སྤྱི་དོན་གསུམ་པ་དོན་བརྒྱུད་བྱེ་བྲག་དུ་གྱུར་པའི་གསེར་ཕྲེང་གིས་ཟུར་བརྒྱན་ནས་བཤད་པ་ལ་རི་དགོན་བཅོ་བརྒྱད་དུ་གྲགས་པ་ལས། 2

2014-04-28

~~༈ བཅུ་པ་ཕུག་པ་བ་ནི། རྒྱལ་སྲས་ལྷ་པའི་རུས་དབོན་ཏེ། བྱིས་པའི་དུས་ནས་འཇིག་རྟེན་གྱི་བྱ་བ་ལ་བློ་མི་འཇུག །ཆུང་ངུའི་དུས་ནས་སློབ་གཉེར་མང་དུ་མཁྱེན། སྒོམ་སྡེའི་ཆོས་སྤྱོད་རྣམས་བློ་ལ་བཟུང་ཞིང་དེ་དག་འབད་དེ་མཁས་པར་མཛད། དེ་ནས་དགུང་ལོ་བདུན་པར་རྒྱལ་སྲས་ལྷ་པ་རིན་པོ་ཆེའི་མདུན་ན་རབ་ཏུ་བྱུང༌། མཚན་ཚུལ་ཁྲིམས་ཡེ་ཤེས་སུ་གསོལ། བདེ་མཆོག་དང་ཀྱེ་རྡོར་སོགས་ཀྱི་དབང་བསྐུར་རྣམས་ཞུས། གསང་མཚན་ཆོས་དབྱིངས་རྡོ་རྗེ་བཏགས། ཆོས་དྲུག་དང་ཕྱག་ཆེན་སོགས་ཀྱི་གདམས་ཁྲིད་ཞུས་ནས་བསྒོམ་པས་གོ་ཉམས་བཟང་པོ་འཁྲུངས། དེ་ནས་སྒ་སྟོད་གནམ་ལུང་གི་ར་འོག་ཕུག་བྱ་བར་སྔོན་གཙང་པ་མི་བདུན་སོགས་གྲུབ་པ་ཐོབ་པའི་གནས་དེ་ཉིད་དུ་དགུང་ལོ་དགུ་ནས་བཅོ་བརྒྱད་བར་འདག་ཆར་མཛད། མཁྱེན་རྟོགས་ཡོན་ཏན་གྱི་རྩལ་རྫོགས། གྲུབ་པའི་སྙན་པ་ཕྱོགས་ཐམས་ཅད་དུ་ཁྱབ་ཅིང་སློབ་དཔོན་ཕུག་པར་གྲགས། དེ་ནས་འབྲེ་མདའི་མི་སྡེ་རྣམས་ཆོས་དང་དབང་ཁྲིད་ཀྱིས་ཚིམ་པར་མཛད་ནས་རྩི་ཆུའི་ཚུར་ཁར་བྱོན། རོ་ལོ་ཁར་བན་རྒན་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར། མི་སྡེ་རྣམས་ལ་དབང་ཁྲིད་མཛད་ནས། སླར་རོ་ལོ་ཕུག་ཏུ་ལོ་བཅུ་གཅིག་ལ་འདག་སྦྱར་ལ་བཞུགས། དེ་ནས་ཁ་རོང་འཇའ་མོས་གདན་དྲངས་རྩི་པ་རྣམས་དབང་ཁྲིད་ཀྱི་ཚིམ་པར་མཛད། ཀོ་མཛོའི་ཕུག་ཏུ་བཞུགས་ནས་འབལ་སེར་བཙན་གསུམ། ནག་གསང་ཚོ་བརྒྱད། བྲོས་པ་ཤ་ད་སོགས་རྩི་ཟླ་བར་གྱི་འགྲོ་མང་སྨིན་གྲོལ་ལམ་ལ་བཀོད། དེ་ནས་ཀིལ་སྣའི་གདན་སར་བྱོན། དགེ་འདུན་པ་རྣམས་ལ་ཞལ་ཏ་ཞིབ་ཏུ་མཛད་ནས་དགུང་གྲངས་དྲུག་ཅུ་རྩ་གསུམ་ལ་སྐུ་གཤེགས། གདུང་དང་རིང་བསྲེལ་དཔག་མེད་བྱོན། བུ་ཆེན་བྱོན་ཚུལ་ལ་དབོན་ཚུལ་ཁྲིམས་རྒྱལ་མཚན། རྟོགས་ལྡན་གཞོན་ནུ་འབྱུང་གནས། ཀུན་དགའ་ཚུལ་ཁྲིམས། སངས་རྒྱས་མཐའ་ལྟོས། སེར་ཡེ་རས་པ། གུང་པ་རྣལ་འབྱོར་སོགས་བྱོན། ར་འོག་ཕུག་གི་གདན་ས་དངོས་འཛིན་པ་ཀུན་དགའ་ཚུལ་ཁྲིམས་ཏེ་བསྟན་དགོན་གྱི་འཛིན་སྐྱོང་སྤེལ་གསུམ་འགྲན་ཟླ་བྲལ་བར་མཛད། སློབ་ཚོགས་ཕལ་ཆེར་ཡང་དེར་བཞུགས། དེ་རྗེས་དབོན་ཚུལ་གྲགས་ཀྱིས་གདན་ས་བསྐྱངས་ཞིང་རི་དགོན་རྣམས་ཕན་ཚུན་སྐྱོངས་རིས་ཀྱི་ཕྱིས་ཀྱི་བར་བྱུང་བ་སྟེ་ཕུག་པའི་སྐབས་སོ། །

༈ བཅུ་གཅིག་པ་རོ་ལོ་བ་ནི། ཕུག་པ་ཚུལ་ཡེའི་སློབ་མ་སྟེ་རབ་ཏུ་བྱུང་བའི་མཚན་ཚུལ་ཁྲིམས་རྒྱལ་མཚན། ཕུག་པ་བ་ལས་གདམས་པ་རྫོགས་པར་གསན་ནས་སྒྲུབ་པ་ལ་མི་ཚེ་བསྐྱལ། རོ་ལོའི་གཙུག་ལག་ཁང་དང་བླ་མ་རིན་པོ་ཆེའི་འདྲ་འབག་དངུལ་སྐུ་ཆེན་མོ་བཞེངས། གྲྭ་ཚོགས་ཀྱང་ཆེར་འདུས་འགྲོ་དོན་རླབས་ཆེན་མཛད། སློབ་མ་ལ་རིགས་དབོན་དབུ་སེ། ཀུན་དགའ་གཞོན་ནུ། ཚུལ་གྲགས་པ་སོགས་བྱོན། དེ་རྗེས་དབུ་སེ་བ་གདན་ས་མཛད་པའི་སློབ་མ་གཅུང་ཚུལ་ཁྲིམས་བློ་གྲོས་ཀྱི་གདན་ས་མཛད་པ་ལ། ཀརྨ་པ་དེ་བཞིན་གཤེགས་པ་དང༌། ཚངས་གསར་བསོད་བློ། རླང་རས་གྲགས་རྒྱལ་བ། ཤོར་ཕུ་ལྷུན་གྲུབ་སོགས་ཀྱི་སློབ་མར་གྱུར་པ་མེ་ཉག་རྣལ་འབྱོར་བློ་གྲོས་རིན་ཆེན་གྱིས་རོ་ལོའི་བན་རྒར་རྣམས་བསྡུས་ཏེ་ཟུར་མང་དུ་སྤོ་བར་མཛད། རོ་ལོའི་དངུལ་སྐུ་ཆེན་མོ་ཡང་ཟུར་མང་དུ་བཞུགས་པ་མཇལ་དུ་ཡོད་ཅིང༌། ཀརྨ་སྙན་བརྒྱུད་དང་འབའ་རོམ་གསེར་ཆོས་ཟུང་འབྲེལ་དུ་བསྐྱངས་བ་སྟེ་རོ་ལོ་པའམ་ཟུར་མང་གི་སྐབས་སོ། །

༈ བཅུ་གཉིས་པ་ཤར་པ་ནི། སློབ་དཔོན་ཕུག་པའི་སློབ་མ་སྟེ། མདོ་ཁམས་སྨད་ནས་སྐུ་འཁྲུངས་པ་ཡིན་ཞིང༌། སྨར་ཚང་གི་ཆོས་རྗེ་འོད་ཟེར་བླ་མ་དང་མཇལ་ནས་ཆོས་མང་དུ་གསན། ཁོང་ལ་སློབ་དཔོན་བདུན་ཡོད་པ་སྟེ། ཕུག་པ་ཚུལ་ཁྲིམས་ཡེ་ཤེས་ཀྱི་སྙན་པ་ཐོས་ནས་ཀིལ་སྣའི་རི་ཁྲོད་དུ་བྱོན། དུང་དཀར་རྒྱ་སྒམ་ཇ་སིག་ཕྱག་རྟེན་ཀྱང་དཔེ་མེད་ཕུལ། མཇལ་ཙམ་གྱི་ལས་འཕྲོ་སད་ནས་ཆོས་ལ་ཐང་ལྷོད་མ་བྱུང་བླ་མས་ཀྱང་སྣོད་ལྡན་གྱི་སློབ་མར་དགོངས་ནས་གདམས་པ་ཐམས་ཅད་རྫོགས་པར་ཚངས་སྤྲུགས་སུ་གནང༌། ལོ་དྲུག་ཏུ་བླ་མའི་དྲུང་དུ་བསྒོམ། བླ་མ་རིན་པོ་ཆེའི་ལུང་བསྟན་བཞིན་དུ་རྔ་རོང་གི་དགོན་འདེབས་པ་ལ། ཀ་ཐོར་མདའ་ནས་ཡར་ཕེབས། མི་རྒན་པོ་ཞིག་གིས་དེ་ཉིད་དུ་ཞིང་རྨོ་ཞིང་མཚན་བརྗོད་འདོན་པ་དང་འཕྲད། བླ་མས་མི་དེ་ལ་ལུང་པ་འདི་ལ་མིངཅི། བྱ་བྲལ་ངས་དགོན་ཆུང་གཅིག་ཨི་ཐེབས་སྙམས་ནས་ཡོང་བ་ཡིན་གསུངས་པས། མི་དེས་ཀྱང་ཞིང་རྨོ་བ་དང་འདོན་པ་བྱེད་བཞིན་པ་ལ་དར་གཅིག་ཅི་མ་ཞུས་ནས། ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས། ཞེས་པའི་མཚམས་དེ་རུ་བཞག་ནས་བླ་མ་ཁྱེད་གང་ནས་བྱོན། ཕུ་ཡ་ཀི་ན་དགོན་པ་བཟང་པོ་གཅིག་ཡོད་ཞེས་ལེགས་པའི་ཚིག་དུ་མ་ཞུས། བླ་མས་མཉེས་པའི་གླེང་བསླང་མང་དུ་བྱས་ནས་ཕུ་དེར་ཕེབས་ཏེ་རྔ་རོང་གི་དགོན་བཏབ་གྲྭ་པ་བསྐྱངས་བས་ལོ་གཅིག་ལ་དགེ་འདུན་པ་ལྔ་བཅུ་ཙམ་བྱུང༌། དེ་རྣམས་ཀྱིས་སྒྲུབ་པ་གཙོ་བོར་མཛད་པའི་དམ་བཅའ་གནང༌། སྙིང་ཐང་སྟོད་དུ་བཀྲ་མདོ་དགོན་བཏབ། གཙུག་ལག་ཁང་གསེར་གྱི་་གཎྜི་ར་དང་ལོག་བྲིས་གསེར་སྐུ་ལྡེར་སྐུ་སོགས་བསམ་གྱིས་མི་ཁྱབ་པ་དང་རྨ་ཁྱིམ་གྱི་རི་དགོན་མཛད་པ་སྟེ། བདུན་ཆུ་དོན་གཉིས་ལ་གཤེགས། སེམས་ཅན་ལ་ཕན་ཐོགས་པའི་སློབ་མ་ཤ་སྟག་བྱུང་ཞིང་བརྒྱུད་འཛིན་ནི་རིགས་དབོན་བསོད་ནམས་གྲགས་པ་སྟེ། བླ་མ་ལ་གདམས་པ་ཐམས་ཅད་གསན། མངོན་ཤེས་དང་སྐུ་ལུས་སྤྲུལ་བསྒྱུར་ལ་ཐོགས་པ་མེད། རྔ་རོང་དང་བཀྲ་མདོའི་གདན་ས་མཛད། ཞི་བར་གཤེགས་དུས་ལྷ་རྣམས་ཀྱིས་མཆོད་རྫས་ཐོགས་ཏེ་མངོན་སུམ་དུ་མཆོད་པ་བྱུང༌། དེའི་རིགས་དབོན་གྱི་བརྒྱུད་པ་ལ། བླ་མ་མཁས་གྲུབ་དུ་མ་བྱུང་སྟེ་ཤར་པའི་སྐབས་སོ། །

༈ བཅུ་གསུམ་རྒིས་སྣ་བའམ་ཀིལ་སྣ་བ་ནི། སློབ་དཔོན་ཕུག་པའི་དངོས་སློབ་སྟེ། སྐུ་འཁྲུངས་ཡུལ་རྩི་བརྒྱུད་ཀོ་མཛོ་དང་ཉེ་བའི་སར་ཡབ་མགྲོན་རྡོག་རྒྱལ་བ་ཡེ་ཤེས་ཡུམ་བོ་ལྕོགས་ཞེས་པ་ཆུ་སྟག་ལ་སྐུ་བལྟམས། ཕུག་པ་རིན་པོ་ཆེའི་མདུན་དུ་རབ་ཏུ་བྱུང་བའི་མཚན་གཞོན་ནུ་འབྱུང་གནས། མདོ་སྔགས་ཀྱི་ཆོས་ཚུལ་རྣམས་དང༌། བླ་མེད་ཀྱི་ཐབས་གྲོལ་གདམས་པ་ཡོངས་སུ་རྫོགས་པར་གསན། སྒྲུབ་པ་རྩེ་གཅིག་ཏུ་མཛད་པས་གྲུབ་པ་ཐོབ། ཡིག་དྲུག་དུང་ཕྱུར་དྲུག་འགྲུབ། བྲག་མགོ་ནས་ཕར་ཚུར་འཕུར་བ་སོགས་མཛད། ཀིལ་སྣ་དེ་ཉིད་དུ་གདན་ས་བསྐྱང་ཞིང་རྟོགས་ལྡན་རིན་པོ་ཆེ་ཞེས་པའི་མཚན་སྙན་ཕྱོགས་མཐར་ཁྱབ། དགུང་གྲངས་བདུན་ཅུ་ལ་མྱ་ངན་ལས་འདས། ཞུགས་ལ་ཕུལ་ཚེ་ལྷ་ཀླུ་མི་ཡི་མཆོད་པ་ཕུལ། རྟེན་རིང་བསྲེལ་དུང་གཡས་འཁྱིལ་་སོགས་བྱོན། སློབ་མ་ཡང་རི་པ་བརྩོན་འགྲུས་འབྱུང་གནས་སོ་རག་སེང་གེ་འབུམ་པ། མཛོ་མོ་བ་ཆོས་བཟང༌། སྟག་བན་ཆོས་རིན། རིན་ཆེན་ཤེས་རབ། ཚུལ་གྲགས་པ། རྟོགས་ལྡན་དམར་ཡུ། བསོད་རྒྱལ་བ་སོགས་མང་དུ་བྱོན། གདན་ས་བ་ནི། མཛོ་མོ་བ་དང་ཚུལ་གྲགས་པ་སོགས་ཀྱི་མཛད་ནས་དེ་རྗེས་ཚན་གཅིག་ཚ་བ་སྒང་དུ་བྱོན་ནས་ཚ་བ་བང་ཆེན་དགོན་ཞེས་པ་བཏབ། ཚུལ་ཁྲིམས་རྒྱ་མཚོ་ཞེས་པས་རྒིས་སྣ་འབྲོག་དགོན་བཏབ་པ་སོགས་ཀྱི་བརྒྱུད་པ་ད་ལྟ་བར་ཡོད་པ་སྟེ་ཀིལ་སྣ་བའི་སྐབས་སོ། །

༈ བཅུ་བཞི་པ་སོ་རག་པ་ནི། དེའང་སོ་རག་སེང་གེ་འབུམ་པ་སྐུ་འཁྲུངས་ཡུལ་རྫ་རྒྱུད་མོ་ཐོང་ཐང་རུས་འབྲོང་པ། ཡབ་ཨ་མཆོད་ཁྲ་མོ། ཡུམ་ཉ་སྒྲོན། རྟོགས་ལྡན་གཞོན་ནུ་འབྱུང་གནས་ལས་གདམས་པའི་ཕུ་ཐག་བཅད། གྲུབ་པ་ཐོབ། མི་མ་ཡིན་མང་པོས་ཆོས་ཞུས། བླ་མས་ཁྱོད་ཀྱི་གདུལ་བྱ་ཆམ་གྱི་མགུལ་ན་ཡོད་གསུངས་པས་དེར་བྱོན་ནས་ལྕགས་ཕོ་འབྲུག་ལ་སོ་རག་གི་དགོན་བཏབ། ལྷ་ཁང་དང་བཀའ་བསྟན་འགྱུར་བཞེངས། ལོ་གསུམ་ནས་དགེ་འདུན་སུམ་བརྒྱ་དང་རས་པ་ལྔ་བཅུ་ཙམ་བྱུང༌། ལྷ་འདྲེ་མང་པོ་དམ་ལ་བཏགས། སློབ་མ་སོ་རག་མཁར་པ་ཚུལ་ཁྲིམས་འབྱུང་གནས་ཀྱི་གདན་ས་མཛད། དེ་རྗེས་སུ་སོ་རག་ཕུག་པ་ཚུལ་ཁྲིམས་གྱིས་གདན་ས་བསྐྱངས། དེ་ནས་སོ་རག་བྱ་བྲལ་བ་སྟེ་ཤིན་ཏུ་དར་རྒྱས་ཆེ་བར་བྱུང་ཞིིང་ཕྱིས་སུ་ཡུལ་འབྲོག་དགོན་གཉིས་བྱུང་སྟེ་ཡུལ་དགོན་གྱི་བླ་མ་ནི་ཡང་དབེན་མཁན་ཆེན་དུ་གྲགས་པ་འདི་ཡིན་ལ་དེ་དག་སོ་རག་པའི་སྐབས་སོ། །

༈ བཅོ་ལྔ་པ་ཁོ་བ་ཕུག་པ་ནི། དེའང་ཤེས་རབ་འོད་ཟེར་ས་མོ་ཕག་ལ་འཁྲུངས། རྟོགས་ལྡན་གཞོན་ནུ་འབྱུང་གནས་ལས་རབ་ཏུ་བྱུང༌། གདམས་པ་ཐམས་ཅད་རྫོགས་པར་གསན། ཡོན་ཏན་དུ་མ་དང་ལྡན། དགུང་ལོ་ལྔ་བཅུ་ལ་རྫ་སྟོད་ཁོ་བའི་དགོན་བཏབ། ལོ་བཅུ་བཞི་ལ་འཚོགས་པ་བསྐྱངས། དྲུག་ཅུ་རེ་གསུམ་ལ་གཤེགས། རིགས་དབོན་བསོད་ནམས་སེང་གེ་སྟེ་ཁོ་བ་ཕུག་པ་ལས་རབ་ཏུ་བྱུང༌། དབང་ཁྲིད་ཐམས་ཅད་རྫོགས་པར་གསན། ལྕགས་གླང་ལོ་ཁོ་བའི་གདན་ས་མཛད། ལྷ་ཁང་ཆེན་མོ་དང་ཐུབ་པའི་ལྡེར་སྐུ་སོགས་བཞེངས། ལོ་སུམ་ཅུ་རྩ་ལྔར་བསྐྱང་བས་དགོན་པ་དར་བར་བྱུང༌། ང་དྲུག་ལ་གཤེགས། དེ་རྗེས་རིགས་དབོན་མང་དུ་བྱོན་པ་སྟེ་ཁོ་བའི་སྐབས་སོ། །

༈ བཅུ་དྲུག་པ་རི་ཕ་བ་ནི། སྤྲུལ་སྐུ་བརྩོན་འགྲུས་འབྱུང་གནས་འཁྲུངས་ཡུལ་ལྕི་ཡི་དབེ་ཁུ། རུས་ཁྱུང་པོ། ཡབ་སྲུང་བ་དཔལ། ཡུམ་བཀྲ་ཤིས་བྱམས། བྱ་ལོ་ལ་འཁྲུངས། ཀརྨ་པ་རོལ་པའི་རྡོ་རྗེའི་དྲུང་ནས་རབ་ཏུ་བྱུང༌། ཚངས་གསར་བཀྲ་ཤིས་རྒྱལ་མཚན་དང༌། རིན་པོ་ཆེ་གཞོན་ནུ་འབྱུང་གནས་ལས་གདམས་པ་ཐམས་ཅད་གསན། ལོ་ཉི་ཤུ་རྩ་ལྔར་གཅིག་རི་མཛད། མངོན་པར་ཤེས་པ་ལ་ཐོགས་པ་མེད། ཀིལ་སྣའི་གདན་སར་བཞུགས། རྡོ་རྗེའི་མགུར་སོགས་བསྟན་ཆོས་མང་དུ་མཛད། རེ་དྲུག་ལ་གཤེགས། རིང་བསྲེལ་མང་དུ་བྱུང༌། སློབ་མ་ནི་གཞོན་ནུ་སེང་གེ་ཚངས་གསར་བསོད་ནམས་བློ་གྲོས། རིགས་དབོན་སངས་རྒྱས་གྲགས། ཁྲི་དོག་བསོད་ནམས་ཡེ་ཤེས། སྐྱོ་བྲག་རིན་ཆེན་བཟང་པོ་སོགས་བྱུང༌། བླ་མ་ཚུལ་ཁྲིམས་གྲགས་པ། ཡུལ་རྩིའི་འབེ་ཤག་གོང༌། མགོན་པོ་རྒྱལ་གྱི་སྲས་སུ་འཁྲུངས། ཀརྨ་པ་རོལ་པའི་རྡོ་རྗེ། སྟག་ལུང་པ། རོ་ལོ་ཚུལ་ཁྲིམས་རྒྱལ་མཚན། གཞོན་ནུ་འབྱུང་གནས་སོགས་ལས་གདམས་པ་གསན། གདན་ས་མཛད། དྲུག་ཅུ་རེ་གསུམ་ལ་གཤེགས། གདན་ས་བ་གཞོན་ནུ་སེང་གེ་རི་ཕའི་དངུལ་མོ་ཁར་བཞུགས། སློབ་བརྒྱུད་རིི་ཕ་དམར་རིལ་བ་སོགས་བྱོན་ཞིང་དེ་དག་ལྕི་རི་བ་སྟེ་རི་ཕའི་སྐབས་སོ། །

༈ བཅུ་བདུན་པ་དེང་ཐོག་པ་ནི། དེའང་དེང་ཐོག་སངས་རྒྱས་གྲགས་པ་སྐུ་འཁྲུངས་ཡུལ་ལྕི་རྐེད་རྒྱལ་ནེ་བྲོའི་མདུན་སྒམ་ནང༌། གདུང་ཁྱུང་པོ། ཡབ་སངས་རྒྱས་སྐྱབས་ཀྱི་སྲས་སུ་འཁྲུངས། ཀརྨ་པ་དེ་བཞིན་གཤེགས་པ་ལས་རབ་ཏུ་བྱུང༌། སྤྲུལ་སྐུ་བརྩོན་འགྲུས་འབྱུང་བ་ལས་བསྐྱེད་རྫོགས་ཀྱི་གདམས་པ་ཐམས་ཅད་ཞུས། དེང་ཐོག་གི་དགོན་དང་ལྷ་ཁང་གི་ལོག་བྲིས་སོགས་དར་རྒྱས་ཆེར་མཛད། གཞི་བདག་མང་པོ་དམ་ལ་བཏགས། ལྷ་མོ་དུད་སོལ་མ་ཞལ་གཟིགས། སངས་རྒྱས་སྟོང་ཞལ་གཟིགས། དྲུག་ཅུ་རེ་གསུམ་ལ་གཤེགས། བདེ་མཆོག་སོགས་རྟེན་རིང་བསྲེལ་མང་དུ་བྱོན། རིགས་དབོན་ཀུན་དགའ་སེང་གེ་དང༌། ཀུན་བསོད། ཆོས་རིན། གྲགས་རིན། ཨ་ཁད་སོགས་མང་དུ་བྱོན། ཀུན་དགའ་སེང་གེ་ནི། སངས་རྒྱས་གྲགས་པ་ལས་གདམས་པ་ཐམས་ཅད་རྫོགས་པར་ཞུས། དབུས་སུ་ཕེབས་ནས་ཀརྨ་པ་མཐོང་བ་དོན་ལྡན་སོགས་བཀའ་བརྒྱུད་ཀྱི་བླ་མ་ཡོད་དོ་ཅོག་ལ་གདམས་པ་མ་ཞུས་པ་ནི་འགའ་ཡང་མེད། དེང་ཐོག་གི་གདན་ས་མཛད། གཅོད་ཀྱི་རིན་ཆེན་ལྔ་སྐོར་ལྔ་སོགས་བསྟན་ཆོས་མང་རབ་མཛད། གཤེགས་ནས་གདུང་སྦྱངས་དུས་མེ་ཏོག་གི་ཆར་བབས་པ་སོགས་ལྟས་བཟང་པོ་ངོ་མཚར། དེའི་རིགས་དབོན་ཤཱཀྱ་རྒྱལ་མཚན་ཏེ། ཀུན་དགའ་སེང་གེ་ལས་གདམས་པ་ཐམས་ཅད་རྫོགས་པར་གསན། དེང་ཐོག་གི་གདན་ས་མཛད། དེའི་རིགས་དབོན་ཀུན་དགའ་རྒྱལ་མཚན་པ་སྟེ། ཀརྨ་པ་མི་བསྐྱོད་རྡོ་རྗེ་མཇལ། རྔོག་སྟོན་བསོད་ནམས་བསྟན་འཛིན་ལས་དུད་སོལ་མའི་སྐོར་སོགས་ཞུས། བླ་མ་ཤཱཀྱ་རྒྱལ་བ་ལས་གདམས་པ་ཐམས་ཅད་གསན་ནས་གདན་ས་མཛད། ཕྱག་རྒྱ་ཆེན་པོ་ལ་ཉིན་མཚན་མེད་པར་གནད་དུ་བསྣུན། གཤེགས་ཁར་ཁོང་རང་གི་གཟིགས་སྣང་ལ། ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་འབེབས། ཐུགས་དམ་བཟང་པོ་དང་བཅས་གཤེགས། དེའི་རིགས་དབོན་བསྟན་འཛིན་ཏེ། ཀརྨ་པ་དབང་ཕྱུག་རྡོ་རྗེ་ལས་རབ་ཏུ་བྱུང༌། དེང་ཐོག་གི་གདན་ས་མཛད། གདུལ་བྱ་རྒྱ་ཆེན་པོ་མངའ། གདུང་སྦྱང་བས་ཐུགས་བྱོན། དབོན་བརྒྱུད་རིམ་པར་བྱོན་པ་སྟེ། དེང་ཐོག་པའི་སྐབས་སོ། །

༈ བཅོ་བརྒྱད་པ་རྫ་རི་བ་ནི། རྒྱལ་སྲས་ཀུན་དགའ་བློ་གྲོས་ཏེ། སྒ་ཡི་གཡི་ལུང་མདའ་རུ་སྐུ་འཁྲུངས། རྒོད་ཚངས་པ་ཚུལ་ཁྲིམས་རྒྱལ་མཚན་ལས་རབ་ཏུ་བྱུང་ཞིང་གདམས་པ་རྫོགས་པར་མཛད། ཡོན་ཏན་ཁྱད་པར་ཅན་ཐུགས་ལ་འཁྲུངས། ཀརྨ་པ་འཛམ་གླིང་ཆོས་ཀྱི་གྲགས་པ་ཁྲོམ་ཆོས་གསུངས་ཤིང་བཞུགས་པར་མཇལ་དུ་བྱོན་པས། ཆོས་རྗེ་ཁྲི་ཁ་ནས་ལྡང་བ་མཛད་པས། དེ་རིང་སྒ་པའི་བན་དེ་བོང་རིང་བ་དེ་ལ་བཞེངས་པ་ཅི་ལགས་ཞུས་པས། དེའི་ཞབས་བཞག་སར་མེ་ཏོག་ཁྲམ་ལམ་ལམ་འཆར་བས་བྱང་ཆུབ་སེམས་དཔའ་ཞིག་ཏུ་གདའ་གསུངས་སྐད། དེས་དབྱི་མདའ་རུ་དགོན་བཏབ་ནས་གདུལ་བྱའི་དོན་མཛད། དེའི་སློབ་མ་རིན་ཆེན་དཔལ་ནི། ཆོས་རྗེ་རོལ་པའི་རྡོ་རྗེ་དང༌། ཀུན་དགའ་བློ་གྲོས་པ་གཉིས་ཀའི་སློབ་མ་ཡིན་ཞིང་ཡོན་ཏན་དཔག་ཏུ་མེད་པ་མངའ་སྟེ་སྒ་སྟོད་དུ་ཟུར་དགོན་བཏབ་ནས་འགྲོ་བའི་དོན་མཛད། རྒྱལ་མཚན་བློ་གྲོས་པ་ནི། གདུང་རུས་གླིང་ཚང་ཡིན་ཞིང༌། ཀུན་དགའ་བློ་གྲོས་པའི་དྲུང་དུ་ཁྲིད་དང་གདམས་པ་ཐམས་ཅད་རྫོགས་པར་ཞུས་ནས་བསྒོམ་པས། ཉམས་རྟོགས་ཀྱི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་ཞིང༌། བླ་མའི་གདན་ས་ཞག་བདུན་མཛད་ནས། ཁམས་དབུས་གྲྭ་སྐོར་ལ་བྱོན་ཞིང་འབྲི་གུང་ནམ་མཁའ་སྒང་དུ་དགོན་པ་བཏབ་པས། གྲྭ་པ་རྣམས་ཀྱང་མཚམས་ལ་གནས་པ་ཤ་སྟག་བྱུང་སྟེ། མཚམས་པའི་མགོ་མཐོང་ན་བྲེ་གང༌། ལག་པ་མཐོང་ན་འདོང་གང་ལེན་ཞིང༌། མགོ་བྲེ་ལག་མདོང་གི་ཁྲིམས་བཅའ་ཡིག་མཛད་ནས་གདུལ་བྱ་རྣམས་སྨིན་གྲོལ་གྱི་ལམ་ལ་བཀོད་དོ། དེ་ནས་ལྕི་སྟོད་དུ་གནས་འཕོས་པའི་རི་ཕ་སྟོད་སྨད་བར་གསུམ་དུ་གྲགས་པ་སྟེ་དབོན་བརྒྱུད་དང་སྤྲུལ་བརྒྱུད་བྱུང་ཚུལ་ནི། རིམ་གཉིས་འཇམ་དབྱངས་གྲགས་པ། མཁས་གྲུབ་བཀྲ་ཤིས་དཔལ་འབྱོར། དངོས་གྲུབ་གཉིས་ཐོབ་མགོན་པོ་དབང་ཕྱུག། གྲུབ་ཐོབ་ཀརྨ་ཚེ་དབང༌། མཉམ་མེད་མགོན་པོ་གྲུབ་པ། ཀརྨ་དོན་འགྲུབ། ཀརྨ་ཆར་རྒྱུན། འདྲེན་མཆོག་ཀརྨ་བག་ཡོད། ཀརྨ་ལེགས་གྲུབ་གྲགས་པ། བསོད་ནམས་དོན་འགྲུབ། དཀོན་མཆོག་རྣམ་སྲས། དཀོན་མཆོག་ཆོས་འཁོར། ངག་དབང་དཀོན་མཆོག་བསྟན་རྒྱལ། དཀོན་མཆོག་ཚོགས་གཉིས་རྒྱ་མཚོ། དཔལ་འབྱོར་རྒྱ་མཚོ། ངག་དབང་ཕུན་ཚོགས་དར་རྒྱས། ཀརྨ་ཆོས་དབྱིངས་རྒྱལ་མཚན། ཀརྨ་ཐེག་མཆོག་རྒྱལ་མཚན། ཀརྨ་ཐུབ་བསྟན་རྒྱལ་པོ། དཀོན་མཆོག་བསྟན་འཛིན་ཕྲིན་ལས་ལྷུན་གྲུབ་ཀྱི་བར་དུ་བྱོན་པ་སྟེ་རྫ་རི་པའི་སྐབས་སོ། །སླར་སྨྲས་པ། བཀའ་བརྒྱུད་རྣམ་ཐར་ཡོན་ཏན་རྒྱ་མཚོའི་མཇིངས༌། སྒྲུབ་བརྒྱུད་གྲུབ་བརྙེས་ཡིད་བཞིན་ནོར་བུའི་གཏམས། དོན་བརྒྱུད་ཕྲིན་ལས་རླབས་ཕྲེང་ཕྱོགས་མཐར་ཁྱབ། སྲིད་པའི་གདུང་སེལ་འདི་ལས་གཞན་སུ་ཞིག །དཔེར་ན་བྱིས་པ་ཆུང་ངུ་གང་ཞིག་གིས། མཁའ་དཀྱིལ་འདི་ཞེས་མཛུབ་མོས་མཚོན་པ་བཞིན། བདག་བློ་རབ་རྨོངས་གྱུར་དེས་འདི་ཀོ་ཞེས། རྣམ་ཐར་ཟབ་མོ་ཅི་ཞིག་དཔོག་པར་འགྱུར། དེ་ལྟ་ནའང་ལུང་གི་ཅོད་པན་ཉིད། སྤྱི་བོའི་རྒྱན་དུ་སྩལ་བས་ལྕིད་གྱུར་ཅིང༌། བསྐུལ་ཚིག་དབྱུག་གུས་བསྣུན་པས་མགྲིན་པའི་རྔ། མུ་ཅོལ་སྒྲོགས་འདི་ཀུན་གྱི་བཞད་གད་རྒྱུ། འོན་ཀྱང་དཔེ་ཧྲུལ་གཡེང་ལས་བྱུང་བ་ཡི། ལོ་རྒྱུས་ཅུང་ཟད་མཆིས་པ་བཀོད་འདི་ལ། ནོངས་པའི་རྙོག་མས་དཀྲུག་གྱུར་བརྩེ་ལྡན་གྱི། རྣམ་དཔྱོད་ཀེ་ཏ་ཀ་ཡིས་བསྒྲུངས་ཤིག་གུ། ལེགས་བྱས་ཆ་མཆིས་རྒྱལ་སྲས་ཀུན་བཟང་པོའི། ཚོགས་གཉིས་སྤྲིན་ཆེན་དང་འགྲོགས་རྗེས་སློབ་མཐུས། འགྲོ་རྣམས་བརྒལ་དཀའི་སྲིད་མཚོ་ལས་བསྒྲལ་ནས། བླ་མེད་སྐུ་བཞི་གོ་འཕང་བརྙེས་གྱུར་ཅིག། བཀྲ་ཤིས་རབ་ཏུ་དགའ་བའི་སྤྲིན་ཆེན་ལས། བཀྲ་ཤིས་འདོད་པ་འཇོ་བའི་གྲུ་ཆར་འབེབས། བཀྲ་ཤིས་ས་གསུམ་ཕན་བདེའི་ལང་ཚོ་བཞད། བཀྲ་ཤིས་མི་ནུབ་རྒྱལ་མཚན་བརྟན་གྱུར་ཅིག། ཞེས་པ་འདིའང་ནང་པ་ཚངས་གསར་པའི་ཆོས་དང་རིགས་ཀྱི་རྗེས་སུ་འབྲང་བ་ཡོན་ཏན་གྱི་ཆ་ནས་ཤིན་ཏུ་ན་ཚོད་ཕྲ་བར་གྱུར་ཅིང་ལངས་ཚོའི་ཆ་ནས་རྒན་པོར་་་་་་་མ་ཏི་རཏྣ་་་་་་་་མཆན། གྱུར་པ་དག་གིས་གྲུབ་བརྙེས་སོག་རག་བྱ་བྲལ་བའི་ཡིག་ཆ་དང༌། ཤོར་ཕུ་ཀརྨ་རབ་གསལ་བའི་ཡིག་ཆ་ཉུང་ངུ་གཉིས་རྩ་བར་བཟུངས་ནས། དཔལ་ལྡན་སྐྱོ་བྲག་པའི་གདན་ས་སྤྱི་དགོན་དར་རྒྱས་གླིང་དུ་རབ་རྒྱལ་ཁྲོ་བོ་ཞེས་པ་ཤིང་གླང་གི་ལོ་ཟླ་བ་བཞི་པའི་ཚེས་བཅུ་ནས་༼ཕྱི་ལོ་༡༩༨༥༽དབུ་བརྩམ་ཟླ་བ་ལྔ་པའི་གྲལ་ཚེས་བཅོ་ལྔར་གྲུབ་པར་བགྱིས་པའི་དགེ་བ་ཀུན་ལ་ཕན་བདེ་འབྱུང་བའི་རྒྱུར་གྱུར་ཅིག།  སུ་ཛ་ཡ།། དགེའོ། དགེའོ། དགེའོ།། །། སྒོམ་གྲྭ་ཀརྨ་དཔལ་འབྱོར་ནས་ཐེ་ཝན་རྒྱ་མཚོའི་གླིང་དུ་གློག་ཀླད་དུ་བཅུག་པའི་ བསོད་ནམས་འདིས་སངས་རྒྱས་ཀྱི་བསྟན་པ་དང་དཔལ་ལྡན་འབའ་རོམ་བཀའ་བརྒྱུད་ཀྱི་བསྟན་པ་ཡུན་རིང་དུ་གནས་པར་རྒྱུར་གྱུར་ཅིག །། །།