(1) སྟོན་པ་མཆོག་གི་རྟོགས་བརྗོད་ལ། ༢

2012-04-11

༧ རྡོ་རྗེའི་ཕོ་ཉ་མོ་ལ་སོགས་པ་དཔའ་མོ་ཉི་ཤུ་རྩ་བཞིར་སྤྲུལ་ཏེ་ཕུལ། སྣང་བ་མཐའ་ཡས་ཀྱིས་ལྷ་མོ་བཅུ་གཉིས་སྤྲུལ་ཏེ་ཕུལ། དོན་ཡོད་གྲུབ་པས་གོ་ཆའི་ལྷ་བཅུ་གཉིས་སྤྲུལ་ཏེ་ཕུལ། རྣམ་སྣང་གིས་ཕུང་ཁམས་སྐྱེ་མཆེད་བྱིན་གྱིས་རློབས་པའི་ལྷ་རྣམས་ཕུལ། སྤྲུལ་པའི་འཁོར་རྣམས་ལ་ཡང་སྤྲུལ་དང་ཉིང་སྤྲུལ་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ་དེ་རྣམས་ནི་ཉན་པའི་འཁོར་རོ། །དེ་དག་གི་འདུལ་བའི་ལྷ་དབང་ཕྱུག་ཆེན་པོ་ལ་སྐུ་བཞི་ཡོད་པའི་མངོན་སྤྱོད་ཀྱི་དྲག་པོ་འཇིགས་བྱེད་ནག་པོའི་ཆུང་མ་དུས་མཚན་མ་དང་སྙོམས་པར་འཇུག་པ། འཛམ་བུ་གླིང་གི་དབུས་མ་གྷ་ཏ་ན་གནས་པའོ། །དེའི་ཚེ་ནམ་མཁའ་ནས་ལྷ་བཞི་དང༌། དྲི་ཟ་བཞི་དང༌། ས་སྟེང་ནས་གནོད་སྦྱིན་བཞི་དང་སྲིན་པོ་བཞི། ས་འོག་ནས་ཀླུ་བཞི་དང་ལྷ་མ་ཡིན་བཞི་རིམ་པ་ལྟར་བྱུང་ནས། པུ་ལི་ར་མ་ལ་སོགས་པའི་ཡུལ་ཉི་ཤུ་རྩ་བཞི་བཟུང༌། མིའམ་ཅི་བཞི་དང༌། ཕྲ་མན་མ་བཞིའམ། མ་མོ་བཞི་སྟེ་བརྒྱད་ཀྱིས་གཏུམ་དྲག་ལ་སོགས་པའི་དུར་ཁྲོད་ཆེན་པོ་བརྒྱད་བཟུང་ངོ༌། །ཐམས་ཅད་ཀྱང་སྲིད་པ་གསུམ་ལ་དབང་དུ་བྱ་བའི་བདག་པོ་འདོད་པའི་ལྷ་དབང་ཕྱུག་ཆེན་པོ་སྤྱན་དྲངས་ཏེ་མཆོད་པ་བྱེད་པ་ལ། དབང་ཕྱུག་ཆེན་པོ་ཨུ་མ་དང་འཁྱུད་ཅིང་རོལ་པས་འགྲོར་མི་ཁོམས་ཏེ། དེའི་སྤྲུལ་པ་རྡོའི་ལིང་ག་མགོ་ལྟ་ལ་སོགས་པ་ཉི་ཤུ་རྩ་བཞིར་སྤྲུལནས། ཡུལ་རེ་རེར་རྟེན་རེ་རེ་བཞག་གོ །དེ་རྣམས་ཀྱང་རྟེན་ལ་དམིགས་ནས་མཆོད་ཅིང་ཚོགས་འཁོར་བྱེད་དོ། །ལྷ་དེ་རྣམས་ཀྱང་འདོད་ཆགས་ཤས་ཆེ་བས་སྤྱོད་ལམ་དུས་བཞིར་ཆུང་མ་དང་འཁྱུད། ཞེ་སྡང་ཤས་ཆེ་བས་མི་མང་པོ་བསད་ནས་མི་ཤ་དང་མི་ཁྲག་ལ་རོལ། གཏི་མུག་ཤས་ཆེ་བས་ལས་རྒྱུ་འབྲས་དང་དེ་ཁོ་ནའི་དོན་ལ་རྨོངས། དེ་རེ་རེ་འང་འཁོར་གདུག་པ་ཅན་མང་པོས་ནི་བསྐོར། འདོད་ཡོན་ལྔ་ནི་རང་གར་སྤྱོད། འཛམ་བུ་གླིང་ཐམས་ཅད་དབང་དུ་བསྡུས་ནས་དྲེགས་པའི་རློམ་ཚིག་སྨྲ་ཞིང༌། ལམ་ལོག་པ་ལ་རང་ཡང་ཞུགས་ནས་གཞན་ཡང་འགོད་པར་བྱེད་དོ། །དེའི་ཚེ་སྤྲུལ་སྐུའི་འབྲས་བུའི་ཧེ་རུ་ཀ་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་ཞལ་བཞི་ཕྱག་བཅུ་གཉིས་པ་འཁོར་དང་བཅས་པ་རི་རབ་ཀྱི་རྩེ་མོ་ནས་འཛམ་བུའི་གླིང་ཡུལ་མ་གྷ་ཏར་བྱོན། དྲག་པོ་འཇིགས་བྱེད་འཁོར་དང་བཅས་པ་རྣམས་དབང་དུ་བྱེད་པ་དང༌། ལོངས་སྤྱོད་པ་དང༌། ཐིམ་པའི་ཚུལ་གསུམ་གྱིས་བཏུལ་ཏེ། ཁོའི་ལུས་ངག་ཡིད་གསུམ་དབང་དུ་བསྡུས་ནས། འཇིགས་བྱེད་དུས་མཚན་ཞབས་འོག་ཏུ་མནན། འཇིག་རྟེན་པའི་པྲ་ཀ་ར་སོགས་འདས་པའི་ཨོཾ་ཧཱུྃ་ཧཱུྃ་ཕཊ་ཀྱིས་བར་དུ་བཅུག་ནས་སྔགས་སུ་བྱིན་གྱིས་བརླབས། སེམས་བརྒྱལ་བར་བྱས་ཤིང་གཟུང་འཛིན་གྱི་རྟོག་པ་རྒྱུན་བཅད་དེ། ཡེ་ཤེས་ཆེན་པོས་བྱིན་གྱིས་བརླབས་ནས་ཟག་པ་མེད་པའི་བདེ་བ་ལ་བཀོད་པས་འཇིགས་བྱེད་ས་འོག་ཏུ་མངོན་པར་རྫོགས་པར་སངས་རྒྱས། འཁོར་རྣམས་དལ་གྱིས་འཁོར་ལོར་བཀོད་ནས། མཛད་པ་མ་བསྡུས་པར་འཛམ་བུའི་གླིང་དུ་དངོས་སུ་བཞུགས་པ་ཡིན་ཏེ། རྡོ་རྗེ་གདན་དུ་འཁོར་ལོ་ཆེན་པོ་བསྐོར་བ་དང༌། ཡུལ་ཉི་ཤུ་རྩ་བཞི་ན་ཐུགས་གསུང་སྐུའི་འཁོར་ལོ་གསུམ་དང༌། ཡུལ་མཐའི་དུར་ཁྲོད་བརྒྱད་དུ་དམ་ཚིག་གི་འཁོར་ལོའོ། །དེ་ལྟར་སངས་རྒྱས་པའི་གནས་འོག་མིན་ལ་སྤྲུལ་ཞིང་རྒྱུད་བཤད་པའི་གནས་རི་རབ་ཀྱི་རྩེ། གདུལ་བྱ་བཏུལ་བའི་གནས་འཛམ་བུའི་གླིང་དུ་གདུལ་བྱའི་འཁོར་དྲག་པོ་འཇིགས་བྱེད་འཁོར་བཅས་དལ་ལ་བཀོད་པའི་འཁོར་ལོ་ལྔའི་ལྷ་ཚོགས། ཉན་པའི་འཁོར་སངས་རྒྱས་བྱང་སེམས་རི་རབ་ཀྱི་རྡུལ་དང་མཉམ་པ་དང༌། སྐལ་པ་དང་ལྡན་པའི་ལྷ་མི་སོགས། ཞུ་བ་པོའི་འཁོར་ཕག་མོའམ་ཕྱག་རྡོར། སྡུད་པ་པོའི་འཁོར་ཡང་དེ་ཉིད་ཡིན་ལ། ཆོས་བདག་པོས་རྩ་རྒྱུད་བཤད་རྒྱུད་ལ་སོགས་རྣམས་གསུངས་ཏེ། དེ་ཡང་ཆོས་གཞན་རྣམས་བསྐལ་པ་འཇིགས་ཆགས་དབང་གིས་ནུབ་ཀྱང༌། བདེ་མཆོག་ཡུལ་ཉི་ཤུ་རྩ་བཞི་ན་གནས་པའི་དཔའ་བོ་དང༌། དཔའ་མོས་ཉམས་སུ་བླངས་ཏེ་གནས་པའི་ཕྱིར་ཉམས་མི་ནུས་པས། ཐུབ་པ་ཟས་གཙང་གི་སྲས་སུ་གྱུར་པས་བསྐྱར་ནས་གསུང་པ་མེད་ལ། ཕྱིན་ཆད་ཀྱང་མི་ནུབ་པར་གསུངས་ཤིང༌། ཁྱད་པར་དུ་ཡང་ནུབ་ཕྱོགས་ཨོ་རྒྱན་ཡུལ་དུ། ཕོ་ཐམས་ཅད་དཔའ་བོ་དང་མོ་ཐམས་ཅད་དཔའ་མོར་གནས་པའི་ས་ཕྱོགས་དེར་ཧེ་རུ་ཀ་རང་བྱུང་གི་ཕོ་བྲང་དྷཱརྨ་གྷ་ཛ་ཆོས་ཀྱི་དཀོར་མཛོད་བྱ་བ། འོབས་དང་ལྕགས་རི་ལ་སོགས་བསམ་གྱིས་མི་ཁྱབ་པས་བསྐོར་ཞིང༌། གང་ཟག་ཕལ་གྱིས་བགྲོད་པར་དཀའ་བའི་གནས་དེ་ཉིད་དུ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡུམ་རྡོ་རྗེ་རྣལ་འབྱོར་མ་འཁོར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཁའ་འགྲོ་མ་དཔག་ཏུ་མེད་པས་བསྐོར་ནས། སྤྱིར་གསང་སྔགས་ཀྱི་རྒྱུད་སྡེ་མང་པོ་དང་ཁྱད་པར་བདེ་མཆོག་གི་རྒྱུད་རྣམས་ཀྱི་བདག་པོ་མཛད་ཅིང་བཞུགས་ལ། རྒྱ་གར་དུ་ཡང་རྒྱུད་ཕལ་ཆེར་དེ་ནས་བྱུང་ཞིང་གདུལ་བྱ་སྨིན་གྲོལ་གྱི་ལམ་ལ་བཀོད་དོ། གཞན་ཡང་རིན་པོ་ཆེ་ལྟ་བུའི་གང་ཟག་ལ་གསང་བ་འདུས་པ་དང༌། དབང་པོ་རྣོན་པོ་དག་ལ་ཀྱཻའི་རྡོ་རྗེ། མཧཱ་མ་ཡ། རྡོ་རྗེ་གདན་བཞི། དུས་ཀྱི་འཁོར་ལོ་ལ་སོགས་པ་དུ་མ་དང༌། གཏི་མུག་ཤས་ཆེ་བ་རྣམས་འདུལ་བའི་དོན་དུ་རྣམ་པར་སྣང་མཛད། ཞེ་སྡང་ལ་མི་བསྐྱོད་པ། ང་རྒྱལ་ལ་རིན་ཆེན་འབྱུང་ལྡན། འདོད་ཆགས་ལ་འོད་དཔག་མེད། ཕྲག་དོག་ལ་དོན་ཡོད་གྲུབ་པ། འགྲོ་བ་ནད་ཀྱིས་ཉེན་པ་ལ་སྨན་གྱི་རྒྱལ་པོ། ངན་འགྲོ་ནས་མྱུར་དུ་འདོན་པ་ལ་ཀུན་རིག །ཞི་བས་མི་ཐུལ་བ་ལ་ཁྲོ་བོ་བཅུ། བསྟན་པ་སྲུང་བ་ལ་ཡེ་ཤེས་པའི་ཆོས་སྐྱོང་བའི་སྲུང་མ་དང༌། དབུལ་བ་སེལ་བ་ལ་ནོར་ལྷ་སོགས་གང་ལ་གང་འདུལ་དུ་མ་ཞིག་ཏུ་སྤྲུལ་ནས་དོན་མཛད་དོ། །ཁྱད་པར་དུ་ཡང་སྟོང་གསུམ་མི་མཇེད་འཇིག་རྟེན་གྱི་ཁམས་འདིར་དུས་གསུམ་སངས་རྒྱས་ཀྱིས་ཀྱང་འདུལ་བར་དཀའ་བའི་སྙིགས་མ་ལྔ་བདོ་བའི་སེམས་ཅན་དམུ་རྒོད་དཔག་ཏུ་མེད་པའི་དོན་དུ་གླིང་བཞི་བྱེ་བ་ཕྲག་བརྒྱར་མཆོག་གི་སྤྲུལ་པའི་སྐུ་ཤཱཀྱའི་རྒྱལ་པོ་བྱེ་བ་ཕྲག་བརྒྱར་སྤྲུལ་ནས། མཛད་པ་བཅུ་གཉིས་ཀྱི་སྒོ་ནས་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ་བསྟན་ཏེ། བཀའ་འཁོར་ལོ་རིམ་པ་གསུམ་བསྐོར་ཞིང་གདུལ་བྱ་མཆོག་དམན་དཔག་ཏུ་མེད་པའི་དོན་རྒྱ་ཆེན་པོ་མཛད་པ་ཡིན་ནོ། །གཞན་ཡང་བཟོའི་སྤྲུལ་པ་ཀརྨ་བི་ཤྭ་ལ་སོགས་དང༌། སྐྱེ་བའི་སྤྲུལ་པ་སྟག་དང་སེང་གེ་དང༌། སྤྲེའུ་དང༌། སྲོག་ཆགས་དེས་པ་དང་རུ་རུ་ལ་སོགས་པ་དུ་མ་ཞིག་དང༌། གཟིངས་དང༌། ཟམ་པ་དང༌། འབྱུང་བ་བཞི་ལ་སོགས་པ་མདོར་ན་གང་ལ་གང་འདུལ་གྱི་ཚུལ་གྱིས། མཆོག་དམན་གྱི་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་ཞིག་བསྟན་ནས་མཐའ་ཡས་པའི་སྐྱེ་རྒུ་རྣམས་ཕན་བདེ་ལ་འགོད་པར་མཛད་དོ། །དེ་ཡང་ཆོས་ཀྱི་སྐུ་དང༌། ལོངས་སྤྱོད་རྫོགསཔའི་སྐུ་དང༌། སྤྲུལ་པའི་སྐུ་དང༌། སྐུ་གསུམ་དབྱེར་མེད་པ་ངོ་བོ་ཉིད་བདེ་བ་ཆེན་པོའི་སྐུ་སྟེ། དེ་ལྟར་སྐུ་བཞིའི་དབང་ཕྱུག་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་དྲུག་པ་རྡོ་རྗེ་འཆང་ཆེན་པོ་འདི་ཉིད་འོག་མིན་སྟུག་པོ་བཀོད་པའི་ཞིང་དུ་སངས་རྒྱས་ནས་འདོད་ཁམས་སུ་སེམས་ཅན་གྱི་དོན་ལ་མཛད་པ་བཅུ་གཉིས་སྟོན་པར་ཐེག་པ་ཆེན་པོའི་ལུགས་ལས་གསུངས་ཏེ། དེ་ཡང་བྲམ་ཟེའི་ཁྱེའུ་བླ་མ་དགའ་ལྡན་དུ་དམ་པ་ཏོག་དཀར་ལ་སྐྱེས་ནས་ཟས་གཙང་གི་སྲས་སུ་ཐུབ་པ་འཁྲུངས་ཏེ། མྱ་ངན་ལས་འདས་པ་ཆེན་པོའི་བར་ཐམས་ཅད་ལོངས་སྐུའི་སྤྲུལ་པ་ཙམ་ཅིག་ཡིན་པས་སྤྲུལ་སྐུ་ཟེར་བ་ཡིན་ཏེ། ངག་གི་དབང་ཕྱུག་གྲགས་པའི་ཞལ་ནས་ཀྱང༌། དཔལ་ལྡན་སྟུག་པོ་བཀོད་པ་ཉིད་དུ་དོན་དམ་ཐུགས་ཆུད་ཅིང༌། དགའ་ལྡན་སྐྱེ་བོའི་དོན་མཛད་ཕྱིར་ན་དམ་པ་ཏོག་དཀར་གྱུར། དེ་ནས་འདིར་ནི་འགྲོ་བའི་དོན་དུ་ཤཱཀྱའི་ཏོག་གྱུར་གང༌། འཆི་བདག་ལས་རྒྱལ་སྒྱུ་མ་ཀུན་སྟོན་དེ་ནི་རྒྱལ་གྱུར་ཅིག །ཅེས་གསུངས་སོ། ཡང་ཆོས་ཀྱི་གཤེས་གཉེན་ལ་སོགས་ཀྱིས་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཞིང་ཁམས་ལོངས་སྤྱོད་རྫོགས་སྐུའི་ཞིང་དུ་བཞེད་དེ། དེ་ཡང་གླིང་བཞིའི་བྱེ་བ་ཕྲག་བརྒྱ་ལ་སྟོང་གསུམ། དེ་བྱེ་བ་ཕྲག་བརྒྱ་ལ་རབ་འབྱམས་ཀྱི་འཚམས་སྦྱོར་གཅིག །དེ་བྱེ་བ་ཕྲག་བརྒྱ་ལ་རབ་འབྱམས་ཀྱི་རྒྱུད་གཅིག །དེ་བྱེ་བ་ཕྲག་བརྒྱ་ལ་རབ་འབྱམས་ཀྱི་རྒྱུད་བར་མ་གཅིག །དེ་བྱེ་བ་ཕྲག་བརྒྱ་ལ་མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པ་སྟེ། རྣམ་སྣང་གི་ཞིང་གཅིག་གོ །དེ་ཡང་རྣམ་སྣང་གངས་ཅན་མཚོའི་ཕྱག་གི་མཐིལ་གྱི་རྡུལ་ཕྲན་གཅིག་ལ་གནས་ཤིང༌། དེ་ལོངས་སྐུར་འདོད་པ་ལ་སོགས་བཞེད་པ་མང་དུ་ཡོད་དོ། དེ་ཡང་སྐུ་གསུམ་གྱི་ཡོན་ཏན་ལས། ཆོས་སྐུའི་ཡོན་ཏན་བྲལ་འབྲས་སུམ་ཅུ་རྩ་གཉིས་ནི། སྟོབས་བཅུ་ མི་འཇིགས་པ་བཞི། མ་འདྲེས་པའི་ཆོས་བཅོ་བརྒྱད་དང་སོ་གཉིས་ཏེ། ཡོན་ཏན་གྱི་སྡེ་ཚན་ཉི་ཤུ་རྩ་གཅིག་གསུངས་པ་ཡང་འདི་ཡི་ནང་དུ་འདུས་པ་ཡིན། གཟུགས་སྐུའི་ཡོན་ཏན་སྨིན་འབྲས་སུམ་ཅུ་སོ་གཉིས་ནི། མཚན་བཟང་པོ་སུམ་ཅུ་སོ་གཉིས་དང༌། མཚན་གྱི་ཡན་ལག་ཏུ་གྱུར་པའི་དཔེ་བྱད་བཟང་པོ་བརྒྱད་ཅུ་རྣམས་སོ། །སྤྱི་དོན་གཉིས་པ་བརྟེན་པ་ཡེ་ཤེས་ནི། མཉམ་བཞག་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང༌། རྗེས་ཐོབ་ཇི་སྙེད་མཁྱེན་པའི་ཡེ་ཤེས་གཉིས་སོ། དེ་ཡང་དབྱེ་ན་ལྔ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། མེ་ལོང་ལྟ་བུའི་ཡེ་ཤེས། མཉམ་པ་ཉིད་ཀྱི་ཡེ་ཤེས། སོ་སོར་རྟོགས་པའི་ཡེ་ཤེས། བྱ་བ་གྲུབ་པའི་ཡེ་ཤེས་སོ། །དེ་ལ་གནས་འགྱུར་གྱི་རྒྱུ་དང༌། ཐོབ་པའི་རྒྱུ་རྣམས་གཉིས་ཏེ། དེ་ཡང་དང་པོ་ནི། རྣམ་པར་ཤེས་པ་ཚོགས་བརྒྱད་གནས་འགྱུར་བ་ཡིན་ཏེ། ཀུན་གཞིའི་རྣམ་པར་ཤེས་པ་གནས་འགྱུར་བ་མེ་ལོང་ལྟ་བུའི་ཡེ་ཤེས། ཉོན་མོངས་པ་ཅན་ཡིད་གནས་འགྱུར་བ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས། ཡིད་ཀྱི་རྣམ་པར་ཤེས་པ་གནས་འགྱུར་བ་ནི་སོ་སོར་རྟོགས་པའི་ཡེ་ཤེས། སྒོ་ལྔའི་རྣམ་པར་ཤེས་པ་གནས་འགྱུར་བ་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །དེ་ཡང་ཀུན་གཞིའི་རྣམ་ཤེས་ཀྱིས་གཞན་རྣམས་ཀྱི་རྟེན་བྱེད་པ་ལྟར། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་གཞན་རྣམས་ཀྱི་རྟེན་བྱེད་དོ། །རྒྱན་ལས༌། མེ་ལོང་ཡེ་ཤེས་མི་གཡོ་སྟེ། ཡེ་ཤེས་གསུམ་ནི་དེ་ལ་བརྟེན། མཉམ་པ་ཉིད་ནི་སོ་སོར་རྟོགས། །བྱ་བ་གྲུབ་པ་ཁོ་ནའོ། །ཞེས་གསུངས་སོ། ཡང་ཉོན་མོངས་པ་ཅན་གྱི་ཡིད་ནི་ཆོས་སྤྱི་དང་རང་གི་བྱེ་བྲག་མི་འབྱེད་པ་དང༌། ཡིད་ཀྱི་རྣམ་པར་ཤེས་པ་ནི། དུས་གསུམ་གྱི་ཡུལ་ལ་ཆགས་ཐོགས་མེད་པ་དང༌། སྒོ་ལྔའི་རྣམ་པར་ཤེས་པ་ནི་ཡུལ་ལ་འབད་པ་མེད་པར་འཇུག་པ་བཞིན་དུ་མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་གཉིས་སུ་འཛིན་པ་ལས་གྲོལ་བ་དང༌། སོ་སོར་རྟོགས་པའི་ཡེ་ཤེས་ནི་ཤེས་བྱ་ལ་ཆགས་ཐོགས་མེད་པར་འགྲོ་བ་དང༌། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་གདུལ་བྱའི་དོན་ལ་འབད་རྩོལ་མེད་པར་འཇུག་པའོ། །ཐོབ་པའི་རྒྱུ་ནི། རྒྱན་ལས། འཛིན་པའི་ཕྱིར་དང་སེམས་མཉམ་ཕྱིར། ཡང་དག་ཆོས་རབ་སྟོན་ཕྱིར་དང༌། བྱ་བ་གྲུབ་པ་ཉིད་ཀྱི་ཕྱིར། ཡེ་ཤེས་བཞི་པོ་ཡང་དག་འབྱུང༌། གསུངས་ཏེ་སྡེ་སྣོད་གསུམ་གྱི་ཆོས་ཐོས་ཤིང་འཛིན་པའི་ཤེས་རབ་ནི་མེ་ལོང་ལྟ་བུའི་རྒྱུཡིན་ལ། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པར་བསྒོམ་པ་ནི། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྒྱུ་ཡིན་ལ། གཞན་ལ་ཆོས་བསྟན་པ་ནི། སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་རྒྱུ་ཡིན། །གཞན་ལ་བྱ་བ་སྒྲུབ་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རྒྱུ་ཡིན་ནོ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་སྟེ་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་ཁྱབ་པས་ངོ་བོ་ཉིད་ཀྱི་སྐུ་དང་མཚུངས་སོ། །དེ་ཡང་སྐུ་དང་ཡེ་ཤེས་གཉིས་འབྲེལ་ཚུལ་ནི། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང༌། མེ་ལོང་ལྟ་བུའི་ཡེ་ཤེས་གཉིས་ཆོས་སྐུ་ཡིན་ཞིང༌། མཉམ་ཉིད་དང་སོ་སོར་རྟོགས་པ་ཉིད་ལོངས་སྐུ། བྱ་བ་གྲུབ་པ་སྤྲུལ་སྐུ་ཡིན་ནོ། །ཡང་ཡེ་ཤེས་ཐམས་ཅད་ཚོགས་པ་ཆོས་སྐུ། མེ་ལོང་ལྟ་བུའི་ལོངས་སྐུ། མཉམ་པ་ཉིད་དང་ཆོས་དབྱིངས་གཉིས་ལོངས་སྐུའི་ཐུགས། སོ་སོར་རྟོགས་པ་ལོངས་སྐུའི་གསུངས། བྱ་བ་གྲུབ་པ་ལོངས་སྐུའི་མཛད་པ་སྟེ་སྤྲུལ་སྐུ་ཡིན་ནོ་ཞེས་དང༌། ཡང་ཆོས་དབྱིངས་ཆོས་སྐུ་མེ་ལོང་མཉམ་པ་ཉིད། སོ་སོར་རྟོགས་པ་ལོངས་སྐུ། བྱ་བ་གྲུབ་པ་སྤྲུལ་སྐུར་བཞེད་པ་ཡིན་ནོ། །དེ་རྣམས་གང་ཡང་དོན་ལ་འགལ་བ་མེད་པས། སངས་རྒྱས་རྣམས་ནི་ཡེ་ཤེས་ཀྱི་སྐུ་ཡིན་པའི་ཕྱིར་རོ། །སྤྱི་དོན་གསུམ་པ་མཛད་པའི་ཕྲིན་ལས་ནི། སྔོན་གྱི་སྨོན་ལམ་དང་སྙིང་རྗེའི་དབང་གིས་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པ་ལས་རྟེན་འབྲེལ་དང༌། རྟོག་པ་མི་མངའ་བར་འབད་མེད་དུ་འབྱུང་བ་ནི། རྩོལ་རྟོག་མི་མངའ་བར་ལྷུན་གྱིས་གྲུབ་པ། འཁོར་བ་མ་སྟོང་གི་བར་དུ་འབྱུང་བས་རྒྱུན་མི་འཆད་པ། རྒྱ་ཆེ་བས་ནམ་མཁའ་དང་མཉམ་པར་འབྱུང་བ་གང་ལ་གང་འདུལ་གྱི་ཚུལ་དུ་བྱུང་བས་སྣ་ཚོགས་སུ་སྣང་སྟེ། ཕྲིན་ལས་ཀྱི་ཆོས་བཞི་ཚང་བའོ། །གདུལ་བྱ་གང་འདུལ་གྱི་དོན་དཔག་ཏུ་མེད་པ་འབྱུང་བ་ནི། དཔེར་ན་ཡིད་བཞིན་གྱི་ནོར་བུའམ། དཔག་བསམ་གྱི་ཤིང་ངམ། བུམ་པ་བཟང་པོའམ། ནམ་མཁའ་ལྡིང་གི་མཆོད་སྡོང་ལྟ་བུས་དུས་ཅི་སྲིད་འཁོར་བ་གནས་ཀྱི་བར་དུ་སེམས་ཅན་གྱི་དོན་འབྱུང་བ་ཡིན་ཏེ། ས་ར་ཧས། གོམས་པའི་མཐུ་ཡིས་དོགས་པ་ཐམས་ཅད་ཟིལ་གྱིས་མནན། འབྲས་བུ་གཉིས་ནི་རང་དང་གཞན་དོན་ཕུན་ཚོགས་ཡིན། རྒྱུ་དང་འབྲས་བུ་གཉིས་ནི་ངོ་བོ་དེ་དབྱེར་མེད། སྨོན་ལམ་སྙིང་རྗེའི་སྟོབས་ཀྱིས་གཟུགས་སྐུ་རྣམ་གཉིས་འབྱུང༌། བུམ་པ་བཟང་དང་དཔག་བསམ་རིན་ཆེན་ནོར་བུ་ལྟར། གང་གི་བཟུང་བ་མེད་པའི་སྐུ་ནི་རབ་ཏུ་མཛེས། གདུལ་བྱ་རྣམས་ལ་སྣ་ཚོགས་པ་ཡི་གཟུགས་ཤར་བ། དེ་དག་ཐམས་ཅད་བསམ་མི་ཁྱབ་ཀྱི་སྤྲུལ་པ་སྟེ། ཞེས་དང༌། སྤྱོད་འཇུག་ལས། ཡིད་བཞིན་ནོར་བུ་དཔག་བསམ་ཤིང༌། །ཇི་ལྟར་རེ་བ་ཡོངས་སྐོང་བ། །དེ་བཞིན་གདུལ་བྱར་སྨོན་ལམ་གྱིས། །དབང་གིས་རྒྱལ་པོའི་སྐུར་སྣང་ངོ། །དཔེར་ན་ནམ་མཁའ་ལྡིང་གིས་ནི། །མཆོད་སྡོང་སྒྲུབ་ནས་འདས་གྱུར་ན། །དེ་འདས་ཡུན་རིང་ལོན་ཡང་དེར། །དུག་ལ་སོགས་པ་ཞི་བྱེད་བཞིན། །བྱང་ཆུབ་སྤྱོད་དང་རྗེས་མཐུན་པའི། །རྒྱལ་བའི་མཆོད་སྡོང་སྒྲུབ་པ་ཡང༌། །བྱང་ཆུབ་སེམས་དཔའ་མྱ་ངན་འདས། །འདས་ཀྱང་དོན་རྣམས་ཐམས་ཅད་མཛད། ཅེས་གསུངས་པ་དང༌། རྗེ་བཙུན་གྱི་རྒྱལ་པོ་མི་ལ་རས་པས། །དེ་ལ་སྙིང་རྗེས་ཤུགས་འབྱུང་སྟེ། །སྟོབས་དང་མི་འཇིགས་གཟུགས་ལ་སོགས། །སངས་རྒྱས་ཡོན་ཏན་གང་ཡིན་པ། ནོར་བུ་རིན་ཆེན་ཚུལ་གྱིས་འབྱུང༌། ཞེས་གསུངས་པས། འབད་རྩོལ་དང་རྟོག་པ་མི་མངའ་བཞིན་དུ། སེམས་ཅན་གྱི་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བ་ཡིན་ཏེ། དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་དགོས་འདོད་སྟེར་བསམ་པའི་རྟོག་པ་མི་མངའ་ཡང་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཅིང་གསོལ་བ་བཏབ་པས། དགོས་འདོད་ཐམས་ཅད་ཆར་བཞིན་འབབས་པ་དང་འདྲ་བར་བཞེད་པ་ཡིན་ནོ། །དེ་དག་གི་སྟོན་པ་རྡོ་རྗེ་འཆང་ཆེན་པོའི་རྟོགས་པ་བརྗོད་པ་བསྟན་ཟིན་ཏོ།། །།