣམས་ཀྱི་གོང་དུ་བཤད་པ་ལྟར་བཞེད་པ་ཡིན་ནོ། །དེ་ལྟར་སྤྲུལ་པ་དུ་མའི་སྒོ་ནས་སེམས་ཅན་གྱི་དོན་མཛད་པའི་གྲུབ་ཆེན་ནཱ་རོ་པ་ཆེན་པོ་དེ་ཉིད་བདེ་བར་གཤེགས་པས་ལུང་བསྟན་པ་ནི། བདེ་མཆོག་གི་རྒྱུད་རྡོ་རྗེ་ཕྲེང་བ་ཞེས་བྱ་བའི་དྲུག་ཅུ་རྩ་བཞི་པའི་ལེའུ་བཅུ་གསུམ་པའི་ནང་ནས༌། ནཱ་རོ་པ་ཞེས་གྲགས་པའི་རྣལ་འབྱོར་པ། །བཅོམ་ལྡན་ཤཱཀྱ་ཐུབ་པའི་བསྟན་པ་ལ། །མྱ་ངན་མི་འདའ་སྤྲུལ་སྐུའི་འགྲོ་དོན་མཛད། །འདི་ནི་རྒྱལ་བ་ཉིད་ཀྱི་རྣམ་པར་འཕྲུལ། ཞེས་ལུང་བསྟན་པ། དེ་ལྟ་བུའི་དཔལ་ལྡན་ནཱ་རོ་པ་ཆེན་པོ་དེ་ཉིད་ལ་རང་དང་མཚུངས་ཤིང་ཆེར་གྲགས་པའི་བུ་ཆེན་དམ་པ་བདུན་བྱུང་བ་ནི་མངའ་བདག་ཆེན་པོ་མཻ་ཏྲི་པ། དཔལ་ཞི་བ་བཟང་པོ། ཇོ་བོ་བླ་མ་འབིར་བ་པ། མཁས་པ་ཆེན་པོ་ཤནྟི་པ། བལ་པོ་སྤྱི་ཐེར་བ། དགེ་ཚུལ་ཤེས་རབ་སེང་གེ། ཁ་ཆེ་ཨ་དཀར་སིདྡྷི་སྟེ་བདུན་དང༌། པྲཛྙ་རཀྵི་ཏ་ལ་སོགས་ཕྱོགས་བཞིའི་རཀྵི་ཏ་ཆེན་པོ་བཞི་དང༌། མཁས་པ་ཆེན་པོ་སྨྲི་ཏི༌། ཞི་བའི་གོ་ཆ་ཛྙཱ་ན་ཀ་ར༌། སུ་མ་ཏི་ཀིརྟི་ལ་སོགས་པ་པཎྜི་ཏའི་སློབ་མ་དུ་མ་དང༌། ཀ་ན་རི་པ་དང༌། ཁ་ཆེ་བྱང་ཆུབ་བཟང་པོ། ཕམ་མཐིང་བ་བྱང་ཆུབ་སྐུ་མཆེད་ལ་སོགས་གྲུབ་ཐོབ་བརྒྱ་རྩ་བརྒྱད། པེན་ཏ་བ་ལ་སོགས་བརྟུལ་ཞུགས་གྲུབ་པའི་རྣལ་འབྱོར་པ་ལྔ་བཅུ་རྩ་བཞི། མཚན་ལྡན་གྱི་རྣལ་འབྱོར་མ་སྟོང་དང་ཆིག་བརྒྱ་ལ་སོགས་པ་སྨིན་པར་མཛད་ཅིང༌། སྙན་བརྒྱུད་ཕལ་ཆེར་གནང་བ་ཡང༌། ཕམ་མཐིང་བ། འཇིགས་མེད་གྲགས་པ། ཛྙཱ་ན་ཀ་ཤྲཱི་ཀ་ན་ཀ །ཀ་ར་ཤྲཱི། ཀ་ཤུ་ཀ །དྷརྨཱ་ཀ་ཤྲཱི་སྟེ། ཤྲཱི་རྣམ་པ་བཞི་མ་ན་བྲི་དང་ཏི་ཡུ་པ་རྣམས་སོ། །ཁྱད་པར་དུ་འཕགས་ཤིང་བརྒྱུད་འཛིན་དམ་པར་ལུང་བསྟན་པ་ནི། སྐྱེས་མཆོག་མར་པ་ཆོས་ཀྱི་བློ་གྲོས་ལགས་སོ།། །།