འབའ་རོམ་བཀའ་བརྒྱུད་ཀྱི་ལོ་རྒྱུས་རག་བསྡུས།

2012-04-23

༈ འཇམ་དབྱངས་བློ་གྲོས་རིན་ཆེན་གྱི་མཛད་པའི་༧དཔལ་ལྡན་འབའ་རོམ་བཀའ་བརྒྱུད་ཀྱི་ཟབ་ཆོས་ཇི་ལྟར་སྣང་བའི་དཀར་ཆགས་ལེགས་བཤད་ནོར་བུའི་ཕྲེང་མཛེས་ལས། ན་མོ་རཏྣ་གུ་རུ་ཡེ། ཚོགས་གཉིས་ཡིད་བཞིན་ནོར་བུ་ལྷུན་རྫོགས་ཤིང༌། །སྐུ་གཉིས་མཚན་དཔེ་དུ་མའི་དཔལ་གྱིས་བརྗིད། །མཁྱེན་གཉིས་རྩལ་ལྡན་འགྲོ་ཁམས་ཇི་བཞིན་འཇུག །དཔལ་ལྡན་འབའ་རོམ་པ་ལ་གུས་ཕྱག་འཚལ། །གང་གསུང་རྣམ་པ་ཐམས་ཅད་པའི་བདག་ཉིད། །སོ་སྐྱེས་བློ་ཡིས་མཚོན་དུ་མ་གྱུར་ཀྱང༌། །སྙིགས་དུས་གདུལ་བྱ་ཕྱོགས་རེ་བའི་སྣང་ངོར། །ཅུང་ཟད་རང་སྣང་འཐོར་བ་སྡུད་ཕྱིར་སྤྲོ། །དེ་ལ་གངས་ཅན་ལྗོངས་འདིར་རྒྱལ་བའི་བསྟན་པ་རིན་པོ་ཆེའི་སྙིང་པོར་གྱུར་པ་སྔ་འགྱུར་རྙིང་མ་དང་ཕྱི་འགྱུར་གསར་མ་ཞེས་ཡོངས་སུ་གྲགས་པའི་ནང་ཚན། མངའ་བདག་མར་པའི་བཀའ་བརྒྱུད་ཅེས་གྲགས་པའི་རྔ་སྒྲ་ཞིང་ཀུན་ཁྱབ་པའི་བུ་སློབ་ཀ་ཆེན་བཞིའི་གཙོ་བོ། རྗེ་བཙུན་མི་ལ་རས་པ་ཉིད་གྲུབ་ཐོབ་ཡོངས་ཀྱི་རྒྱལ་པོར་གྱུར་ཅིང༌། དེའི་དངོས་སློབ་ཉི་མ་ལྟ་བུ་མཉམ་མེད་དྭགས་པོ་ལྷ་རྗེ་ནི། རྒྱལ་བས་ཏིང་ངེ་འཛིན་གྱི་མདོ་ལས། ཆུ་ཀླུང་ལོ་ཧའི་ཏའི་འགྲམ། རི་བྲག་ཚང་ཚིང་ཅན་ན་དགེ་སློང་འཚོ་བྱེད་ཞེས་གནས་དང་གང་ཟག་གཉིས་ཀ་ལུང་བསྟན་ཅིང་མཆོག་ཏུ་བསྔགས་པ་དང༌། ཨོ་རྒྱན་ཆེན་པོའི་གཏེར་ལུང་པདྨ་བཀའ་ཡི་ཐང་ཡིག་ལས་ཀྱང༌། ཨོ་རྒྱན་ང་ཉིད་གཉལ་སྨད་ལྷ་རྗེར་སྤྲུལ༔ དྭགས་སྒོམ་སྙིང་པོའི་དོན་སྒོམ་ཁྱུ་གཅིག་འབྱུང་༔ ཞེས་གུ་རུ་ཉིད་ཀྱི་སྤྲུལ་པ་དང༌། སློབ་ཚོགས་སྒྲུབ་བརྒྱུད་དོན་བརྒྱུད་བཅས་གསལ་བར་ལུང་བསྟན་པར་མཛད་ཅིང༌། རྗེ་དེའི་ཐུགས་སྲས་བཀའ་བརྒྱུད་ཆེ་བཞི་རུ་གྲགས་པའི་ནང་གསེས་འབའ་རོམ་དར་མ་དབང་ཕྱུག་ནི། རྒྱུད་སྟོད་པ་གླུར་བླངས་ལས། ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ། །ལེགས་པའི་ལམ་ནི་སྟོན་པ་པོ། ཞེས་དང༌། ཉང་གི་གཏེར་ལུང་ལས། གནོད་སྦྱིན་གང་བ་བཟང་པོའི་ཞོལ༔ ང་ཉིད་རྒྱལ་བའི་མཚན་དུ་སྤྲུལ༔ ཅེས་བཀའ་གཏེར་གཉིས་ནས་ལུང་གིས་ཟིན་པའི་སྐྱེས་བུ་ཆེན་པོ། སྒམ་པོ་པས་སྐུ་ཡི་ཉེ་གནས་ཐུན་མིན་དུ་རྗེས་སུ་བཟུང༌། སྐུ་རྐྱེན་བཞི་བསལ་བ་སོགས་ཞབས་ཏོག་གི་ཕུལ་དུ་སོན། གདམས་པ་ཡོངས་སུ་རྫོགས་པ་གཞན་ལས་ལྷག་པར་བྱུང༌། མཐར་བྱང་འབའ་རོམ་ཞེས་པར་སྒྲུབ་པ་དང་འགྲོ་དོན་གྱིས་ཞེས་ལུང་བསྟན། དེ་ནས་གནས་དེར་བྱོན་ནས་གྲུབ་པ་བརྙེས་ཤིང་སྒྲུབ་པ་དང་ཚོགས་པ་བསྐྱངས་བར་མཛད། ཞལ་སློབ་ཆེ་བའི་བུ་བཞི། ཉེ་བའི་སྲས་བཞི། བརྒྱུད་འཛིན་གྱི་སློབ་མ་བཞི། མཆོག་ཏུ་གྱུར་པ་གཉིས་སོགས་བྱོན། འབའ་རོམ་རི་བོ་ཆེའི་གདན་ས་དེ་ཉིད་དུ་དབོན་རྒྱལ་བ་གྲགས་པ་ནས་བཟུང༌། གུ་ཤྲི་ཧན་གྱི་གནོད་སྐྱོན་མ་བྱུང་བར་དབོན་རྒྱུད་དང་ཆོས་སྡེ་ཡར་རྒྱས་སུ་བཞུགས། དེ་ལས་འགྲན་ཟླ་དང་བྲལ་བ་ནི་ཏི་ཤྲཱི་ཤེས་རབ་སེང་གེ་སྟེ། འཇམ་དཔལ་སྒྱུ་འཕྲུལ་དྲ་བ་ལས། སངས་རྒྱས་མངའ་བདག་ཅོད་པཎ་ཅན། །སྤྱན་ལྔ་ཆགས་པ་མེད་པ་འཆང༌། །སངས་རྒྱས་ཐམས་ཅད་བསྐྱེད་པ་པོ། །སངས་རྒྱས་སྲས་པོ་དམ་པའི་མཆོག །ཅེས་རྡོ་རྗེའི་ལུང་དང་མཐུན་པ་འགྲོ་མགོན་ཏི་ཤྲཱི་སངས་རྒྱས་རས་ཆེན་ཞེས་ས་གསུམ་གྱི་འདྲེན་པ་གཅིག་པུ་རུ་བྱོན་ཞིང༌། རྩ་བའི་བླ་མ་ལྔ་ཡོད་རྟགས་སུ་དབུ་ཞྭ་རྩེ་ལྔ་བཞེས། ཤར་རྒྱ་ནག་གི་ཡུལ་དུ་གདུལ་བྱ་སད། མི་ཉག་འགའ་ཡི་རྒྱལ་པོའི་གཙུག་རྒྱན་དུ་མངའ་གསོལ། བྱང་སྐྱོ་ལྡག་མཐིལ་དུ་གདན་ས་ཆགས་ཕབ། སློབ་ཚོགས་རྒྱ་བོད་ཀུན་དུ་བགྲངས་ལས་འདས་པ་བྱོན། སྲས་ཀྱི་ཐུ་བོ་མི་ཉག་རས་པ་དཀར་པོ་ཞེས་མཚན་སྙན་པའི་བ་དན་སྲིད་རྩེར་བསྒྲེང་བ་ཉིད་ཧོར་རྒྱལ་གོ་པེ་ལའི་དབུ་བླར་བཀུར། གནས་དྲུག་ཁྲི་སྐོར་བཅུ་གཉིས་མངའ་འབངས་སུ་ཕུལ། ཕོ་བྲང་ནང་སོ་ཆེན་མོ་ཞེས་ཐོག་གསུམ་གསེར་གྱི་གྷིཉྫ་ར་བྱ་འདབ་ཁྱམས་བསྐོར་ཁང་བཅས་རྒྱ་ལུགས་ཀྱི་བཟོ་ཁྱད་ངོ་མཚར་བས་ས་སྟེང་ན་འགྲན་ཟླ་བྲལ་བའི་གཙུག་ལག་ཁང་བསྐྲུན། སློབ་མའི་གཙོ་བོ་ལྷ་རིགས་ལུས་མེད་རྡོ་རྗེ་ཆོས་ཀྱི་ཁྲི་འཛིན་པ་དང༌། སྡེ་སྲིད་ཁྲིམས་འཛིན་གུ་ཡི་གུང་པ་སྒོམ་པ་ཨའུ། གཞན་ཡང་ལྷ་ནང་ཚུལ་གསུམ་ཞེས་གདན་ས་སྐུ་འབུམ་དགོན་གྱི་ཆོས་སྲིད་ནམ་མཁའ་དང་མཉམ་པ་བྱུང་ཞིང༌། དེ་ཕྱིན་སྒོམ་སྡེ་ནང་ཡ་གཉིས་དགོན་རི་ཁག་བཅོ་བརྒྱད་ཞེས་མཛད་ཁྱབ་ཆེར་རྒྱས་པ་དེ་དག་གི་ཚུལ་ནི་ཀུན་གྱི་རྣ་བའི་རྒྱན་དུ་གྲགས་པས་སྨོས་མ་དགོས་ཤིང༌། ཁྱད་པར་ཟབ་ལམ་སྙན་བརྒྱུད་གསེར་ཆོས་ཀྱི་ཉེ་བརྒྱུད་ནི། སྤྱན་སྔ་ལུས་མེད་རྡོ་རྗེ། དབོན་བྱང་ཆུབ་གཞོན་ནུ། དེ་སྲས་སྟོང་ནག་རས་པ་བློ་གྲོས་རྡོ་རྗེ། དེའི་ཐུགས་སྲས་ལྷ་རས་བརྩོན་གྲུས་དཔལ། དེའི་བརྒྱུད་འཛིན་རླངས་རས་པ་གྲགས་པ་རྒྱལ་མཚན་ཏེ། གུ་རུ་ཆོས་དབང་གི་གཏེར་ལུང་ལས། མཁའ་སྤྱོད་ས་ལ་ཆགས་པའི་སྐྱོ་བྲག་པ༔ རྫོང་གསུམ་གནས་ཀྱི་ཡ་རྒྱལ་སེངྒེ་རྫོང་༔ བསྟན་པ་འཛིན་པའི་རྒྱལ་མཚན་མིང་ཅན་འབྱུང་༔ ཞེས་གནས་དང་གང་ཟག་ཟུང་འབྲེལ་དུ་ལུང་གིས་ཟིན་པའི་རྣལ་འབྱོར་ཆེན་པོ་དེ་ཉིད་ཀྱིས་དབུ་རྩེ་མཁའ་འགྲོ་དགའ་ཚལ་དུ་གདན་ས་མཛད་ཅིང་གྲུབ་པ་བརྙེས། དེའི་ཐུགས་སྲས་གཅིག་པུ་སྐྱོ་བྲག་ཆོས་རྗེར་གྲགས་པ་ནི། རཏྣ་གླིང་པའི་གཏེར་ལུང་ལས། ཕག་མོས་བྱིན་བརླབས་གནས་ཀྱི་ཆར༔ གསང་མཚན་ཕྱག་རྒྱའི་ཕུག་པ་རུ༔ བསོད་ནམས་གྲུབ་པའི་མཚན་ཅན་འབྱུང་༔ ཞེས་ལུང་དུ་བསྟན་པ་ཉིད་གྲུབ་པའི་ས་མཐོར་གཤེགས། རྗེ་དེའི་བརྒྱུད་འཛིན་འབའ་རེ་རིན་ཆེན་བཟང་པོ་ནས་དབོན་བརྒྱུད་གྲུབ་པའི་ཕྲེང་བ་ངོ་མཚར་རྨད་དུ་བྱུང་བ་རྒྱུན་མ་ཆད་པ་བྱོན་པ་འདི་ལྟར་ལ། དེའང་སྐྱོ་བྲག་ཆོས་རྗེ་ཉིད་ཀྱི་རྡོ་རྗེའི་ལུང་ལས། མ་འོངས་པ་ནས་མངའ་བདག་མཻ་ཏྲི་པའི་སྤྲུལ་པས་ཟབ་མོའི་གཏེར་ལ་སྤྱོད་པའི་སྐབས་སུ། ང་ཉིད་ཀྱང་གནས་འདིར་འོང་སྟེ་ཟབ་མོ་ནཱ་རོ་ཆོས་དྲུག་གི་བསྟན་པ་དར་བར་བྱེད་དོ། །ཞེས་ཞལ་བཞེས་ལུང་དོན་ཐོག་ཏུ་བབ་པ་ཀརྨ་མི་ཕམ་འཇིགས་མེད་ཆོས་ཀྱི་སེངྒེ་ཕྲིན་ལས་ཀུན་ཏུ་ཁྱབ་པའི་སྡེའམ། གཏེར་ཆེན་འབར་བའི་རྡོ་རྗེ་མཆོག་གཟིགས་དགའ་བའི་ཡེ་ཤེས་ཞེས་སྔོན་སྦྱངས་སྐྱེས་ཐོབ་ཀྱི་དཔལ་འབར་ཞིང༌། སི་ཏུ་པདྨ་དབང་ཆེན། བསྟན་འཛིན་དགེ་ལེགས་ཉི་མ། ཟླ་བཟང་བསྟན་པ་རབ་རྒྱས། དུང་དཀར་ཤྲཱི་བྷ་དྲ་སོགས་དམ་པའི་སྐྱེས་ཆེན་རྣམ་མང་གི་ཞབས་པད་བསྙེན་ཅིང༌། ཐུགས་བཅུད་གདམས་པའི་བདུད་རྩི་ཅི་དགར་སྤྱོད་པའི་མཐུ་ལས་བརྟུལ་ཞུགས་ཀྱི་ཉམས་བརྟས་པའི་འཇིགས་བྲལ་ཧེ་རུ་ཀ་ཆེན་པོ་བཀའ་བབ་གསུམ་གྱི་བདག་ཉིད་ཆེན་པོ་དེ་ཉིད། སྔོན་འོག་མིན་ཀརྨའི་གདན་སར་བཞུགས་སྐབས། དག་པའི་སྣང་བར་མཁའ་འགྲོ་ནམ་མཁའི་རྣལ་འབྱོར་གྱི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་ཞིང་ཟབ་མོའི་བརྡ་དབང་དང་གདམས་ཟབ་ཅིག་ཆར་དུ་སྩལ། ཕྱིས་སུ་སྐྱོ་བྲག་དབུ་རྩེར་ཞབས་པད་འཁོད་སྐབས་ཆོས་རྗེ་བསོད་ནམས་བཟང་པོའི་སྔོན་གནས་རྗེས་དྲན་གྱི་ཐུགས་བག་སད་པ་དང༌། འབའ་རོམ་པའི་གྲུབ་བརྙེས་རྣམས་དག་པའི་སྣང་བར་གཟིགས་པའི་སྟོབས་ཀྱིས་དགོངས་པའི་རྩལ་ཆེན་རྫོགས་སྐབས། སྲས་སློབ་ཐུན་མིན་རྣམས་ནས་ཟབ་མོའི་བཀའ་རྒྱ་བཀྲོལ་བའི་བསྐུལ་མ་རིམ་བཞིན་ཕུལ་བར་བརྟེན། རྟེན་འབྲེལ་གྱི་སྒོ་འཕར་ཕྱེས་ནས་སྐལ་ལྡན་གྱི་སྐྱེས་བུ་རྣམས་ལ་རིམ་པར་སྤེལ་བས་སོ་སོས་གདམས་པའི་དྲོད་རྟགས་མངོན་དུ་གྱུར་ཅིང་རྡོ་རྗེའི་གསེང་ལམ་མིག་འཕྲུལ་ལྟར་བསྒྱུར་བའི་སློབ་ཚོགས་སེངྒེ་ཁྱུང་གི་ཕྲུ་གུ་ལྟར་གྲུབ་པའི་ཁྱུ་ཆེན་རྡོལ་བར་མཛད་པའི་ཟབ་ལམ་གསེར་ཆོས་ཀྱི་སྐོར་རྣམས་གདམས་པའི་སྙིང་ནོར་ཡང་བཅུད་དུ་བཞུགས་ཤིང༌། གཞན་ཡང་རྩ་གསུམ་ཆོས་སྐྱོང་གི་གདམས་སྐོར་ཀྱང་འདིའི་ཁོངས་སུ་འདུ་བ་ལགས། དེ་ལྟར་བརྒྱུད་པའི་བྱུང་ཚུལ་གདམས་ངག་གི་ལོ་རྒྱུས་མདོ་ཙམ་ལགས་སོ།། །། ༧ ཅེས་ལོ་རྒྱུས་སྙིང་བསྡུས་སོ།། །།