(17) སྤྱི་དོན་གསུམ་པ་དོན་བརྒྱུད་བྱེ་བྲག་དུ་གྱུར་པའི་གསེར་ཕྲེང་གིས་ཟུར་བརྒྱན་ནས་བཤད་པ་ལ་རི་དགོན་བཅོ་བརྒྱད་དུ་གྲགས་པ་ལས། 1

2014-04-28

~~༈ སྤྱི་དོན་གསུམ་པ་དོན་བརྒྱུད་བྱེ་བྲག་དུ་གྱུར་པའི་གསེར་ཕྲེང་གིས་ཟུར་བརྒྱན་ནས་བཤད་པ་ལ་རི་དགོན་བཅོ་བརྒྱད་དུ་གྲགས་པ་ལས། དང་པོ་ཉིན་དགོན་པ་ནི། དེའང་གསང་བ་ལུས་མེད་རྡོ་རྗེའི་སློབ་ཆེན་དབང་དང་རབ་གནས་ཀྱི་བཀའ་བབས་རྒྱལ་སྲས་ལྷ་པ་ཚུལ་ཁྲིམས་སེང་གེ་ནི། སྐུ་འཁྲུངས་ཡུལ་ཟླ་བརྒྱུད་ཀྱེ་ཡེ་རུས་ཆེན་སྨུག་པོ་གདོང༌། གདོང་ལ་རིགས་བཞི་ལས་འཛོད་དུ་ཉ་ཡག །ཡབ་རྡོ་རྗེ་རྒྱལ་པོའི་སྲས་སུ་འཁྲུངས། སྤྱན་སྔ་ལུས་མེད་རྡོ་རྗེ་ཀྱེ་ལ་ཁར་ཕེབས་སྐབས་མཇལ་བས། ལྷ་རྗེ་ཁྱོད་ཐུགས་རབ་ཆེ་བས་ང་ཡི་ཆགས་ཕྱི་བ་གྱིས་གསུངས་པས་དད་པ་སྐྱེས། རིན་པོ་ཆེའི་དབུ་མཛད་མཁན་སློབ་གྲངས་ཚང་བའི་དབུས་་རབ་བྱུང་བསྙེན་པར་རྫོགས། མཚན་ཚུལ་ཁྲིམས་སེང་གེ་དགྱེས་རྡོར་གྱི་དབང་ཞུས་སྐབས་གསང་མཚན་བདེ་བའི་རྡོ་རྗེར་གསོལ། སངས་རྒྱས་རས་ཆེན་ནས་བརྒྱུད་པའི་ཆོས་དྲུག་ཕྱག་ཆེན་རྣམས་ཉམས་འོག་ཏུ་ཆུད་པར་མཛད། དབུས་སུ་བྱོན་ནས་རྔོག་དང་ཤངས་པའི་བཀའ་བརྒྱུད་རྣམས་ལ་གཏུག་ཅིང་རྒྱུད་སྡེ་ནི་གུ་ཆོས་དྲུག་སོགས་གསན། རྟོགས་ལྡན་རྣལ་འབྱོར་རས་ཆུང་སོགས་དབུས་གཙང་བླ་མ་རྣམས་ལས་སྦྱོར་དྲུག་ལམ་འབྲས་རྫོགས་ཆེན་རྣམས་ཞུས་ནས་ཉམས་རྟོགས་དཔེ་མེད་པ་འཁྲུངས། སྐུ་འབུམ་དུ་ཕྱི་རྟེན་ཇོ་སྐུ། ནང་རྟེན་གསེར་འབུམ་ལྷ་ལུང་འབུམ་ཆུངསོགས་བཞེངས་པའི་བདག་རྐྱེན་མཛད། ལྷ་བྲིས་སྐབས་ཡེ་ཤེས་མཁའ་འགྲོས་མཚལ་ཕུལ། དབོན་བྱང་གཞོན་པ་ནང་སོ་ཆེན་མོའི་ཁྲི་བཀོད་མཛད། གྲུབ་ཐོབ་གླིང་རས་པའི་སྤྲུལ་པར་གྲགས། ཉིན་དགོན། ཀིལ་སྣ། རྡོ་གོང༌། ཡེ་གང༌། སྟག་རྩེ། མངྒའི་ཕུག་ལྷ་བཟང༌། ཀོ་མཛོ་བྲག་སོགས་ལ་རི་འགྲིམས་མཛད། འབྲི་ཟླ་བར་གྱི་འགྲོ་རྣམས་སྨིན་གྲོལ་ལ་བཀོད། བདུན་ཅུ་དོན་བདུན་ལ་ཉིན་དགོན་དུ་སྐུ་གཤེགས་གདུང་རིང་བསྲེལ་གྱི་ཕུང་པོར་གྱུར། སློབ་མ་དབོན་ཚུལ་ཡེ་བ། ཚུལ་བྱང་བ་བྱ་བྲལ་ཡེ་ཤེས་གྲགས། གྲུབ་ཐོབ་སྔོན་པོ་རས་པ་ཐུགས་རྗེ་སྐྱབས་སོགས་མང་པོ་བྱོན། གདན་ས་བ་ནི་བྱ་བྲལ་ཡེ་ཤེས་གྲགས་ཡིན། ཚུལ་བྱང་བ་ཡང་དེར་བཞུགས་ཤིང་གདན་ས་མཛད། དེ་རྗེས་ཧོར་བླ་མ་སོགས་རིམ་པར་བྱོན་རྗེས་ཤོར་ཕུ་དང་ཉ་ཡག་གཉིས་སྤོ་ལན་མཛད་པར་སྣང༌། ཤོར་སྟོད་ཀ་ཡེ་ཁར་ཉ་ཡག་ཡུལ་དགོན་བཏབ་ཅིང་ཤོར་ཕུ་ཉིན་དགོན་དུ་གཏན་ཆགས་པར་གདའ། གང་ལྟར་ཉ་ཡག་དགོན་དུ་བསྟན་དགོན་འཛིན་སྐྱོང་ཆད་མེད་བྱོན་ཀྱང་གསལ་ཆ་མ་འཚལ་རུང༌། ཕྱིས་སུ་འཇམ་སྤྲུལ་ཉི་སྤྲུལ་ཞེས་པ་བྱུང་ཞིང་ཆོས་ལུགས་ས་སྐྱ་པར་འགྱུར་བ་མ་གཏོགས་ཡུལ་འབྲོག་གཉིས་སུ་དགོན་པ་ད་ལྟ་བར་ཡོད་པ་སྟེ་ཉིན་དགོན་པའི་སྐབས་སོ། །

༈ གཉིས་པ་རྒོད་ཚང་པ་ནི། དེའང་གསང་བ་ལུས་མེད་རྡོ་རྗེའི་སློབ་ཆེན་ཕྱག་རྒྱ་ཆེན་པོའི་བཀའ་བབས་དངུལ་རྫོང་པ་ཤཱཀྱ་རྡོ་རྗེ་སྟེ། གདུང་རཀྴི་ཡིན་ཞིང་མཁས་པ་བྱུང་ཆུབ་རྡོ་རྗེ་མོང་སེ་ར་སྣར་བཞུགས་པའི་དྲུང་དུ་ཕེབས་ནས་ཆོས་ཕྱི་ནང་གསང་གསུམ་མང་དུ་ཞུས། ཁྱད་པར་དུ་ལུས་མེད་རྡོ་རྗེའི་སྙན་པ་ཐོས་ནས་སྐུ་འབུམ་དགོན་དུ་ལུས་མེད་རྡོ་རྗེ་དང་མཇལ་རབ་བྱུང་མཛད། མཚན་ཤཱཀྱ་རྡོ་རྗེར་གསོལ། དབང་དང་གདམས་པ་ཐམས་ཅད་རྫོགས་པར་ཞུས་ནས་དེ་ཉིད་དུ་འཇག་སྤྱིལ་མཛད་དེ་བསྒོམས་པས་ཉིན་མཚན་དབྱེར་མེད་ཀྱི་རྟོགས་པ་འཁྲུངས། ཕྱག་རྒྱ་ཆེན་པོའི་བཀའ་བབས་སུ་གྲགས། དེ་ནས་བདག་བཟུང་ཅན་གྱི་དགོན་པ་མ་བརྩེགས་ནས་ཁྲ་ཐེར་ལ་བརྟེན་ནས་རི་ཁྲོད་འགྲིམ་པའི་དམ་བཅའ་ཕུལ་ནས་བྱོན། འབྲི་ཟླ་བར་གྱི་འབྲོག་པ་དང་སྒ་པའི་སྟོད་རྣམས་སུ་ངེས་མེད་དུ་འགྲོ་དོན་མཛད་ཅིང་གདུལ་བྱ་བསྐྱངས། མཐར་དོན་བདུན་ལ་སྒ་སྟོད་དུ་སྐུ་གཤེགས་ཞུགས་སུ་ཕུལ་བས་རིང་བསྲེལ་ཁ་དོག་ལྔ་བྱོན་ཟླ་གཅིག་ཙམ་དུ་འཇའ་དང་མེ་ཏོག་གི་ཆར་བབས། སློབ་ཚོགས་མཐའ་ཡས་ཀྱང་དེར་བཞུགས་དབོན་ཚུལ་ཁྲིམས་རྒྱལ་མཚན་ཏེ། དབྱི་ལུང་དང་འདམ་ལུང་གཉིསཀྱི་བར་རྒོད་ཚང་ཁ་བྱ་བར་སྒར་པ་བཞུགས་ནས་བསྒྲུབ་པ་དང་འགྲོ་དོན་མཛད་པས་མིང་རྒོད་ཚང་པར་གྲགས། ཕྱིས་སུ་སྒོམ་སྡེའི་གདན་དྲངས་ནས་ལྷ་དོག་ཟླ་ནང་སོགས་འགྲོ་དོན་ཆེར་རྒྱས། མཐར་རྒོད་ཚང་ཁར་སྐུ་གཤེགས། སློབ་མ་ཀུན་དགའ་བློ་གྲོས་སོགས་མང་དུ་བྱོན། གདན་ས་བ་ནི་དབོན་ཡོན་ཏན་བཟང་པོ་དང་ཀུན་དགའ་བཟང་པོས་མཛད་ཅིང་དབོན་བརྒྱུད་ནི་ཚུལ་ཁྲིམས་བཟང་པོ་སོགས་ཀྱི་རིམ་པར་གདན་ས་བསྐྱངས་ནས་ཕྱིས་ཀྱི་བར་ཙམ་ཡོད་པར་སྣང་བ་སྟེ། རྒོད་ཚང་པའི་སྐབས་སོ། །

༈ གསུམ་པ་བེའུརུ་བ་ནི། འགྲོ་མགོན་ཏི་ཤྲཱི་རས་པའི་ཞབས་ཟིན། ཚ་རོང་བ་ཤེས་རབ་རྡོ་རྗེ་ཞེས། གདུང་བམ་རི་གཟི་པ། ཡབ་བེའུ་རུ་ཆོས་གྲགས་ཀྱི་སྲས་སུ་མདོ་སྨད་ཀྱི་ཕ་བོང་གུར་དཀར་ཞེས་པར་སྐུ་འཁྲུངས་པས་གུར་དཀར་བར་གྲགས། སྐུ་ཆུང་ནས་ཏི་རས་ཀྱི་སྤྱན་སྔ་བ་མཛད། རབ་ཏུ་བྱུང་བའི་མཚན་ཤེས་རབ་རྡོ་རྗེར་གསོལ། ཆོས་ཕྱི་ནང་གསང་གསུམ་གྱི་སྒྲོ་འདོགས་ཆོད་པར་མཛད། རས་གུར་གཉིས་ཟེར་བའི་མཚན་མཉམ་པོར་འདྲེན་པ་བྱུང་རུང༌། ཕྱིས་་སུ་དམུ་ཆུའི་བསྙུང་གཞི་དྲག་པོར་བྱུང་བར་ཁམས་གཞི་ཡིན་དགོངས་ནས་དབུས་གཙང་དུ་འབྱོན་པའི་ལམ་མགོ་རུའི་ཁེ་ནང་དུ་བྱོན་ནས་བཞུགས་པར་རས་པ་དཀར་པོས་བཤོལ་མཛད་པས། ངའི་ནད་འདི་བླ་མ་སྤྲུལ་པའི་སྐུ་དེ་མ་བཞུགས་ཕྱིན་འདི་ཕྱོགས་ལ་སེལ་ནུས་པ་ནི་མེད། དེ་ལན་རེ་ཞིག་དབུས་གཙང་དུ་སེལ་ནུས་པ་ཡོད་དམ་སྙམ་ནས་འགྲོ་བ་ཡིན་གསུངས་པས། རས་དཀར་བས་བླ་མ་རིན་པོ་ཆེ་མི་བཞུགས་ཀྱང་གདམས་པ་ཟབ་མོ་དེ་དག་བདག་ལ་བདོག་པས་འདི་སེལ་བ་ལ་དཀའ་བ་མི་འོང་གསུངས་ནས་སྟན་དཀར་པོ་གཅིག་གི་སྟེང་དུ་བཞུགས་སུ་བཅོལ་ནས། རྟེན་འབྲེལ་དང་བྱིན་རླབས་མང་དུ་མཛད་ཅིང་འཁྲུལ་འཁོར་དམིགས་པ་བསྟན་ནས་འཁྲུལ་འཁོར་མཛད་པས་དམུ་ཆུའི་ནད་ཐམས་ཅད་བ་སྤུའི་བུ་ག་ནས་སྔོ་ཆིལ་ཆིལ་ཐོན་ནས་དེ་ཉིད་དུ་སྙུན་ལས་གྲོལ། དེ་ནས་སྐུ་འབུམ་རྩར་ཕེབས་ནས་མཆེད་གྲོགས་ལ་དད་པ་དཔག་མེད་འཁྲུངས་ནས་སླར་གདམས་ངག་ཐམས་ཅད་ལ་དཔྱིས་ཕྱིན་པར་མཛད་དེ་རྩ་བའི་བླ་མར་འཛིན་ཅིང་བསྙེན། གྲུབ་པ་བརྙེས་ནས་གདན་ས་དེ་རང་དུ་གཤེགས། སློབ་བརྒྱུད་དབོན་ཨ་རོམ་སངས་རྒྱས་ཡེ་ཤེས་ཞེས་པ་ཉིད་བེའུ་རི་དཀར་ལྕོགས་གི་རི་ཁྲོད་དུ་བསྒྲུབ་པ་མཛད་ཅིང་ཚོགས་བདག་དངོས་སུ་གྲུབ། དབོན་བརྒྱུད་ཤེས་རབ་གྲུབ་དང༌། རིན་ཆེན་ཀླུ་སོགས་བྱོན་པ་སྟེ། དེ་དག་རྩོད་མེད་ཀྱི་སྔགས་པ་ནུས་པ་ལ་དབང་ཐོབ་པ་ཡིན་ལ་དེ་ནས་རིམ་པར་བརྒྱུད་པ་ལ་ནང་ཆེན་པའི་སྔགས་པར་གྲགས་ཤིང༌། ཕྱིས་ཡུག་གི་བེའུ་རུ་དགོན་དང༌། དཔལ་ཁའི་བླ་ཆེ་ཆུང་ཞེས་པ་ས་སྐྱ་པར་གྱུར་པ་འདི་རྣམས་དང༌། བེའུ་རུའི་དབོན་པོ་ཡང་ད་བར་ཡོད་སྐད་བཅས་བེའུ་རུའི་བའི་སྐབས་སོ། །

༈ བཞི་པ་དགོན་སར་བ་ནི། མཁས་པ་བྱང་ཆུབ་རྡོ་རྗེ་ཞེས་ཆོས་རྗེ་རས་པ་དཀར་པོའི་མདུན་དུ་རབ་ཏུ་བྱུང༌། མཚན་བྱང་ཆུབ་རྡོ་རྗེ་གསོལ། སངས་རྒྱས་རས་ཆེན་ནས་བརྒྱུད་པའི་གདམས་སྐོར་ཆོས་སྤྱི་དང་བྱེ་བྲག་མ་ལུས་པ་ཐུགས་སུ་ཆུད་པས་མཁས་པའི་སྙན་པ་ཐོབ། སྒྲུབ་པ་རྩེ་གཅིག་ཏུ་མཛད་པས་ཡོན་ཏན་གྱི་སྒོ་དུ་མ་དང་ལྡན་ཞིང༌། དུས་རེས་ཞིག་གི་ཚེ་མཛེ་ཕོ་བཅུ་གསུམ་ཁྲིད་ནས་ཀེ་མཛོ་རྡོ་རྗེ་ཐོག་འབེབས་ཀྱི་མགོར་བྱོན་ནས་བཞུགས་པ་ལ། ནུབ་གཅིག་རས་པ་དཀར་པོ་ཨང་རག་གྱོན་པ་གཅིག་གིས་སྣ་དྲངས་པའི་མི་མ་ཡིན་མང་པོ་ནམ་མཁའ་ལས་བྱུང་ནས་ཆོ་འཕྲུལ་སྣ་ཚོགས་བསྟན་ཅིང་ཐོག་དང་སེར་བ་ཆེན་པོ་ཕབ་པས་མཛེ་ཕོ་གཅིག་མལ་དུ་བསད། བཅུ་གཉིས་པོ་དེ་ཉིད་དུ་ཕན་པར་གྱུར། དེ་ནས་མོན་སེར་སྣར་བྱ་བར་དགོན་པ་བཏབ་ཅིང་འགྲོ་དོན་རྒྱ་ཆེར་བྱུང༌། མགོན་པོ་ཕྱག་བཞི་པ་དངོས་སུ་འགྲུབ། དེའང་མཁས་གྲུབ་ཆེན་པོ་བྱང་དཔལ་བྱང་རྡོར་གཉིས་ཟེར་ནས་ལུས་མེད་རྡོ་རྗེ་དང་མཚན་མཉམ་དུ་འབོད་པ་བྱུང༌། སློབ་ཚོགས་ནི་སྣག་དབོན་ཤཱཀྱ་ཡེ་ཤེས་སྐུ་མཆེད་རྣམས་ཡིན་ཞིང༌། རུས་དབོན་ནི་སློབ་དཔོན་གྲགས་རྡོར་བ་ཡིན་ཏེ་དེ་དག་ཀྱང་ཆོས་སྐྱོང་གཙོ་འཁོར་གྱི་ཞལ་གཟིགས་ལན་མང་བྱུང་ཞིང༌། སྔགས་གྲུབ་རྩོད་མེད་དུ་གྲགས་པ་དང༌། དབོན་སློབ་དཔོན་མངྒ་ལ་ཀིརྟི་ཞེས་པ་དེ་དག་ནས་བརྒྱུད་པ་ལ་ཚངས་གསར་པ་དང་སོ་རག་པའི་སྔགས་བརྒྱུད་རྣམས་བྱུང་བ་སྟེ་དགོན་སར་བའི་སྐབས་སོ། །

༈ ལྔ་པ་རྣ་རོང་པ་ནི། རླུང་སེམས་གཉིས་མེད་ཀྱི་གྲུབ་རྟགས་བརྙེས་པ་གཟི་དྷུ་རས་པ་སྟེ། ཆོས་རྗེ་རས་དཀར་བའི་ཞབས་ལ་བཏུད། གསང་བ་ལྷན་གཅིག་སྐྱེས་པའི་དབང་བཀའ་ཟབ་མོ་ཕྱག་རྒྱ་ཆེན་པོ་དང༌། ཐབས་ལམ་ནཱ་རོ་ཆོས་དྲུག་གི་སྐོར་མ་ལུས་པ་གསན་ནས་སྐུ་ཚེའི་སྟོད་ལ་རི་ཁྲོད་ངེས་མེད་དུ་སྒྲུབ་པ་མཛད། སྨད་ཆར་རྩིའི་ཡོས་སུ་ལྷུན་གྲུབ་གླིང་ཞེས་པའི་གདན་ས་བསྐྱངས། གདན་ས་བ་སེང་གེ་རས་པ་སོགས་བྱུང་ཞིང༌། བུ་ཆེན་ནམ་མཁའ་རས་པ་ཚུར་བྱོན་ཏེ་རྣ་བ་རོང་གི་རོག་སོག་རྫོང་དུ་དགོན་བཏབ་ནས་གྲྭ་པ་བསྐྱང་བ་ལ། གདན་ས་བ་གཞོན་ནུ་རྡོ་རྗེ་དང༌། མཛོ་མཐའ་རས་པ། སྟག་སྒྲ་རས་པ་སོགས་མང་དུ་རིམ་པར་བྱོན་པ་སྟེ་རྣ་རོང་བའི་སྐབས་སོ། །

༈ དྲུག་པ་སྟོང་ནག་རས་པ་ནི། སྤྱན་སྔ་བྱང་གཞོན་པའི་སློབ་ཆེན་བློ་གྲོས་རྡོ་རྗེ་སྟེ། སྐུ་འཁྲུངས་ཡུལ་ལྕི་རྒྱུད་སྟོང་རོང་མཆིག་ནག་གི་རྫོང་ནག་ཅེས་པར། ཡབ་ཚབ་ཤི་སེང་གེ་དཔལ་གྱི་སྲས་སུ་འཁྲུངས། ཁོང་སྐུ་ན་གཞོན་པར་ཡབ་ཀྱི་རྫོང་གཞི་ལ་མ་ཆགས་པར་བན་བྲོས་ལ་ཚངས་གསར་ནང་དུ་བྱོན། སྤྱན་སྔ་བྱང་ཆུབ་གཞོན་ནུ་ལས་རབ་ཏུ་བྱུང༌། མཚན་བློ་གྲོས་རྡོ་རྗེར་བཏགས། ཡི་དམ་རྡོ་རྗེ་ཕག་མོ་གཙོར་གྱུར་པའི་རྒྱུད་སྡེའི་དབང་བཀའ་རྣམས་དང༌། ཕྱག་རྒྱ་ཆེན་པོ་དང་ཆོས་དྲུག་གི་ཐབས་གྲོལ་གྱི་གནད་རྣམས་ལེགས་པར་གསན་སྦྱང་མཐར་ཕྱིན་པར་མཛད། དེ་ཉིད་དུ་སྒོམ་སྡེ་ཚངས་གསར་པའི་བྲང་ཁང་ཆེན་མོའི་ཕྱོགས་གཅིག་ཏུ་འདག་སྦྱར་མཛད་ནས་ལོ་བདུན་དུ་བསྒོམས་པས་རྡོ་རྗེ་རྣལ་འབྱོར་མ་ཞལ་གཟིགས། གཏུམ་མོའི་དྲོད་ཆེན་འབར་དགུན་སྒང་ཁ་བ་བབས་པར་སྐུ་ལུས་ཀྱི་སྟེང་འདོམ་སྐོར་དུ་སྒྲུབ་ཁང་ཁར་ཁ་བ་མེད་པ་སོགས་གྲུབ་པའི་ཚད་དུ་སོན། དེ་ནས་དབུས་སུ་བྱོན་ནས་རྒྱ་བྲག་ཆོས་རྗེ་ལས་ཞི་བྱེད་གསན་པ་སོགས་གྲུབ་བརྙེས་མང་དུ་བསྟེན། ཁྱད་པར་དུ་ཀརྨ་པ་རང་བྱུང་རྡོ་རྗེ་མཇལ། ཕྱག་རྫོགས་ཟུང་འཇུག་གི་གདམས་པ་ཞུས། བྱང་འབའ་རོམ་དུ་རྒྱལ་ཚབ་ཆོས་ཀྱི་ཁྲིར་ལོ་ཤས་བཞུགས། མར་བྱོན་ནས་ཇོ་མོ་གཡུ་སྒྲོན་ཀུ་སྐྱོ་ཇབ་དང་རྫ་ཉིན་ལ་ཆིང་སོགས་སུ་གཅིག་རི་ཁོ་ནར་མཛད། མཐར་ཟླ་ཉིན་ལ་ཆིང་དུ་སྐུ་གཤེགས། གདུང་ཞུགས་སུ་ཕུལ་བས་འཇའ་མི་འདྲ་བ་མང་པོ་པུར་ལ་ཟུག་ཤིང་རིང་བསྲེལ་གྲངས་མེད་བྱོན། གདུང་རྟེན་ཆ་གསུམ་དུ་བསྒོས་ཏེ་བཞེངས་པར་གྲགས། སློབ་མ་ལ་རིགས་དབོན་དབང་རྒྱལ། དབོན་ཚུལ་བློ་བ༌། ལྷ་རས་པ། ལྕི་རས་པ། ཇབ་པ་བ། སྟག་གེ་རས་པ། གསག་གེ་རས་པ། བསོད་ནམས་དཔལ། མེ་གནས་བཟོད་པ། མེ་གནས་ཞི་བ་སོགས་མང་བར་བྱོན། རིགས་དབོན་དབང་རྒྱལ་གྱིས་ལྕི་སྟོད་དུ་འབྲོག་དགོན་དང་ཀུ་སྐྱོའི་རི་དགོན་ཟུང་འབྲེལ་མཛད། དབོན་ཚུལ་བློ་ལ་ཆིང་གི་གདན་སར་བཞུགས། དབང་རྒྱལ་གྱི་སློབ་མ་རིགས་དབོན་ཀུན་དགའ་སྟེ་སྐྱོ་བྲག་ཆོས་རྗེ་ལས་རབ་ཏུ་བྱུང༌། དབང་རྒྱལ་ལས་གདམས་པའི་ཕུ་ཐག་བཅད་ནས་ཀུ་སྐྱོའི་གདན་ས་བསྐྱངས། དབོན་བདེ་ཆེན་ནི་དབང་རྒྱལ་ལས་གདམས་པ་གསན་ནས་ལྕི་སྟོད་འབྲོག་དགོན་དུ་བཞུགས། དེ་ནས་དབོན་བརྒྱུད་རིམ་བྱོན་རྗེས་འབྲོག་དགོན་དུ་འབྲོང་བླ་ཀརྨ་རིན་ཆེན་དབང་རྒྱལ་ལམ་བསྟན་འཛིན་རབ་རྒྱས་ཞེས་པ་བྱོན། དམ་པ་དེ་ཉིད་ནི་ཀརྨ་པ་བཅུ་གསུམ་བདུད་འདུལ་རྡོ་རྗེ་དང་སི་ཏུ་བསྟན་པའི་ཉིན་བྱེད་ཀྱི་ཞབས་ཟིན་ཐུགས་སུ་བྱོན་པའི་སྲས་སུ་གྱུར། སྨན་རྩིས་སོགས་རིག་གནས་དང་ནང་དོན་རིག་པའི་སྐོར་སོགས་མཁས་གྲུབ་རྨད་དུ་བྱུང༌། གདན་ས་བསམ་ཉི་ཟླ་ཁར་མཛད། ཁྱད་པར་འབྲོང་སྨན་སྙིང་ཐིག་ཞེས་པའི་སྲོལ་ཚུགས། སློབ་བརྒྱུད་ཕྲིན་ལས་རྣམ་རོལ་ཐུབ་བསྟན་སྙིང་པོ་སོགས་མང་དུ་སྤྲུལ་བརྒྱུད་བྱོན་ཞིང་གདན་ས་གཉིས་ཡོད་པ་ལ་བླ་ཆེ་ཆུང་དུ་གྲགས་པ་ད་ལྟ་ཡོད་བཞིན་པ་སྟེ་སྟོང་ནག་པའི་སྐབས་སོ། །

༈ བདུན་པ་ཇབ་པ་ནི། རྟོགས་ལྡན་བཟོད་པ་སྟེ་སྟོང་ནག་རས་པ་བློ་གྲོས་རྡོ་རྗེ་ལས་རབ་ཏུ་བྱུང༌། གདམས་པ་ཡོངས་སུ་རྫོགས་པར་མཛད་དེ་སྐུ་ཡི་ཉེ་གནས་ཡུན་རིང་དུ་ཞབས་ཏོག་ཕུལ། ཞི་བར་གཤེགས་ནས་ཇབ་ཀྱི་སྒྲུབ་ཕུག་ཏུ་མཚམས་བཅད་མཛད། དེ་ནས་དཔལ་གྱི་ཇབ་དགོན་བཏབ་ནས་གདུལ་བྱ་ཆེ་འུར་དེའི་སློབ་མ་ཇབ་པ་ངག་དབང་སྟེ། རྟོགས་ལྡན་བཟོད་པ་ལས་སྨིན་གྲོལ་མཐར་ཕྱིན་པ་མཛད། དེ་རྗེས་ཇབ་པ་བླ་མ་དཔལ་འབྱོར་ཞེས་པ་སོགས་བྱོན་ཞིང་ཕྱིས་ཀྱི་བར་རྒྱུན་མ་ཆད་པར་སྣང་བ་སྟེ་ཇབ་པའི་སྐབས་སོ།  །

༈ བརྒྱད་པ་སྐྱོ་བྲག་པ་ནི། ལྷ་རས་པ་བརྩོན་འགྲུས་དཔལ་བ་སྟེ་སྐུ་འཁྲུངས་ཡུལ་ལྕི། གདུང་མཆོག་པོའམ་ལྷའི་གདུང༌། ཚངས་གསར་པའི་སྤྱན་སྔ་གྲགས་བྱང་བ་དང༌། སྟོང་ནག་རས་པ་བློ་གྲོས་རྡོ་རྗེ་གཉིས་ཀ་ལ་ཐུག་གདམས་པ་ཐམས་ཅད་གསན། སྐྱོ་ཁོ་ཉིན་ཕུག་རྔ་རོང་སོགས་སུ་སྐུ་ཚེ་དང་བསྒྲུབ་པ་མཉམ་མཐར་ཉིན་ཕུག་ཏུ་སྐུ་གཤེགས་པའི་གདུང་འབུམ་ཡོད། སློབ་ཚོགས་མང་དུ་བྱོན་པའི་ནང་ནས་མཆོག་ཏུ་གྱུར་པ་གླང་རས་གྲགས་པ་རྒྱལ་མཚན་ཏེ། ཉང་རལ་ཉི་མ་འོད་ཟེར་གྱི་གཏེར་ལུང་ལས། རྫོང་ཆེན་ཀུན་གྱི་ཡ་གྱལ་སེང་གེ་རྫོང྄༔ མཁའ་སྤྱོད་ས་ལ་ཆགས་པའི་སྐྱོ་བྲག་པ༔ རྡོ་རྗེ་འཆང་དངོས་མི་ཡི་ཚུལ་བཟུང་བའི༔ བསྟན་པ་འཛིན་པའི་རྒྱལ་མཚན་མིང་ཅན་འབྱུང༔ ཞེས་གསུངས་པ་བཞིན། གླང་རས་པའི་སྐུ་འཁྲུངས་ཡུལ་རྫ་བརྒྱུད་ཤེལ་ཚ། ཡབ་གླང་རིན་ཆེན་བླ་མ། སྟག་གི་ལོ་ལ་སྐུ་བལྟམས། སློབ་དཔོན་སྟོང་ནག་རས་པ་དང༌། ཀརྨ་པ་རོལ་པའི་རྡོ་རྗེ་ལས་བསྐྱེད་རྫོགས་གདམས་སྐོར་དང་རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་སོགས་མང་དུ་གསན། ཁྱད་པར་ལྷ་རས་པ་ལས་གདམས་ངག་ཐམས་ཅད་རྫོགས་པར་གསན། འཇམ་དབྱངས་ཀྱི་སྤྲུལ་པར་གྲགས། ཤེ་ཕྲོམ་རྒྱམ་རྒྱལ་སྐྱོ་ཁོ་ཉིན་ཕུག་སོགས་ལ་ལོ་ཉི་ཤུ་བཞུགས། དེ་ནས་མཁའ་འགྲོའི་ལུང་བསྟན་ངོ་མཚར་བ་བྱུང་སྟེ། མཁའ་འགྲོ་མ་ཝ་ལ་སྤྲུལ་ནས་ཆའུ་ཁྱེར་སོང་བ་སྐྱོ་བྲག་མགོ་ཡི་བྲག་ཐོག་ལ་བཞག་འདུག་པ་གཟིགས་ནས་མཁའ་འགྲོའི་དགོན་པར་ཞབས་ཀྱིས་བཅག་པའི་རྟེན་འབྲེལ་དུ་གོ་ནས་སྐྱོ་བྲག་མགོ་ཡི་དགོན་བཏབ། སྐུ་གསུང་ཐུགས་རྟེན་མང་བར་བཞེངས། དོན་གསུམ་སྟག་གི་ལོ་ལ་སྐུ་གཤེགས། རྟེན་ཐུགས་ལྗགས་སྤྱན་གསུམ་དང་རིང་བསྲེལ་མཐའ་ཡས། སློབ་མ་མང་དུ་མཆིས་ཀྱང་གཙོར་ཆེ་བ་དྲུང་རྨ་སེ་དང་བསོད་ནམས་བཟང་པོ་གཉིས་ཡིན་ཞིང༌། དེའང་གྲྭ་སྟོད་ཨོ་རྒྱན་གླིང་པའི་གཏེར་ལུང་ལས། བོད་ཡུལ་ཁམས་ཀྱི་སེང་རྫོང་དུ༔ བྲམ་ཟེ་མདའ་བསྣུན་ས་ར་ཧ༔ དངོས་བྱོན་གྲུབ་པའི་མཆོག་བརྙེས་པ༔ བསོད་ནམས་མཚན་ཅན་འབྱུང་བར་འགྱུར༔ ཞེས་གསུངས་པ་ལྟར་སྐུ་འཁྲུངས་ཡུལ་ཀོ་རོག་དར་ལུང༔ གདུང་འདན་མ་ཆུ་ཕོ་བྱི་བའི་ལོ་ལ་སྐུ་འཁྲུངས། ཚངས་གསར་བསོད་ནམས་རིན་ཆེན་ལས་རབ་ཏུ་བྱུང༌། མཚན་བསོད་ནམས་བཟང་པོར་གསོལ། ཀརྨ་པ་དེ་བཞིན་གཤེགས་པ་ལས་ཆོས་མང་དུ་ཞུས། གླང་རས་པ་ལས་ཕྱག་ཆེན་ཆོས་དྲུག་གི་སྐོར་གསན། ཞབས་ཏོག་རྒྱ་ཆེན་བསྒྲུབ་པས་ཉམས་རྟོགས་གོང་དུ་འཕེལ། རྡོ་རྗེ་འཇིགས་བྱེད་སོགས་ཡི་དམ་མང་པོ་ཞལ་གཟིགས། གཏོར་མར་བདུད་རྩི་བབས། སྐྱོ་བྲག་མགོ་ནས་ཆབ་ཏི་གསེར་ཕུག་ཏུ་འཕུར་བའི་རྫུ་འཕྲུལ་ལན་མང༌། སྒོམ་རོ་གཅིག་རྟོགས་པ་འཁྲུངས། བདུན་ཅུ་དོན་བརྒྱད་ལ་སྐུ་གཤེགས། སྐུ་གདུང་ཤ་རི་རམ་དུ་གྱུར། སློབ་མ་མང་པོའི་ནང་ནས། རིན་ཆེན་བཟང་པོ། བསོད་དབང་བ། བཀྲ་ཤིས་དབང་ཕྱུག་སོགས་བྱོན་པའོ། །ཆོས་རྗེའི་སློབ་མ་རིན་ཆེན་བཟང་པོ་ནི། གདུང་འབའ་རེ་ཡིན་ཏེ། ཉིད་ཀྱི་གསུངས་ལས། འབའ་ལ་རེ་བའི་གདུང་བརྒྱུད་ཞེས་བྱ་འདི། གནམ་མཚོའི་གླིང་དུ་གླང་ཆེན་དཔལ་སེང་གིས། ཕྱག་རྡོར་དྲེགས་འདུལ་བསྒྲུབས་ནས་གྲུབ་པ་ཐོབ། ཉིད་ཀྱི་གདུང་བརྒྱུད་དེ་ཕྱོགས་བྱུང་བ་ལ། ཏིང་འཛིན་གྲུབ་པ་ཐོབ་པ་མང་དུ་འབྱུང༌། དེ་ནས་དཔལ་ཆེན་རྒྭ་ལོ་གནས་དེར་ཕེབས། དབང་ཆེན་གྲགས་པ་ཞེས་པའི་སྔགས་པ་དེ། རྗེས་སུ་བཟུང་ནས་བདེ་མགོན་ཐུགས་དམ་མཛད། འབའ་རོམ་བྲག་ཏུ་དར་མ་དབང་ཕྱུག་མཇལ། ཕྱག་རྒྱ་ཆེ་དང་ཆོས་དྲུག་སྦྱོར་དྲུག་ཞུས། དེ་སྲས་དཔལ་ཆེན་ལེགས་ལྡན་བཟང་པོ་དེས། རིན་ཆེན་སྤུངས་པར་མགོན་པོ་ལོ་བདུན་བསྒྲུབ། ཀུན་གྱིས་བཀུར་བས་གདུང་བཙུན་སྒོམ་ཆེན་ཞེས། སྒོམ་པས་གཉུག་མ་འབའ་ཞིག་གནས་པ་ཡི། གདུང་རྒྱུད་བཟང་བས་ཀུན་གྱི་རེ་ཆེ་བས། དེ་ཕྱིར་ཏི་ཤྲཱི་རས་ཆེན་ལུང་བསྟན་ལས། ཁྱོད་ནི་ཁམས་ཀྱི་སྐྱོ་ནམ་བྲག་ཅེས་སུ། ཇོ་ཞེས་རི་བོ་བིལ་བའི་དབྱིབས་པ་རུ། ལྕགས་ཀྱི་བྱ་ཁྱུང་ནམ་མཁར་ལྡིང་འདྲའི་གནས། གཡས་རི་ཧཱུྃ་ཡིག་གཡོན་རི་རྨ་བྱའི་གདོང༌། མདུན་དུ་ལྕགས་ཀྱི་སེང་གེ་ཉལ་བའི་བྲག །ཁྱུང་གི་སྒོང་ང་འདྲ་བའི་དོག་སར་སོང༌། རིག་འཛིན་སུམ་ཅུའི་གདུལ་བྱའི་ཞིང་སར་འགྱུར། ཞེས་དང༌། ཏི་ཤྲཱི་རས་པ་ཆེན་པོའི་རྡོ་རྗེའི་ལུང་བྱང་ལས། ཨོ་རྒྱན་སྦས་གནས་སེང་གེ་རྫོང་འདི་རུ། འགྲོ་དོན་རྒྱུན་མི་འཆད་པའི་གནས་ཀྱི་བདག །གྲགས་པ་གསུམ་དང་བཟང་པོ་ལྔ། རྒྱ་མཚོ་བཞི་དང་སྙིང་པོ་བདུན། འོད་ཟེར་གསུམ་དང་སེངྒེ་གཉིས། ཡེ་ཤེས་གཉིས་དང་སངས་རྒྱས་གསུམ། ཀརྨ་ཆོས་དང་ཕུན་ཚོགས་མིང༌། རིག་འཛིན་སུམ་ཅུའི་གདུལ་བྱ་སྐྱོང༌། ཞེས་བསྟན་པ་ལྟར་གྱི་གདུང་བརྒྱུད་དེའང་ལྕི་རྒྱུད་དབྱེ་ནེ་གསེར་ཁང་དུ་ཡབ་འབའ་རེ་དཔོན་རྒོད་མའི་སྲས་གཡུང་དྲུང་སྐྱབས་ཏེ་དེ་ལ་སྲས་གསུམ་བྱོན་པའི་ཆེ་བ་མི་ལ་རས་པའི་སྤྲུལ་པ་འབའ་རེ་རིན་ཆེན་བཟང་པོ་སྐྱོ་བྲག་ཆོས་རྗེ་ལས་གདམས་པ་ཐམས་ཅད་གསན། རྫ་དགོན་བཏབ། རོ་གཅིག་གི་རྟོགས་པ་འཁྲུངས། སྐྱོ་བྲག་གི་གདན་ས་མཛད། འགྲོ་དོན་རྒྱ་ཆེ་བར་བྱུང་ཞིང་བདུན་ཅུ་ལ་སྐུ་གཤེགས། རིང་བསྲེལ་ཁ་དོག་ལྔ་ལྡན་དད་པའི་རྟེན་དུ་བཞག །གཅུང་བསོད་ནམས་དབང་ཕྱུག་སྐྱོ་བྲག་ཆོས་རྗེའི་རྗེས་སུ་བཟུང་བཛྲ་ཀིརྟིའི་སྤྲུལ་པར་གྲགས། ཀརྨ་པ་མཐོང་བ་དོན་ལྡན་མཇལ། དབང་ཆོས་མང་དུ་ཞུས། སྐྱོ་བྲག་གི་གདན་ས་མཛད། རེ་གཅིག་ལ་སྐུ་གཤེགས། རྐང་གི་ཕུག་ཏུ་རྡོ་རྗེ་ཕག་མོའི་སྐུ་བྱོན། དེའི་དབོན་ཆོས་འོད་ཟེར་ནི་བསོད་ནམས་བཀྲ་ཤིས་ཀྱི་སྲས་སུ་འཁྲུངས། གྲུབ་ཐོབ་རམ་ནེ་ཆོས་གཡུང་གི་སྤྲུལ་པར་གྲགས། ཁོ་བོ་བླ་མ་དང་འབྲུག་ཚ་བཀྲ་ཤིས་དབང་ཕྱུག་ལས་གདམས་པ་ཐམས་ཅད་གསན། སྐྱོ་བྲག་མགོར་གཙུག་ལག་ཁང་དང༌། བྱམས་ཆེན་བཀའ་འགྱུར་སོགས་བཞེངས། རྡོ་ཕུ་ན་ལྷ་ཁང་ལོག་བྲིས་རྟེན་མཆོད་འགྲན་ཟླ་བྲལ། མངོན་མཁྱེན་གྲུབ་རྟགས་ཚད་མེད། དྲུག་ཅུ་རྩ་ལྔ་ལ་གཤེགས། དབུ་བུམ་རིལ་ལ་རྒྱུད་སྡེའི་ལྷ་ཚོགས་བྱོན། དེའི་སློབ་མ་རིགས་དབོན་ཀུན་དགའ་སྙིང་པོ་ཁུ་བོའི་བླ་མ་ལས་གདམས་པ་ཞུས། ཀརྨ་པ་མི་བསྐྱོད་ཞབས་ལ་གདམས་པའི་ཕུ་ཐག་བཅད། གདན་ས་མཛད། མཐུ་དང་རྫུ་འཕྲུལ་ལ་མངའ་བརྙེས། ཞེ་དགུ་ལ་གཤེགས། ཐུགས་ལྗགས་རིང་བསྲེལ་སོགས་བྱོན། དེའི་དབོན་ཀུན་དགའ་རྒྱ་མཚོ་ནི། ཁུ་བོ་བླ་མ་ལས་གདམས་པ་རྫོགས་པར་མཛད། མགོན་པོ་ཕྱག་བཞི་པ་དངོས་སུ་འགྲུབ། གདན་ས་མཛད་ང་གཉིས་ལ་སྐུ་གཤེགས། གདུང་ལ་བྱོན་པ་གྲངས་མང༌། དེའི་དབོན་སྐྱོ་བྲག་བསྟན་འཛིན་བཟང་པོ་ནི། རཏྣ་གླིང་པའི་ལུང་བསྟན་ལས། སྤྱན་རས་གཟིགས་མགོན་མི་ཡི་ཚུལ་བྱོན་པ༔ བསྟན་འཛིན་མིང་ཅན་ཁམས་ཀྱི་ཕྱོགས་ནས་འབྱོན༔ ཡི་གེ་དྲུག་པའི་ཆོས་སྒྲས་སྟོང་གསུམ་གང༔ མཐོང་ཐོས་འབྲེལ་ཚད་བདེ་བ་ཅན་དུ་འདྲེན༔ ཞེས་པ་ཐུགས་རྗེ་ཆེན་པོའི་སྤྲུལ་པར་གྲགས་ཤིང་གྲུབ་པ་སྟེ། དབང་འཕགས་ཀྱི་སྲས་སུ་འཁྲུངས། ཁུ་བོ་བླ་མ་ལས་གདམས་ངག་བུམ་པ་གང་བྱོའི་ཚུལ་དུ་གསན། སི་ཏུ་ཆོས་ཀྱི་གོ་ཆ་དང༌། ཟུར་མང་ལེགས་བཤད་སྒྲ་དབྱངས་ལས་སྙན་བརྒྱུད་མ་ལུས་པ་གསན། མེ་བྱི་ལ་རྫ་མོ་དགོན་དུ་མ་ཎི་བུམ་སྒྲུབ་རྒྱུན་འཛུགས་མཛད། རྟེན་བཞེངས་བསམ་ལས་འདས་པ་གྲུབ། བརྒྱད་ཅུ་ཐམ་པ་ལ་སྐུ་གཤེགས། དབུ་བུམ་རིལ་རིང་བསྲེལ་ཅན་བྱོན། དེའི་སློབ་མ་སྐྱོ་བྲག་ཀརྨ་རྒྱལ་མཚན་དང་ཀརྨ་ཡེ་ཤེས་གཉིས་ལས་གདན་ས་བ་ཀརྨ་ཛྙཱ་ན་ནི། རཏྣ་གླིང་པའི་གཏེར་ལུང་ལས། ཕྱག་རྡོར་ཐུགས་སྤྲུལ་འགྲོ་བ་ཐབས་ཀྱི་འདུལ༔ ཡེ་ཤེས་མིང་ཅན་ཁམས་ཀྱི་ཕྱོགས་སུ་འབྱུང༔ ཞེས་ལུང་བསྟན་པའི་ཕྱག་ན་རྡོ་རྗེ་དངོས་བྱོན་དེ་ཉིད་དཔོན་ཝེར་ལུ་དང་ཡུམ་འབྲོང་བཟའ་སྐྱིད་མོ་གཉིས་ཀྱི་སྲས་སུ་འཁྲུངས། ཀརྨ་པ་དབང་ཕྱུག་རྡོ་རྗེ་མཇལ་འབུལ་བ་རྔམས་ཆེན་ཕུལ། གསུང་ཆོས་གདམས་པ་ཡང་ཞུས། ཁྱད་པར་དུ་ཁོ་བོ་བསྟན་འཛིན་བཟང་པོ་དང་འབྲུག་ཚ་སངས་རྒྱས་སོགས་ལས་ཕྱག་རྒྱ་ཆེན་པོ་དང༌། ཆོས་དྲུག་ཟབ་ལམ་ལ་གསན་སྦྱང་མཐར་ཕྱིན་པར་མཛད། གསང་བ་སྔགས་ཀྱི་རྣལ་འབྱོར་པ་བདེ་མགོན་གཉིས་ཀྱི་སྙིང་པོ་ལ་དུང་ཕྱུར་རེ་འགྲུབ། འབྱུང་བ་ལ་རང་དབང་བསྒྱུར་བས་ཆགས་ཐོགས་མེད་པར་གཤེགས། གྲུབ་པའི་གོ་འཕང་མཐོན་པོར་བྱོན། དེ་སྐབས་གུ་ཤྲཱི་ཧན་གྱིས་བེ་རུ་དོན་ཡོད་བཅོམ་ཕྱིར་མདོ་སྨད་དུ་དམག་དྲངས་སྐབས་སྐྱོ་བྲག་རྩེ་འདིར་རྗེ་བློ་བཟང་གྲགས་པའི་སྐུ་ལྡེབས་བྲིས་དང༌། རྡོ་རྗེ་འཇིགས་བྱེད་ཀྱི་སྐུ་སྡེར་བཟོ་བྱིན་ཅན་རྣམས་མཇལ་བར་བརྟེན། འདི་ནི་རི་བོ་དགེ་ལྡན་པར་ཤིན་ཏུ་གུས་པའི་དགོན་གནས་ཡིན་པར་དོན་གྱིས་གསལ་བས། འདིའི་བླ་དགོན་ལ་མཇལ་ཞུས་དང་བཀུར་སྟི་ཕུལ་ཏེ། སྔོན་གྱི་ཐོབ་ཐང་སྡེ་སྲིད་གང་ཡོད་ལ་ཉམས་དམན་མི་ཆོག་པའི་ཐས་ཇིའི་ཆོ་ལོ་དཀར་སེར་ཁེར་གེམ་རྣམས་ཐོབ་ནས་སྐྱོ་བྲག་དགོན་གྱི་ཆོས་སྲིད་གྲུ་བཞི་ལམ་མེར་ཡོད་པའང་ཀརྨ་ཛྙཱ་ན་ཉིད་ཀྱི་ནུས་སྟོབས་ཡིན་པར་གོར་མ་ཆག །དེའང་སྟོད་ནས་འབྲི་སྤྱི་ཇོ་གསུམ། བར་ནས་གཤོ་སྲི་མཁར་གསུམ། སྨད་ནས་དབའ་རུ་ཀ་གསུམ་སོགས་ཤོག་ཆེན་དཔོན་པོ་དགུ་ཡི་ཁ་ཞབས། སྟོད་ནས་མ་སང་རྫ་རྒྱལ་ཕྱིན་བཅད། སྨད་ནས་ལྷོ་ཡི་རོང་སྒོ་ཡན་བཅད། ལ་གཅིག་འབམ་གྱི་ཕར་བཅད། སྐྱ་མཛོའི་སག་མེ་ཚུན་བཅད་ཀྱིས། ལྷ་སྡེ་ལྔ་བརྒྱ་དང་དྲུག་ཅུའི་མཆོད་སྡེ་མངའ། འབངས་ཇི་སྲིད་སོར་གནས་གཏན་ཆགས་མཛད། དེའི་དབོན་དོན་དམ་སྙིང་པོ་སྟེ་བསླབ་གསུམ་རྒྱན་གྱིས་སྤྲས་ཤིང༌། ཁུ་བོ་བླ་མ་ལས་ཡབ་མེས་ཀྱི་གདམས་སྐོར་འབའ་རོམ་པའི་སྙན་བརྒྱུད་རྣམས་གསན་བཞེས་མཛད་དེ་གྲུབ་བརྙེས་ཉམས་འོག་ཏུ་ཚུད་པར་མཛད། དེ་རྗེས་ཀརྨ་ཚེ་བརྟན་ཕྱག་རྒྱ་ཆེན་པོའི་རྟོགས་པ་མངོན་དུ་གྱུར། དེ་རྗེས་དུང་དཀར་རས་ཆེན་རླུང་སེམས་གཉིས་མེད་ཀྱི་གྲུབ་རྟགས་ཐོན། རྫུ་འཕྲུལ་སྣ་ཚོགས་ལ་མངའ་དབང་བསྒྱུར་བའི་གྲགས་སྙན་ས་གསུམ་ན་ཁྱབ་པ་སྟེ། འདི་ཡན་གྱི་གདན་རབ་འབའ་རེ་བའི་དབོན་རྒྱུ་ཁོ་ནས་འཛིན་པར་སྣང་ཞིང༌། འདི་ཕྱིན་ནི་སྤྲུལ་བརྒྱུད་དབོན་རབས་འདྲེས་མར་བྱུང་ཞིང་སོ་སོའི་རྣམ་ཐར་སྨོས་ཀྱི་མི་ལོངས་པས་ཟུང་འཇུག་བརྒྱུད་པའི་མཚན་ཐོ་ནི་དུང་དཀར་རས་ཆེན་རྗེས་སྐྱོ་བྲག་བསྟན་པའི་སྙིང་པོ། དཔལ་ཆེན་ལུང་རིག་རྒྱ་མཚོ། དབོན་སྲས་ཚེ་དབང་བདུད་འདུལ། དགེ་བཤེས་དགེ་ལེགས་དཔལ་གྲུབ། དུང་དཀར་ངེས་དོན་ཆོས་འཛིན། བསྟན་སྙིང་བསྟན་འཛིན་རྣམ་རྒྱལ། དུང་དཀར་སྒྲུབ་བརྒྱུད་ཆོས་དབྱིངས། གསལ་བྱེད་ཆོས་གྲུབ་སེང་གེ། ཀརྨ་ཚོགས་གཉིས་འོད་ཟེར། གསང་བདག་བདུད་འཇོམས་རྡོ་རྗེ། ཀརྨ་བསྟན་འཛིན་ཆོས་འཕེལ། ཀརྨ་བཀའ་བརྒྱུད་བཀྲ་ཤིས། དུང་དཀར་ཐེག་མཆོག་འོད་ཟེར་བར་དུ་བྱོན་པ་སྟེ། མདོར་ན་གནས་དང་གང་ཟག་ཡ་མ་བྲལ། ཆོས་བརྒྱུད་དང་དབོན་བརྒྱུད་སོར་མ་ཉམས། རྟེན་དམ་རྫས་ལ་འཕོ་འཕྱུགས་མ་བྱུང་བའི་དོན་བརྒྱུད་སྐྱོ་བྲག་པའི་སྐབས་སོ། །

༈ དགུ་པ་ཤོར་ཕུ་པ་ནི། སྟོང་ནག་རས་པའི་སློབ་མ་ལྕི་རས་རིན་ཆེན་རྒྱལ་མཚན་ཏེ། ཨ་ཕྱུག་གི་སྲས་སུ་འཁྲུངས། གདུང་ནི་འབྲུ། བྱང་ཆུབ་གཞོན་ནུ་ལས་རབ་ཏུ་བྱུང༌། བློ་གྲོས་རྡོ་རྗེ་ལས་ཕྱི་ནང་གི་གདམས་པ་ཐམས་ཅད་རྫོགས་པར་གསན། ཉམས་རྟོགས་པ་ཁྱད་པར་ཅན་འཁྲུངས། དཔོན་སློབ་ལྷན་ཅིག་པར་རྗེ་ཀརྨ་པ་རང་བྱུང་རྡོ་རྗེའི་ཞབས་དྲུང་དུ་ཕག་མོ་ལ་སོགས་པའི་གདམས་པ་ཞུས། དབ་ཀྱི་ཇོ་མོ་གཡུ་སྒྲོན་སོགས་སུ་གཅིག་རི་ཡུན་རིང་དུ་མཛད། གྲུབ་པ་བརྙེས། ངོ་མཚར་བའི་ལྟས་དང་བཅས་ཏེ་གཤེགས། དེའི་དབོན་ཤེས་རབ་རིན་ཆེན་ནི། ཁུ་བོ་ལ་གདམས་པ་ཐམས་ཅད་རྫོགས་པར་གསན། ཀརྨ་པ་རོལ་པའི་རྡོ་རྗེའི་མདུན་དུ་བསྙེན་པར་རྫོགས། ཤོར་ཕུའི་རི་པ་ནང་ཀ་ཡེ་གྲུ་གུ་སོགས་སུ་གཅིག་རི་ལོ་མང་པོར་མཛད། མཆོག་གི་དངོས་གྲུབ་བརྙེས། གྲུ་གུ་སོགས་གཞི་བདག་མང་པོ་དམ་ལ་འདོགས་པར་མཛད། དེ་ཕྱིན་ཆད་ནས་ཤོར་ཕུ་བ་ཞེས་པའི་མཚན་དུ་གྲགས། གྲུ་གུའི་ཞོརདུ་གཤེགས། རྟེན་རེིང་བསྲེལ་མང་དུ་བྱོན། དེའི་དབོན་པོ་་་་་གང་ལྟར་ན་ཤོར་ས་བཞི་དང་གོལ་ས་གསུམ་ལ་སོགས་སྤངས་ཤིང་གསང་ཆེན་རྡོ་རྗེ་ཐེག་པའི་སྒོར་ཞུགས་ཏེ། དེའི་གོང་ན་འདི་ཞེས་བྱ་བ་གཞན་མེད་པ་སྟེ་ཕུ་ཐག་ལེགས་པར་ཆོད་པས་ན་ཤོར་ཕུ་དང༌། གསང་བ་ལྟར་ན་ཞི་བདེའི་གོ་འཕང་འདོད་པ་སྟེ་ཕྱི་རོལ་གྱི་བཟུང་བ་ཐམས་ཅད་རང་སེམས་སུ་འདོད། དེ་དོན་དམ་པར་རྟོགས་ཀྱང་ཀུན་རྫོབས་སུ་ངེས་པའི་དོན་བྱེད་ནུས་པར་འདོད་པའི་ཤོར་ས་ཐམས་ཅད་སྤངས་ཏེ། ཡོད་མིན་མེད་མིན་བརྗོད་བྱ་བརྗོད་བྱེད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་མཁའ་ཁྱབ་ཀློང་ཡང་ཨེ་ཝཾ་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་དོན་རྟོགས་ཤིང་ཕུ་ཐག་ཆོད་པས་ཤོརཕུ༌། མཆན། ཤེས་རབ་རྒྱལ་མཚན་ནི། ཡབ་དབང་རྒྱལ་གྱི་སྲས་སུ་འཁྲུངས། ཁུ་བོ་ལས་གཅོད་སྐོར་སོགས་གདམས་པ་མང་དུ་གསན། མེར་ཆེན་གྱི་ཞོལ་དུ་སྒྲུབ་སྡེའི་རི་དགོན་མཛད། སློབ་མ་ཡང་བློ་གྲོས་རྒྱལ་མཚན་སོགས་འགའ་ཞིག་བྱུང༌། ལྟས་བཟང་པོ་དང་བཅས་ཏེ་དེ་ཉིད་དུ་གཤེགས། ཤོར་ཕུ་ལྷུན་གྲུབ་པ་ནི། ཕག་གྲུའི་སློབ་མ་ཤེས་རབ་ཡེ་ཤེས་ཀྱི་སྤྲུལ་པ་སྟེ། སྐུ་ཚེའི་སྟོད་དུ་སྒོམ་སྡེ་ཚངས་གསར་པའི་བློན་པོ་མཛད། ཕྱིས་ཀརྨ་པ་དེ་བཞིན་གཤེགས་པའི་དྲུང་ནས་རབ་ཏུ་བྱུང༌། ཁུ་བོ་ལས་འབའ་རོམ་བཀའ་བརྒྱུད་ཀྱི་གདམས་པ་ཐམས་ཅད་རྫོགས་པར་གསན། མེར་ཆེན་དང་རིན་ཆེན་གླིང་གི་སྒྲུབ་སྡེའི་རི་དགོན་མཛད་ནས་དེར་བཞུགས་ཏེ། ཐུགས་དམ་ཁྱད་པར་ཅན་འཁྲུངས། ལྟས་བཟང་པོ་བཅས་དགོན་དེ་ཉིད་དུ་གཤེགས། སློབ་མ་ཡང་བྱ་བྲལ་འོད་ཟེར་དང་ཟུར་མང་གི་རྨ་སེ་རྟོགས་ལྡན་གྱི་འབའ་རོམ་པའི་ཆོས་སྐོར་གསན་པ་སྟེ་མང་དུ་བྱོན། བཀྲ་ཤིས་དཔལ་ནི་ཡབ་བླ་སྐར་མའི་སྲས་སུ་འཁྲུངས། ཁུ་བོ་ལས་ཡབ་མེས་ཀྱི་གདམས་པ་ཐམས་ཅད་རྫོགས་པར་གསན། ཀརྨ་པ་དེ་བཞིན་གཤེགས་པ་དང་མཐོང་བ་དོན་ལྡན་ལ་སོགས་ལས་བཀའ་ཆོས་ཞུས། ཐུགས་དམ་བཟང་པོ་དང་བཅས་ཏེ་གཤེགས། ཁྲོ་བོའི་སྲས་བཀྲ་ཤིས་རྒྱལ་མཚན་ནི། ཁུ་བོ་ལ་སྒོམ་སྡེའི་ཆོས་སྐོར་ཐམས་ཅད་གསན། ཀརྨ་པ་ཆོས་གྲགས་རྒྱ་མཚོ་དང་མཇལ། ཀོང་པོ་ཚེ་རས་པ་ཞེས་པ་ལས་ཕྱག་ཆེན་དང༌། ཨ་སེང་པའི་ལམ་འབྲས་སྦྱོར་དྲུག་གསན། རྡོ་རྗེ་འཇིགས་བྱེད་ལ་སོགས་མངོན་སུམ་དུ་བཞེངས་ནུས་པ་ཙམ་གྱིས་བསྐྱེད་རིམ་ལ་མངའ་བརྙེས། སྐུ་ཚེ་མཐར་ཕྱིན་ཏེ་གཤེགས། དབུ་བུམ་རིལ་དང་རིང་བསྲེལ་སོགས་བྱོན། སློབ་མ་གནམ་ཐེལ་ཕུ་པ་ལ་སོགས་བྱོན། བཀྲ་ཤིས་རྒྱལ་མཚན་པ་ནི་མགོན་པོ་འོད་ཟེར་གྱི་སྲས་སུ་འཁྲུངས། སྐུ་གནས་ཕྲ་མོའི་དུས་སུ་ཁུ་བོ་ལས་དབང་བསྐུར་འབའ་ཞིག་གསན། དྭགས་པོ་བཀྲ་ཤིས་འོད་ཟེར་གྱི་དྲུང་དུ་བསྙེན་པར་རྫོགས། མཚན་བཀྲ་ཤིས་རྒྱལ་མཚན་དུ་གསོལ། ཟུར་མང་བློ་གྲོས་རྒྱལ་མཚོ་ལས་ཕྱག་ཆེན་དང༌། སི་ཏུ་ཆོས་ཀྱི་གོ་ཆ་ལས་ཕྱག་ཆེན་ཆོས་དྲུག་དང་རྡོ་རྗེ་ཕྲེང་བ། རྒྱ་སྟོན་ནམ་མཁའ་རྡོ་རྗེ་ལས་མགོན་པོ་བྱ་རོག་མའི་སྐོར་སོགས་མང་དུ་གསན། ལྷ་མོ་དུད་སོལ་མ་ཕོ་ཉར་འགྱེད། དགུང་ལོ་གྱ་བཞི་ལ་གཤེགས། རིགས་དབོན་ཀརྨ་སྙན་གྲགས་ཏེ། ཆོས་སྐྱོང་བཀྲ་ཤིས་ཀྱི་སྲས་སུ་ཁྱི་ལོ་ལ་འཁྲུངས། དགུང་ལོ་ལྔ་ནས་གཏོར་མ་ཆ་བཅུ་གཏོང་བ་དང༌། ཡི་གེ་ཚིག་མེད་མཁྱེན། ཁུ་བོ་བླ་མ་བཀྲ་ཤིས་རྒྱལ་མཚན་ལས་འབའ་རོམ་ནས་བརྒྱུད་པའི་ཆོས་ཡོད་དགུ་ཅོག་གསན། བདེ་མཆོག་དང་མགོན་པོ་སོགས་ལ་ཐུགས་དམ་གྱི་མཐིལ་མཛད་དེ་ལུང་བསྟན་ཐོབ། རྒྱལ་དབང་ཀརྨ་པ་དབང་ཕྱུག་རྡོ་རྗེ་ལ་ཡོད་དགུ་ཅོག་ཕུལ་ཞིང་དེ་ཉིད་ཀྱི་དྲུང་ནས་རབ་ཏུ་བྱུང༌། མཚན་ཀརྨ་སྙན་གྲགས་དཔལ་བཟང་པོ། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་ཞལ་ནས། ཆོས་ཀྱི་གོ་ཆའི་ཕྲིན་ལས་ཀྱི་སྤྲུལ་པ་ཡིན་པར་བཀས་གནང༌། བླ་མ་བསྟེན་པ་ལའང༌། ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་ཞལ་བསྟན་པ་ལྔ། བསྟན་པ་ཡོངས་རྫོགས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་བཞི། ཡང་དག་དགེ་བཤེས་གསུམ་སོགས་བསྟེན། དེ་དག་ལས་འོང་བའི་ཆོས་ཡོད་དགུ་ཅོག་ལ་མ་གསན་པ་གཅིག་ཀྱང་མེད། སྐྱོ་བྲག་ཀུན་དགའ་རྒྱ་མཚོ་ལས། འབའ་རོམ་ནས་བརྒྱུད་པའི་ཆོས་ཡོད་དགུ་ཅོག་གསན། དེང་ཐོག་ཀུན་དགའ་རྒྱལ་མཚན་ལས། ལྷ་མོ་དུད་སོལ་མའི་སྐོར་གསན། ཚིག་ལ་མ་ལུས་ཤིང་དོན་ལ་རྟོགས་པ་བླ་མ་འདི་ཙམ། འོག་མིན་ཀརྨའི་གདན་ས་ལོ་བརྒྱད་ཙམ་དུ་མཛད། ལྷ་སྟེང་གི་གཙུག་ལག་ཁང་ལོག་བྲིས་དང་བཅས་པ་བཞེངས། གཏོར་མ་ལས་བདུད་རྩི་བབས། བདུད་རྩི་ཁོལ་བ། སྒྲོལ་མའི་ལུང་བསྟན་སོགས་བྱུང༌། ཉིན་གཅིག་ང་རང་གི་ལྷ་མོ་དེ་དགའ་འདུག་པས་ད་ལོ་འཆི་བ་ཡིན་པ་འདྲ་གསུངས་ནས་དོན་དགུ་ལ་གཤེགས། འཇའ་དང་འོད་ཀྱིས་ནམ་མཁའ་ཁེངས། ཞག་ཞེ་དགུའི་ཉིན་མོ་ཡང་དེ་བཞིན་དུ་བྱུང༌། བསྟན་བཅོས་ཀྱང་མང་དུ་མཛད། ཀརྨ་རབ་གསལ་ནི། ལྷ་ཚངས་པའི་སྐྱེ་བ་འགྲོ་དོན་སྤྱན་རས་གཟིགས་དང་མཉམ། གདུང་རྒྱུད་ཡོད་སྐབས་ལ། སྡོམ་བྲག་ཉིན་དགོན་དུ་ཡུལ་འདྲེ་དམ་ལ་བཏགས། དབོན་ཀརྨ་དཔལ་འབྱོར་ནི། ཀརྨ་རབ་གསལ་ལས་བརྒྱུད་པའི་གདམས་སྐོར་མ་ལུས་པ་གསན། གཞན་ཡང་མཁས་གྲུབ་ཀརྨ་ཆགས་མེད་ལ་གསང་སྔགས་གསར་རྙིང་གི་ཆོས་སྐོར་གསན་ཞིང་སློབ་བརྒྱུད་དབོན་བུདྡྷ་ཀིརྟི། ཚངས་གསར་རིན་ཆེན་ལྷུན་གྲུབ་སོགས་བྱུང༌། འདི་ཕྱིན་ཤོར་ཕུའི་དབོན་བརྒྱུད་དང་སྤྲུལ་བརྒྱུད་འདྲེས་མར་བྱུང་བའི་བརྒྱུད་པའི་མཚན་སྨོས་པ། ཀརྨ་དཔལ་འབྱོར། བུདྡྷ་ཀིརྟི། ངག་དབང་རྣམ་རྒྱལ། ཀརྨ་ཆོས་དབྱིངས་བཟང་པོ། ཀརྨ་ངག་དབང་ཡོན་ཏན། ཀརྨ་ཕྲིན་ལས་རབ་རྒྱས། ཀརྨ་ཁྱབ་བདག །ཀརྨ་འཆི་མེད་རྣམ་རྒྱལ། ཀརྨ་དོན་བརྒྱུད་བསྟན་པ་རབ་རྒྱས། ཀརྨ་ངེས་དོན་མདོ་སྔགས་བསྟན་འཛིན་ཞེས་ད་ལྟ་བར་བྱོན་པ་སྟེ་ཤོར་ཕུ་པའི་སྐབས་སོ། །