(1) སྟོན་པ་མཆོག་གི་རྟོགས་བརྗོད་ལ། ༡

2012-04-11

༄༅། །དཔལ་ལྡན་འབའ་རོམ་བཀའ་བརྒྱུད་ཀྱི་རྣམ་ཐར་ཆོས་འབྱུང་མདོར་བསྡུས་གསལ་བྱེད་སྒྲོན་མེ་ཞེས་བྱ་བ་བཞུགས་སོ།།

 

༄༅། །ན་མོ་གུ་ར་ཝེ། །དག་པ་གཉིས་ལྡན་ཆོས་སྐུའི་ཀློང་ཡངས་པར། །ངེས་པ་ལྔ་ལྡན་ལོངས་སྐུའི་དཀྱིལ་འཁོར་རྒྱས། །རྣམ་གསུམ་སྤྲུལ་སྐུའི་འདུལ་བཞིའི་འོད་འབུམ་འཕྲོ། །སྐུ་གསུམ་དབྱེར་མེད་དཔལ་ལྡན་བླ་མར་འདུད། །བཀའ་བརྒྱུད་མཁྱེན་གཉིས་རི་དབང་ལྷུན་མཐོ་ཞིང༌། །སྒྲུབ་བརྒྱུད་ལུང་རིགས་བ་དན་ཕྱོགས་བཅུར་གཡོ། །དོན་བརྒྱུད་གྲུབ་བརྙེས་བང་རིམ་རབ་མཛེས་པའི། །འབའ་རོམ་གསེར་རིའི་ཕྲེང་བར་གུས་ཕྱག་བཏུད། །གང་གི་ཡོན་ཏན་ཕ་མཐའ་མི་མངོན་ཞིང༌། །རྣམ་ཐར་རྒྱ་མཚོས་ཞིང་ཀུན་ཡོངས་ཁྱབ་པར། །བློ་གྲོས་ཆོས་སྤྱན་ཡངས་པས་མ་འཚལ་ན། །རྨོངས་པ་བདག་ལྟས་མཚོན་པར་ག་ལ་ནུས། །འོན་ཀྱང་གོང་མའི་གསུང་སྒྲོས་ལ་བརྟེན་ཏེ། །རྒྱ་མཚོ་ལས་ནི་ཆུ་ཐིགས་ཇི་བཞིན་དུ། །རང་བློར་དཔག་པའི་ལོ་རྒྱུས་མདོ་ཙམ་ཞིག །བརྗོད་པར་སྤྲོ་ལ་གནང་བའི་སྐབས་དབྱེ་གསོལ། །དེ་ལ་འདིར་དད་པ་ཅན་ལོ་རྒྱུས་ཀྱི་རྗེས་སུ་འབྲང་བ་དང༌། །བརྩོན་འགྲུས་ཅན་ཆོས་ཀྱི་རྗེས་སུ་འབྲང་བ་གཉིས་ལས། །སྐབས་འདིར་ནི་ཁུངས་བཙུན་ཞིང་ཡིད་ཆེས་པའི་ཕྱིར་དུ་བླ་མ་བརྒྱུད་པའི་ལོ་རྒྱུས་གལ་ཆེ་བ་ཡིན། །དེ་ལའང་བླ་མ་བརྒྱུད་པའི་རྩ་བ་ཅན་ཞེས་རྡོ་རྗེ་འཆང་ནས་རང་གི་རྩ་བའི་བླ་མའི་བར་དུ་བྱིན་རླབས་ཀྱི་དྲོད་ཚད་མ་ཉམས་ཤིང་བརྒྱུད་པ་བར་མ་ཆད་པ་ཞིག་དགོས་ཤིང༌། གསང་བ་ཟབ་མོའི་ལམ་མཆོག་རྡོ་རྗེ་ཐེག་པའི་སྨིན་གྲོལ་དང༌། རིམ་གཉིས་ཀྱི་རྣལ་འབྱོར་ཉམས་སུ་བླངས་པས། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བདེ་བླག་ཏུ་བརྙེས་ཏེ་རང་གཞན་གཉིས་ཀྱི་དོན་ཆེན་འབད་མེད་དུ་གྲུབ་པ་ཤ་སྟག་ནི་མཉམ་མེད་དྭགས་པོའི་བཀའ་བརྒྱུད་ཅེས་ཡོངས་སུ་གྲགས་པ་འདི་ཉིད་ཡིན་ལ། དེ་ལའང་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་དུ་གྲགས་པའི་སོ་སོའི་བརྒྱུད་པའི་ལོ་རྒྱུས་བསམ་གྱིས་མི་ཁྱབ་པ་ཇི་སྙེད་ཅིག་མཆིས་པ་ལས། །ཁྱད་པར་དུ་གྱུར་པ་བཀའ་བརྒྱུད་ཆེ་བཞིའི་ཡ་གྱལ་དཔལ་ལྡན་འབའ་རོམ་བརྒྱུད་པའི་ལོ་རྒྱུས་བསྡུས་ཏེ་འཆད་པ་འདི་ལ་སྤྱི་དོན་རྣམ་པ་གསུམ། བཀའ་བརྒྱུད་སྤྱི་དང་མཐུན་པའི་རྣམ་ཐར་གྱིས་ཁོག་དབུབ། སྒྲུབ་བརྒྱུད་རང་དང་མཐུན་པའི་ཆོས་འབྱུང་གིས་གཞུང་བསྲང༌། དོན་བརྒྱུད་བྱེ་བྲག་ཏུ་གྱུར་པའི་གསེར་ཕྲེང་གིས་ཟུར་བརྒྱན་པའོ། །དང་པོ་སྟོན་པ་མཆོག་གི་རྟོགས་བརྗོད་ལ་གཉིས། ཐེག་པ་ཆུང་ངུའི་ལུགས་དང༌། ཐེག་པ་ཆེན་པོའི་ལུགས་སོ། །དང་པོ་ནི། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས། དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ཤིང༌། བར་དུ་གཅོད་པའི་བདུད་བཞི་འཇོམས་མཛད་པ། བཅོམ་ལྡན་སེང་གེ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་འདི་ལ་གསུམ། དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་ཏེ། དེ་ཡང་དང་པོ་སེམས་བསྐྱེད་ཚུལ་ནི། སྔོན་བྱུང་བ་འདས་པའི་དུས་སུ་རྒྱལ་པོ་གསལ་གྲགས་ཞེས་བྱ་བ་གཅིག་བྱུང་ངོ༌། །དེས་སངས་རྒྱས་ཤཱཀྱ་ཐུབ་པ་ཆེན་པོའི་དྲུང་དུ་བསྙེན་བཀུར་ཞིང་སེམས་བསྐྱེད་པ་ནི། སྦྱིན་པ་འདི་ཡིས་ཤཱཀྱའི་རིགས་སྐྱེས་ནས། ཡོན་ཏན་མཉམ་པའི་སངས་རྒྱས་ཉིད་གྱུར་ཏེ། །ཚངས་པའི་བར་གྱི་ཉམ་ཐག་འཆིང་བ་རྣམས། ཞི་བ་རྒྱ་ཆེན་འཇིགས་མེད་སྒྲོལ་བར་ཤོག །ཅེས་དང༌། བསྐལ་བཟང་ལས་ཀྱང༌། ང་ནི་སྔོན་ཚེ་སྨན་པར་གྱུར་པའི་ཚེ། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་དེ་ལ། །འཇམ་གང་ཞིག་ནི་དབུལ་བ་བྱས་ནས་ཀྱང༌། །དང་པོ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། ཞེས་གསུངས་ཤིང༌། ཡང་རྫ་མཁན་གྱི་བུ་ཁྱེའུ་སྣང་བྱེད་དུ་གྱུར་པའི་ཚེ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཆེན་པོར་རྫ་མའི་བུམ་པ་གཅིག །མགྲོན་བུ་ལྔ། མཆིལ་ལྷམ་ཟུང་ཞིག །གདུགས་གཅིག་རྣམས་ཕུལ་ཏེ། དེ་བཞིན་གཤེགས་པ་ཁྱེད་སྐུ་ཅི་འདྲ་དང། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང༌། །ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ། །དེ་འདྲ་ཁོ་ན་བདག་ཀྱང་འགྱུར་བར་ཤོག །ཅེས་སྨོན་ལམ་བཏབ་སྟེ་སེམས་བསྐྱེད་དོ། །གཉིས་པ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ཚུལ་ནི། སངས་རྒྱས་ཤཱཀྱ་ཐུབ་པ་ནས། འདྲེན་པ་ཡུལ་འཁོར་སྐྱོང་གི་བར། བདུན་ཁྲི་ལྔ་སྟོང་ཚང་བ་ཡི། སངས་རྒྱས་རྣམས་ནི་ངས་མཆོད་དོ། །ཞེས་བསྐལ་པ་གྲངས་མེད་པར་ཚོགས་བསགས་པས་གྲངས་མེད་དང་པོ་རྫོགས། ཡང་ཇི་སྐད་དུ། སངས་རྒྱས་ལེགས་མཛད་ནས་བཟུང་སྟེ། །དབང་པོའི་རྒྱལ་མཚན་ཐུབ་པའི་བར། །བདུན་ཁྲི་དྲུག་སྟོང་ཚང་བ་ཡི། །སངས་རྒྱས་རྣམས་ནི་ངས་མཆོད་དོ། ཞེས་གྲངས་མེད་གཉིས་པ་རྫོགས་པར་མཛད། ཡང་སྔ་མ་ལས། སངས་རྒྱས་མར་མེ་མཛད་ནས་ནི། །སངས་རྒྱས་འོད་སྲུང་བར་དག་ཏུ། །བདུན་ཁྲི་བདུན་སྟོང་ཚང་བ་ཡི། །སངས་རྒྱས་རྣམས་ནི་ངས་མཆོད་དོ། །ཞེས་གྲངས་མེད་གསུམ་པ་རྫོགས་པར་མཛད་དོ། དེ་ཡང་འདི་ལ་བཞེད་དགོངས་མང་དུ་ཡོད་ཀྱང༌། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལྟར་བཤད་པ་ནི། རྒྱལ་བའི་ཕོ་བྲང་རྣམ་པར་རྒྱལ་བའི་རྒྱལ་མཚན་དུ། རྒྱལ་པོ་རྣམ་པར་རྒྱལ་བའི་སྲས་གཞོན་ནུ་བརྩོན་འགྲུས་སྤྱོད་བྱ་བར་གྱུར་པའི་ཚེ། དེ་བཞིན་གཤེགས་པ་ཕུང་པོ་ཆེན་པོ་འཇིག་རྟེན་དུ་བྱོན་པ་ལ། །བསྙེན་བཀུར་ཞིང་དགེ་བའི་རྩ་བ་བསྐྲུན་པ་ནས་བརྩམ་སྟེ། བསྐལ་པ་གྲངས་མེད་གཅིག་ཏུ་ཚོགས་བསགས་པས་ས་དང་པོ་ཐོབ་པར་གྱུར། དེ་ནས་གྲོང་ཁྱེར་ཛམ་བུའི་ཆུ་བོའི་གསེར་དུ་རྒྱལ་པོ་མཛེས་པར་སྣང་བའི་གནས་ཆེན་པོ་དེར་ཚོང་དཔོན་ཤེས་རབ་བཟང་དུ་གྱུར་པའི་ཚེ། དེ་བཞིན་གཤེགས་པ་དཀོན་མཆོག་ཡན་ལག་འཇིག་རྟེན་དུ་བྱོན་པ་ལ་བསྙེན་བཀུར་ཞིང༌། རྗེས་སུ་བསྟན་པ་མནོས་ནས་བཟུང་སྟེ། གྲངས་མེད་པ་གཅིག་ཏུ་ཚོགས་བསགས་པས་ས་བདུན་པ་ནོན་པར་གྱུར། དེ་ནས་བྲམ་ཟེའི་ཁྱེའུ་སྤྲིན་ཞེས་བྱ་བར་གྱུར་པའི་ཚེ། དེ་བཞིན་གཤེགས་པ་མར་མེ་མཛད་འཇིག་རྟེན་དུ་བྱོན་པ་ལ་ཨུརྤལ་ལྔ་ཉོས་ནས་གཏོར་ཏེ། རལ་པ་གསེར་གྱི་མདོག་ཅན་གདན་དུ་བཏིང་ནས་ཡིད་དམ་བརྟན་པོར་བཅས་པ་ན། དེ་བཞིན་གཤེགས་པ་མར་མེ་མཛད་ཀྱིས། འདི་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱི་མཆོད་གནས་ཡིན་ཏེ། མ་འོངས་པའི་དུས་སུ་ཤཱཀྱ་ཐུབ་ཅེས་བྱ་བའི་སངས་རྒྱས་སུ་འགྱུར་རོ། ཞེས་ལུང་བསྟན་པ་དང༌། དགའ་ཆེས་ཏེ་ཤིང་ཏཱ་ལ་བདུན་སྲིད་དུ་འཕགས་ནས་ཏིང་ངེ་འཛིན་བརྒྱ་སྟོང་ཡང་མངོན་སུམ་དུ་བྱས་ཤིང་ས་བརྒྱད་པ་ཐོབ་སྟེ། ཇི་སྐད་དུ། སངས་རྒྱས་མར་མེ་མཛད་ལ་ཨུཏྤལ་ལྔ་གཏོར་ཏེ། །རལ་པ་གསེར་མདོག་གདན་དུ་བཏིང་བྱས་པས། །མི་སྐྱེའི་ཆོས་ལ་བཟོད་པ་ཐོབ་གྱུར་ནས། །ཤཱཀྱའི་རྒྱལ་པོར་འགྱུར་ཞེས་ལུང་བསྟན་ཏོ། ཞེས་གསུངས་སོ། །གསུམ་པ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ་ནི། སངས་རྒྱས་ཀྱི་ངོ་བོ་ངོས་བཟུང་བ་སྟེ། སངས་རྒྱས་ཀྱི་ངོ་བོ་དེ་རྟེན་སྐུ་བརྟེན་པ་ཡེ་ཤེས་མཛད་པ་ཕྲིན་ལས་གསུམ་དུ་འཆད་པ་དང༌། སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཕྲིན་ལས་ལྔར་འཆད་པ་དང༌། སྤང་རྟོགས་ཕྲིན་ལས་གསུམ་དུ་འཆད་པ། ཕུན་སུམ་ཚོགས་པ་ལ་གཉིས་སམ་གསུམ་དུ་འཆད་པ་ལ་སོགས་པ་བཤད་ཚུལ་མང་དུ་ཡོད་ཀྱང་ངོས་འཛིན་ལུགས་ཀྱི་རྣམ་དབྱེ་ཡིན་ཏེ། ཐམས་ཅད་སངས་རྒྱས་པའི་ཆོས་ལ་འདུས་པས་དོན་ལ་མི་གཅིག་པ་མེད། དེ་ཡང་སངས་རྒྱས་ཞེས་པ་ནི། སྤང་བྱ་ཉོན་མོངས་པ་ཐམས་ཅད་སྤང་ཞིང༌། རྟོགས་བྱ་ཤེས་བྱ་ཐམས་ཅད་ལ་བློ་རྒྱས་པའི་ཕྱིར་སྤངས་རྟོགས་མཐར་ཐུག་པ་ཡིན་ཏེ། དེ་སྐད་དུ་ཡང་སློབ་དཔོན་ཟླ་བ་གྲགས་པས། ཉོན་མོངས་མ་ལུས་སྤང་ཕྱིར་དང༌། ཤེས་བྱ་ལ་ཡང་བློ་རྒྱས་ཕྱིར། སངས་རྒྱས་པདྨ་ལྟར་སངས་རྒྱས། དེ་ཕྱིར་སངས་རྒྱས་དེ་སངས་རྒྱས། ཞེས་གསུངས་སོ། །དེ་ལྟར་སངས་རྒྱས་དེ་ཡང་སྐུ་གཉིས་དང་ སྐུ་གསུམ་དང༌། སྐུ་བཞི་དང༌། སྐུ་ལྔ་ལ་སོགས་རྣམ་དབྱེ་མང་དུ་ཡོད་ཀྱང༌། སྐུ་གསུམ་ལ་འདུས་པ་ཡིན། དེ་ཡང་ཆོས་སྐུ་ནི་དེ་ཁོ་ན་ཉིད་ཡང་དག་པའི་ཡེ་ཤེས་ཉིད་ཙམ་དུ་གནས་པ་དེ་ནི་ཆོས་ཀྱི་སྐུ་ཞེས་གསུངས་ལ། ལོངས་སྤྱོད་རྫོགས་པའི་སྐུ་ནི་ལངྐར་གཤེགས་པ་ལས། འོག་མིན་གནས་ནི་ཉམས་དགའ་བར། གཙང་མའི་གནས་ཀྱི་སྟེང་བཞུགས་ནས། ཡང་དག་སངས་རྒྱས་དེར་སངས་རྒྱས། སྤྲུལ་པ་པོ་གཅིག་དེར་སངས་རྒྱས། ཞེས་དང། རྒྱན་སྟུག་པོ་བཀོད་པའི་མདོ་ལས། སངས་རྒྱས་ཐམས་ཅད་འོག་མིན་དུ། སངས་རྒྱས་མ་གྱུར་འདོད་ཁམས་སུ། སངས་རྒྱས་མཛད་པ་མི་མཛད་དོ། །ཞེས་ངེས་པ་ལྔ་ལྡན་གྱི་ཚུལ་དུ་སངས་རྒྱས་པར་མཛད། སྤྲུལ་པའི་སྐུ་ནི། བཟོ་དང་སྐྱེ་དང་བྱང་ཆུབ་ཆེ། མྱ་ངན་འདས་པ་རྟག་སྟོན་པ། སངས་རྒྱས་སྤྲུལ་པའི་སྐུ་དེ་ནི། རྣམ་པར་གྲོལ་བའི་ཐབས་ཆེན་པོ། ཞེས་པས་དང་པོ་ནི་བཟོའི་སྤྲུལ་པ་དང༌། གཉིས་པ་ནི་བྱ་ལ་སོགས་སྐྱེ་བའི་སྤྲུལ་པ་དང༌། གསུམ་པ་ནི་ཤཱཀྱ་ཐུབ་པ་ལྟ་བུ་མཆོག་གི་སྤྲུལ་པ་སྟེ། དེ་ནས་མཛད་པ་བཅུ་གཉིས་ཀྱི་ཚུལ་དུ་བསྟན་པ་ཡིན་ཏེ། འཕོ་དང་ལྷུམ་ཞུགས་བལྟམས་པ་དང༌། བཟོ་དང་རོལ་རྩེད་ངེས་འབྱུང་དང༌། བཀའ་སྤྱད་དྲུང་གཤེགས་བདུད་སྡེ་བཅོམ། བྱང་ཆུབ་ཆོས་འཁོར་མྱ་ངན་འདས། ཞེས་པའི་མཛད་པ་བཅུ་གཉིས་འདི་དག་ཐུགས་རྗེ་ཆེན་པོའི་ལོངས་སྐུའི་སྤྲུལ་པ་ཙམ་དུ་བཞེད་པ་ཡིན་ནོ། དེའང་སྤྱི་ལོ་སྔོན ༩༥༧ ཤིང་བྱི་ས་ག་ཉ་བའི་ཚེས་བརྒྱད་ལ་སྟོན་པ་སྐུ་བལྟམས་ སྤྱི་ལོ་སྔོན་ ༨༧༨ ཆུ་ལུག་ནག་ཉར་དུས་འཁོར་གསུངས་ནས་ས་གའི་ཉ་ལ་རྩ་ཅན་གྲོང་དུ་སྐུ་མྱ་ངན་ལས་འདས་པའོ། མཆན། གཉིས་པ་གསང་སྔགས་རྡོ་རྗེ་ཐེག་པའི་ལུགས་ནི། དེ་ཡང་འོ་སྐོལ་གྱི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་འདི་ནི་ཡང་དག་པར། སྐྱེ་རྒུ་བླང་དོར་གྱི་གནས་ལ་མ་རྨོངས་པ། མཐའ་ཡས་པའི་དོན་དུ་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས། དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། དེ་ནས་བརྩོན་འགྲུས་རླབས་པོ་ཆེའི་ཤུགས་ཀྱིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་མཚོ་ལྟ་བུ་ཟུང་འཇུག་ཏུ་བསགས་ཤིང༌། ཁྱད་པར་དུ་ཡང་གསང་སྔགས་རྡོ་རྗེ་ཐེག་པའི་མྱུར་ལམ་རིམ་གཉིས་ཟབ་མོའི་སྒོ་ནས་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་མཛད་ནས་ མཐར་འོག་མིན་སྟུག་པོ་བཀོད་པའི་ཞིང་དུ། སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་རིགས་དྲུག་པ་རྡོ་རྗེ་འཆང་ཆེན་པོར་སངས་རྒྱས་པའི་ཚུལ་བསྟན་པ་ཡིན་ཞིང༌། དེར་ཡང་སངས་རྒྱས་ཐམས་ཅད་ནི་རྟེན་སྐུ་ བརྟེན་པ་ཡེ་ཤེས། མཛད་པ་ཕྲིན་ལས་དང་གསུམ་དུ་འདུས་པ་ཡིན་ཅིང། དེའི་དང་པོ་ནི་ཆོས་སྐུ། ལོངས་སྐུ་ སྤྲུལ་སྐུ་གསུམ་མམ། ངོ་བོ་ཉིད་ཀྱི་སྐུ་དང་བཞིའོ། །དེ་ཡང་དང་པོ་ཆོས་ཀྱི་སྐུ་ནི་དག་པ་གཉིས་དང་ལྡན་པ་སྟེ། རང་བཞིན་གྱིས་དག་པ་དང༌། ཡུལ་གྱི་དག་པ་སྟེ། གཞིའི་ཆོས་ཉིད་སྐྱེ་འགགས་གནས་གསུམ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བར་གནས་པ་དེ་ཉིད་རང་བཞིན་གྱི་སྐུའམ་འདུས་མ་བྱས་ཀྱི་ཆོས་ཀྱི་སྐུ་ཡིན་པ་ལ། སྦྱངས་པས་དག་པའང༌། ཡུལ་ཅན་གྱིས་དག་པ་ནི་ལམ་བསྒོམ་པས། སྒྲིབ་པ་ཐམས་ཅད་དག་ནས་གནས་ལུགས་ཀྱི་དོན་ཇི་ལྟ་བ་བཞིན་རྟོགས་པ་དེ་ནི་ཡེ་ཤེས་ཆོས་ཀྱི་སྐུའོ། དེ་ལྟ་བུའི་དག་པ་གཉིས་ལྡན་གྱི་ཆོས་སྐུ་དེའི་རྟེན་པ་ལོངས་སྤྱོད་རྫོགས་པའི་སྐུ་ནི་ཡན་ལག་བདུན་ལྡན་པ་སྟེ། རྡོ་རྗེ་འཆང་ཆེན་པོ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་དང༌། ཐབས་ཤེས་སམ་བདེ་སྟོང་ཟུང་འཇུག་པའི་བརྡར་རང་འོད་ཀྱི་ཡུམ་དང་བཅས་པ་ཁ་སྦྱོར་གྱི་སྐུ་དང༌། དེའི་ཐུགས་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་ཡེ་ཤེས་ནི་བདེ་ཆེན་དང༌། དེ་ལྟ་བུའི་སྐུ་དང་ཡེ་ཤེས་ཀྱི་ངོ་བོ་ནི་ཅིར་ཡང་མ་གྲུབ་པར་གནས་པས་རང་བཞིན་མེད་པ་དང༌། སེམས་ཅན་ཐམས་ཅད་ལ་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་ཕུལ་དུ་ཕྱིན་པ་མངའ་བས་སྙིང་རྗེས་གང་བ་དང༌། དེ་ལྟར་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཕུན་སུམ་ཚོགས་པ་དང་ལྡན་པའི་ལོངས་སྐུའི་དེ་ཉིད་ནམ་མཁའ་ཇི་སྲིད་བར་གནས་པས་རྒྱུན་མི་འཆད་པ་དང༌། དམིགས་པ་མེད་པའི་ཐུགས་དང༌།བྱང་ཆུབ་ཀྱི་སེམས་དང༌། སྨོན་ལམ་གྱི་མཐུ་དེ་དག་ཕུན་སུམ་ཚོགས་པས་འགལ་བའི་རྐྱེན་གང་གིས་ཀྱང་གཅོད་པར་མི་ནུས་ཤིང༌། གནས་སྐབས་སུ་ཡང་རིགས་འདྲས་མི་འགགས་པས་འགོགས་པ་མེད་དེ། །དེ་སྐད་དུ་ཡང་སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས། ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་རང་བཞིན་མེད། །སྙིང་རྗེས་ཡོངས་གང་རྒྱུན་མི་འཆད་དང་འགོགས་པ་མེད། །ཡན་ལག་བདུན་བཤད་དོན་དང་ལྡན་པ་བསྒྲུབ་བྱ་འདི། །བདག་འདོད་ཚད་མས་ཡོངས་བསྒོས་བློ་ཅན་གྱིས་ཀྱང་བསྔགས། ཞེས་གསུངས་སོ། །དེ་ཡང་ངེས་པ་ལྔ་དང་ལྡན་པ་ནི། གནས་ངེས་པ་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་དང༌། ངོ་བོ་ངེས་པ་ནི་ལོངས་སྤྱོད་རྫོགགས་པའི་སྐུ། ཆོས་ངེས་པ་ནི་ཐེག་པ་ཆེན་པོའི་ཆོས་ལ་ལོངས་སྤྱོད་ཅིང༌། འཁོར་ངེས་པ་ནི་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཡིན་ལ། དུས་ངེས་པ་ནི་ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ་བཞུགས་པ་ཡིན་ནོ། །དེ་ལྟར་རྒྱུའི་ཧེ་རུ་ཀ་སངས་རྒྱས་དྲུག་པ་རྡོ་རྗེ་འཆང་ཆེན་པོ་ཆོས་ཀྱི་སྐུ་དབྱིངས་དང་ཡེ་ཤེས་དབྱེར་མེད་ཀྱི་ངང་ལས་གསང་བ་མཆོག་གི་གནས་འོག་མིན་གྱི་ཕོ་བྲང་དུ་འཁོར་དེ་བཞིན་གཤེགས་པ་དང༌། བྱང་ཆུབ་སེམས་དཔའ་ཚད་མེད་པ་འདུས་པ་ལ། འོད་གསལ་ལྷན་ཅིག་སྐྱེས་པའི་ཆོས་བསྟན་པའི་ཚེ། དྲག་པོ་འཇིགས་བྱེད་འཁོར་དང་བཅས་པ་འདུལ་བའི་དུས་ལ་བབས་པར་མཁྱེན་ནས། སྤྲུལ་སྐུའི་འབྲས་བུའི་ཧེ་རུ་ཀར་བཞེངས་ནས་རི་རབ་ཀྱི་རྩེ་མོར་བྱོན་པ་ལས་མི་བསྐྱོད་པས་གཞལ་ཡས་ཁང་གདན་དང་བཅས་པ་ཕུལ། རིན་འབྱུང་གིས་འཇམ་དཔལ་ལ་སོགས་པའི་དཔའ་བོ་ཉི་ཤུ་རྩ་བཞི་དང༌།