(15) གཉིས་པ་སྒོམ་སྡེ་ཚང་གསར་པའི་ལོ་རྒྱུས་རྒྱས་པར་བཤད་པ་ལ་གཉིས།

2014-04-28

~~༈ གཉིས་པ་སྒོམ་སྡེ་ཚང་གསར་པའི་ལོ་རྒྱུས་རྒྱས་པར་བཤད་པ་ལ་གཉིས། གདན་ས་སྐུ་འབུམ་རྩར་བསྟན་པ་བསྐྱང་ཞིང་ཆོས་སྲིད་རྒྱས་ཚུལ་དང༌། གྲྭ་ནང་དུ་མཁར་པོ་ཆེར་འཕོས་ནས་ཆོས་དང་ཆབ་སྲིད་ཇི་ལྟར་བྱུང་ཚུལ་ལོ། །དང་པོ་ནི། ལུས་མེད་རྡོ་རྗེའི་རིགས་དབོན་བྱང་ཆུབ་གཞོན་ནུའི་མཆེད་ཀྱེ་ལ་སངས་རྒྱས་དཔལ་གྱི་སྙིང་སྟོད་དུ་ཀཱེ་ཉི་མཁར་དཀར་སེར་གྱི་གཞིས་ཀ་བཏབ། ཆོས་དང་ཆབ་སྲིད་འཇིག་རྟེན་གྱི་མངའ་ཐང་རྨད་དུ་བྱུང༌། དེ་ལ་སྲས་བཞི་ཡོད་པའི་ཆེ་བ་དབོན་གྲགས་པ་བྱང་ཆུབ་བྱང་ཆུབ་གཞོན་ནུ་ལས་རབ་ཏུ་བྱུང་གདམས་པ་ཐམས་ཅད་གསན་གདན་ས་སྐུ་འབུམ་དུ་ཚངས་མང་གསར་བའི་ཁྲིར་ཕེབས་ཏེ་བསྟན་པའི་རྒྱལ་མཚན་འཛིན་པར་མཛད། དེ་འོག་དགེ་བཤེས་གྲགས་པ་ཚུལ་ཁྲིམས་ཡང་སྐུ་འབུམ་དུ་བཞུགས། དེ་འོག་ནམ་མེ་དངཨ་རིན་གཉིས་ཀྱིས་རྫོང་དཀར་སེར་གྱི་བདག་པོ་མཛད་ནས་མངའ་འབངས་བྱམས་པས་བསྐྱངས། ནམ་མེའི་སྲས་བཞི་ལས་བརྩོན་འགྲུས་རྒྱལ་མཚན་ནི། སྤྱན་སྔ་གྲགས་བཟང་ལས་རབ་ཏུ་བྱུང༌། མདོ་སྔགས་ཀྱི་ཆོས་རྣམས་གསན་གདན་ས་སྐུ་འབུམ་གྱི་ཁྲི་འཛིན་མཛད། དགེ་བཤེས་ཡོན་ཏན་བློ་གྲོས་སྐུ་འབུམ་དུ་བཞུགས། ཨ་འབུམ་ཨ་རིན་གཉིས་སྙིང་སྟོད་དུ་མཛད་ཁྱབ་རྒྱས། ཨ་རིན་ལ་སྲས་གཉིས་ཀྱི་ཆེ་བ་བཀྲ་ཤིས་རྒྱལ་མཚན་ཉིད་བརྩོན་འགྲུས་རྒྱལ་མཚན་ལས་རབ་ཏུ་བྱུང༌། ཡབ་མེས་ཀྱིས་གདམས་སྐོར་ཐུགས་སུ་ཆུད་པར་མཛད། ཚངས་གསར་པའི་གདན་ས་མཛད། སྲས་བླ་མ་སྐྱབས་ཀྱིས་སྙིང་སྟོད་ཀྱི་སྲིད་དབང་འཛིན། བླ་མ་སྐྱབས་ཀྱི་སྲས་གསུམ་ལས་བསོད་ནམས་རིན་ཆེན་དང༌། བསོད་ནམས་རྒྱལ་མཚན་སྐུ་མཆེད་གཉིས་བཀྲ་ཤིས་རྒྱལ་མཚན་ལས་རབ་ཏུ་བྱུང༌། ཆོས་དང་གདམས་པ་བུམ་པ་གང་བྱོའི་ཚུལ་དུ་གསན། གཉིས་ཀས་ཚངས་གསར་པའི་གདན་ས་མཛད། ཆོས་ཀྱི་གྲགས་པས་སྲིད་འཛིན་གྱི་མཛད་བཟང་རྒྱས། ཆོས་གྲགས་ཀྱི་སྲས་གཉིས་ལས་བསོད་ནམས་བློ་གྲོས་བསོད་ནམས་རིན་ཆེན་ལས་རབ་ཏུ་བྱུང༌། འབའ་རོམ་བརྒྱུད་པའི་ཆོས་དང་གདམས་ཟབ་ཐམས་ཅད་ཞུས། ཚངས་གསར་པའི་ཁྲི་འཛིན་མཛད། གཅུང་བསོད་ནམས་པས་སྙིང་སྟོད་དུ་ཆབ་སྲིད་དང་མངའ་འབངས་བསྐྱངས། སྐུ་མཆེད་འདི་གཉིས་ཀྱི་རྒྱལ་དབང་ཀརྨ་པ་དེ་བཞིན་གཤེགས་པ་རྒྱ་ནག་ནས་ཡར་ཕེབས་སྐབས། གདན་ས་སྐུ་འབུམ་དུ་སྤྱན་དྲངས་དངོས་པོའི་མཆོད་སྤྲིན་བསམ་མི་ཁྱབ་པ་ཕུལ། ཆོས་དང་གདམས་པས་སྨིན་པར་མཛད། བསོད་ནམས་ཀྱི་སྲས་བཞི་ལས་བསོད་ནམས་བཟང་པོ། བསོད་རིན་པ་གཉིས། བསོད་བློ་ལས་རབ་ཏུ་བྱུང༌། མདོ་སྔགས་ཀྱི་ཆོས་ཚུལ་རྒྱ་མཚོ་ལྟ་བུ་ལ་མངའ་བརྙེས། ཡབ་མེས་ཀྱི་ཀརྨ་པ་དེ་བཞིན་གཤེགས་པ་སྐུ་འབུམ་དུ་སྤྱན་དྲངས་སྐབས། བསོད་ནམས་བཟང་པོ་ལ་ཀན་ཏིང་གོ་ཤཱིའི་ལས་ཀ་གསེར་ཐམ་ཆེན་མོ་དང༌། དུང་དཀར་མོ་རྒྱང་གྲགས། བླ་བྲེ་ནམ་མཁའ་ཀུན་ཁྱབ། ཟངས་བཀྲ་ཤིས་ཁ་གྲོ་སོགས་དངོས་པོའི་གནང་སྦྱིན་རྒྱ་ཆེན་པོ་སྩལ། ཁུ་དབོན་གཉིས་ཆར་གདམས་ཁྲིད་ཟབ་མོའི་རྗེས་འཛིན་མཛད། བསྟན་དགོན་གྱི་མཛད་པ་དར་རྒྱས་འགྲན་ཟླ་བྲལ་བ་བྱུང༌། བསོད་ནམས་ཀྱི་སྲས་གསུམ་པ་ལྷ་དཔལ་ཐར་གྱི་ཁྱུང་མོ་བླངས་པས་བུ་གསུམ་བྱུང་བ་དང༌། སྲས་བཞི་པ་ཨ་འབུམ་གྱིས་གསེར་གཟའ་ཁབ་ཏུ་བཞེས་པར་བུ་གསུམ་དང༌། སྲས་གཞན་པ་རྡོ་བཅང་པ་ཞེས་པ་གཅིག་བྱུང་ཞིང༌། དེའི་སྐབས་སུ་མ་གཉིས་བུ་དྲུག་ཟེར་བའི་རྩོད་གླེང་བྱུང་བས་ལྷ་དཔལ་བུ་བརྒྱུད་སྐུ་འབུམ་དུ་སྤོས་ཤིང་དེ་ནས་རིམ་པར་རྫ་ཉིན་དུ་ཡོད་པའི་ཚངས་གསར་པ་རྣམས་ཡིན་ཞིང༌། ཨ་འབུམ་གྱི་སྲས་ནང་པ་རྡོ་བཅང་བ་ནི་ཆུང་ངུ་ནས་རྡོ་ཟན་ལྟར་བཅང་བའི་རྫུ་འཕྲུལ་མངའ་བ་དང༌། གསེར་གཟའི་བུ་སྤྱན་སྔ་ཆོས་སྐྱོང་དཔལ་ལྡན་གཉིས་ཀརྨ་པ་ཆོས་གྲགས་རྒྱ་མཚོས་རྗེས་སུ་བཟུང་ཞིང་གདམས་པ་ཕོག །གཽ་ཤྲཱི་བསོད་ནམས་བཟང་པོ་ལས་རབ་ཏུ་བྱུང༌། འབའ་རོམ་པའི་ཆོས་སྐོར་མ་ལུས་པ་གསན་བསམ་མཛད། ཆོས་སྐྱོང་དཔལ་ལྡན་ལ་གཽ་ཤྲཱིི་ལས་ཀ་ཕེབས། གསེར་བཟའི་སྲས་ཨ་ཞལ་ལམ་བསོད་ནམས་སྟོབས་ལྡན། ཉེར་རྐེའམ་བཀྲ་ཤིས་རྒྱ་མཚོ་ཞེས་སྐུ་མཆེད་འདི་གཉིས་ཀྱིས་སྙིང་ཐང་དུ་མཁར་སྔོན་གྱིས་གཞིས་ཀ་བཏབ། དེའང་གཏེར་སྟོན་རཏྣ་གླིང་པའི་གཏེར་ལུང་ལས། ཁམས་ཀྱི་སྤྱི་འབྱམས་ཞེས་བྱ་དེར༔ ཆོས་དབྱིངས་རྡོ་རྗེའི་སྐུ་རིང་ལ༔ གཏེར་སྟོན་མི་འགྱུར་རྡོ་རྗེ་འབྱོན༔ གནས་མཆོག་དེ་ཡི་གཏེར་རྣམས་འདོན༔ ཁམས་ཀྱི་གཏེར་ཁ་བརྒྱ་ལ་དབང༔ གནས་མཆོག་དེ་ཡི་གཡས་ཕྱོགས་ན༔ ཐང་ཆེན་མཎྜལ་ཕུལ་བ་འདྲ༔ དབུས་སུ་རི་རྒྱལ་ལྷུན་པོ་ནི༔ དུང་དཀར་གཡས་སུ་འཁྱིལ་འདྲ་ཡོད༔ རྒྱ་གར་བྱ་རྒོད་སྤུང་དང་འདྲ༔ པདྨ་ང་ཡིས་གནས་མཆོག་ཡིན༔ ང་ཡི་སྤྲུལ་པ་དཔག་མེད་ནི༔ གནས་མཆོག་དེ་རུ་རྒྱུན་མི་འཆད༔ རྡོ་རྗེ་ཞེས་བྱའི་སྐྱེས་བུ་འབྱོན༔ ཆོས་ཁྲིམས་རྒྱ་ཁྲིམས་བསྟན་པ་སྐྱོངས༔ གཞན་ཡང་སྤྲུལ་པ་དཔག་མེད་འབྱོན༔ དཔུང་སྨེ་ཅན་གྱི་ཧོར་དམག་བཟློག༔ པདྨ་རྒྱལ་པོ་ང་ཡི་ནི༔ སྤྲུལ་པ་བསམ་མི་ཁྱབ་པས་ནི༔ གནས་མཆོག་དེ་རུ་ཆོས་འཁོར་བསྐོར༔ དེ་ན་སྐྱེས་བུ་ནམ་མཁའམ༔ བདེ་གཤེགས་རྒྱ་མཚོ་ཞེས་བྱ་བ༔ པདྨ་རྒྱལ་པོ་ང་ཡི་ནི༔ སྐྱེས་བུ་དེ་ནི་བྱིན་གྱིས་བརླབས༔ ཆོས་ཁྲིམས་རྒྱལ་ཁྲིམས་གཉིས་ཀྱི་བསྟན་པ་བསྲུང་༔ ཞེས་ལུང་བསྟན་པ་བཞིན་ཕྱག་ན་རྡོ་རྗེའི་སྤྲུལ་པར་གྲགས་པ་ཉེར་རྐེ་ཉིད་ཀྱི་སྟོབས་ཤུགས་ཀྱིས་ཤར་མེ་ཉག་རིང་མོ། ལྷོ་ཨ་རིགས་ཁག་བཅུ། ནུབ་རྒྱ་ཆེན་བཅོ་བརྒྱད། བྱང་གསེར་ཁོག་ཚོ་བདུན་ཞེས་པ་མངའ་ཞབས་སུ་བསྡུས། འབངས་རྣམས་བྱམས་བརྩེས་སྐྱོངས། སྒ་ནས་གསེར་ཁྲལ་སྡུད། གསེར་གྱི་བཀའ་འགྱུར་བཞེངས༌། སླར་ཡང་མདོ་མང་བཞེངས། ཀརྨ་པ་རང་བྱུང་མཚོ་སྐྱེས་རྡོ་རྗེ་སྤྱན་དྲངས། ཆིབས་ཆེན་དམར་གྭས་གཙོས་པས་ཁྲི་རྭ་ཅན་གྱི་འབུལ་བ་ཟླ་མེད་པ་ཕུལ། སྒར་ཆེན་འཛམ་གླིང་རྒྱན་གྱི་གཟིམས་གུར་གནམ་སྔོན་སླེབ་མའི་རྒྱ་ཁྱོན་ཏེ་ཕོ་བྲང་སྐྱ་ལེབ་མ་ཞེས་པ་ཀ་བ་བརྒྱ་དང་བརྒྱད་ཀྱི་མལ་མཛད། ཉེར་ཞལ་གཉིས་ཀྱི་སྐུ་རིང་ལ་ཞེས་པའི་ཆོས་སྲིད་མངའ་ཐང་དཔེ་ཟླ་མེད་པ་བྱུང༌། ནང་པ་རྡོ་བཅང་པ་ཉིད་ཀརྨ་པའི་ཕྱག་ཕྱིར་འབྲང། ཕྱག་མཛོད་ཆེན་མོ་མཛད། རྩེ་ལྷ་སྒང་སོགས་སུ་བཞུགས། ཕྱིས་ཞལ་ངོ་རྣམས་ཀྱི་མནབས་ཁྲབ་ཟུར་དུ་མཛད་པས་ཁྲབ་དཀར་ཡིད་བཞིན་ནོར་བུ་སོགས་དེ་དུས་བྱུང༌། ཀརྨ་པས་འཇིག་རྟེན་གྱི་རྫོངས་དང་བཅས་གདན་སར་བསྐོས། ཉེར་རྐེ་ལ་སྲས་གསུམ་བྱུང་བའི་ཆེ་བ་བསོད་ནམས་དོན་འགྲུབ་རྡོ་བཅང་བ་སངས་རྒྱས་དབང་ཕྱུག་ལས་རབ་ཏུ་བྱུང༌། ཡབ་མེས་ཀྱི་གདམས་སྐོར་མ་ལུས་པ་གསན། ཞྭ་དམར་བཞི་པའི་སློབ་མ་བཀའ་བཅུ་པ་བདེ་ལེགས་རྒྱ་མཚོ་ལས་མདོ་རྒྱུད་རྒྱ་མཚོ་ལྟ་བུ་གསན་བསམ་ཕུལ་དུ་སོན་པར་མཛད། འབྲིང་བ་ནམ་མཁའ་རྒྱལ་མཚན་གྱིས་རྒྱལ་སྲིད་མ་ཉམས་པར་དར་རྒྱས་མཛད། ཆུང་བ་ལྷ་རྒོད་རྒྱལ་ནི། རཏྣ་གླིང་པའི་གཏེར་ལུང་ལས། བེར་ནག་ཅན་གྱི་སྤྲུལ་པ་ཞིག༔ ལྷ་རྒོད་ཞེས་བྱས་དམག་ཚོགས་ཐམས་ཅད་བཟློག༔ ཅེས་མགོན་པོའི་སྤྲུལ་པར་གྲགས་ཤིང་ཆོས་སྲིད་ལ་ཐོ་འཚམས་པ་ཐམས་ཅད་ཚར་བཅད། འདི་གསུམ་གྱི་ཀརྨ་པ་མི་བསྐྱོད་རྡོ་རྗེ་སྤྱན་དྲངས་ཤིང་དངོས་པོའི་བསྙེན་བཀུར་མཐའ་ཀླས་པ་ཕུལ། བསོད་ནམས་དོན་གྲུབ་ལ་གོ་ཤྲཱི་ལས་ཀ་བཅས་གདན་སརབསྐོས། ནམ་མཁའ་རྒྱལ་མཚན་གྱི་སྲས་མང་དུ་ཡོད་པར་གྲགས་ཤིང་གཙོ་ཆེ་བ་བཀྲ་ཤིས་དོན་འགྲུབ་ནི་བསོད་ནམས་དོན་འགྲུབ་ལས་རབ་ཏུ་བྱུང་ཞིང་འབའ་རོམ་གྱི་གདམས་སྐོར་ཐུགས་སུ་ཆུད་པར་མཛད། བཀྲ་ཤིས་རྣམ་རྒྱལ་གྱིས་སྙིང་ཐང་དུ་ཆོས་སྲིད་བསྐྱངས། འདི་རྣམ་པས་འཇིག་རྟེན་དབང་པོ་དགུ་པ་སྙིང་ཐང་དུ་སྤྱན་དྲངས། བསུ་བ་སེར་སྦྲེང་སྔོ་སྦྲེང་སོགས་བཀོད་པ་བླ་ལྷག་དུ་མཛད། ཡོད་དགུ་ཅོག་གི་འབུལ་བ་ཕུལ་ཞིང་རྗེས་སུ་བཟུང༌། །བཀྲ་ཤིས་དོན་འགྲུབ་ལ་གོ་ཤྲཱི་འཇའ་ས་ཕེབས་ཏེ་གདན་སར་བསྐོས། བཀྲ་ཤིས་རྣམ་རྒྱལ་ལ་སྲས་གཉིས་ཡོད་པའི་ཆེ་བ་བསོད་ནམས་རྒྱ་མཚོ་བཀྲ་ཤིས་དོན་འགྲུབ་ལ་རབ་ཏུ་བྱུང་ཞིང་གདམས་པ་ཕོག །མཚན་གོ་ཤྲཱི་བསོད་ནམས་རྒྱ་མཚོ་ཞེས་སྐུ་འབུམ་གྱི་ཁྲི་འཛིན་མཛད། སྲས་གཉིས་པ་བསོད་ནམས་འཕེན་དར་ཞེས་པ་སྲིད་འཛིན་མཛད་པའི་སྲས་རྡོོ་རྗེ་འབུམ་དང༌། ཀརྨ་ཆོས་རྒྱལ་གཉིས་ལས། ཀརྨ་ཆོས་རྒྱལ་བསོད་ནམས་རྒྱ་མཚོས་རྗེས་སུ་བཟུང་ཞིང་ཡབ་ཆོས་རྫོགས་པར་མཛད། རྡོ་རྗེ་འབུམ་གྱིས་སྙིང་ཐང་དུ་སྲིད་འཛིན་མཛད་རུང་འདི་སྐབས་བེ་རུ་ཕྱི་ནང་གི་ལྐོག་གཡོ་ངན་འཕྲུལ་གྱིས་སྨད་ཀྱི་བེ་རུའི་མི་ལོག་གིས་མདོ་སྨད་ཕལ་ཆེར་བཅོམ་ནས་ངན་སྟོབས་ཆེར་རྒྱས་པའི་དབང་གིས་དམག་འཁྲུགས་མཐའ་འཁྱོལ་བ་མ་བྱུང་བས། ལྕི་ལ་གོང་ཞེས་པར་རྒྱལ་ས་འཕོས་པར་མཛད། དེ་ཡན་ནི་གདན་ས་སྐུ་འབུམ་དང་སྙིང་ཐང་དུ་ཆོས་སྲིད་ཟུང་འབྲེལ་་དུ་བསྐྱངས་ཚུལ་ལོ། །གཉིས་པ་ནི། དེའང་ལྕི་ལ་གོང་དུ་རྫོང་མཁར་པོ་ཆེར་གྲགས་པ་བརྩེགས་ནས་ཚངས་གསར་གྲྭ་ནང་ཞེས་པར་ཆོས་སྲིད་བྱུང་ཚུལ་མདོར་བསྡུས་ནི། རྡོ་རྗེ་འབུམ་གྱི་སྲས། ལྷ་སྲུང༌། བདེ་མཆོག། ཀྱཻ་རྡོར། དགེ་བཤེས་བཞི་དེ་ལས་ལྷ་སྲུང་ནི། སྔགས་རིགས་འཛིན་པའི་ཚུལ་མཛད་ཅིང༌། ཀྱཻ་རྡོར་ནི་ཀརྨ་ཆོས་རྒྱལ་ལས་རབ་ཏུ་བྱུང༌། ཀརྨ་བསྟན་སྐྱོང་ཞེས་མཚན་གསོལ། གཉིས་ཀས་མདོ་སྔགས་ཀྱི་ཆོས་མ་ལུས་པ་ལ་གསན་སྦྱངས་མཛད། ཁྱད་པར་ཡབ་མེས་ཀྱི་བདེ་མགོན་ལྷ་གསུམ་ལ་རྩེ་གཅིག་ཏུ་བསྙེན་བསྒྲུབ་ལ་ཐུགས་བསྒྲིལ། ལྷག་པར་ལྷ་སྲུང་གིས་རྔམ་རྩ་དང་ཟམ་སོའི་བྲག་དང༌། ལྕི་རཱ་ཛ་རྫོང་དང་ཇོ་མོ་གཡུ་སྒྲོན་སོགས་སུ་རི་འགྲིམ་མཛད། ཝ་རྫོང་བྲག་ལ་ཕར་འཕུར་ཚུར་འཕུར་མཛད་དེ། དགེ་བསྙེན་བར་བློན་དམ་ལ་བཏགས། བྲག་ལ་སྐུ་རྗེས་དང་ཞབས་རྗེས་བཞག །སྐུ་ཚེའི་སྨད་ལ་གཡག་གི་མགོ་ཞེས་པར་རྫོང་བརྩེགས་ཏེ་དཔལ་མགོན་པོའི་བསྒྲུབ་པ་ལ་རྩེ་གཅིག་ཏུ་ཐུགས་དམ་མཛད་ནས་གྲུབ་རྟགས་མངོན་དུ་གྱུར། བསྟན་དགྲ་བེ་རུ་མཐའ་དམག་ནུས་མཐུས་ཚར་བཅད། མཐར་རྫོང་གཡག་གི་མགོར་སྒོ་བཅད་མཛད་ནས་བཞུགས་པའི་དགུང་ལོ་གྱ་བདུན་རབ་ལོ་བཅུ་གཅིག་ཆུ་སྟག་ལ་འཇའ་ལུས་འགྲུབ། དེ་ཉིད་དུ་འོག་མིན་རྣམ་སྣང་མཛད་ཀྱི་དུར་ཁྲོད་དུ་ལས་མགོན་དབུ་སྨུག་གི་སྐུར་བཞེངས་པ་གནམ་ཆོས་མི་འགྱུར་རྡོ་རྗེ་ལ་གནས་གཏེར་གྱི་སྒོ་ནས་སྒྲུབ་ཐབས་ལས་ཚོགས་བཅས་འདས་རྗེས་སུ་བབས། ཀརྨ་བསྟན་སྐྱོང་གིས་ཇོ་མོ་གཡུ་སྒྲོན་སོགས་སུ་རི་ཁྲོད་རྩེ་གཅིག་ཏུ་མཛད་ཚངས་གསར་པའི་འབྲོག་སྒར་དུ་སྔགས་སྡེ་ཡང་མཛད། གྲུབ་པ་བརྙེས། དགེ་བཤེས་པ་ཉིད་དབུས་སུ་ཕེབས་ལྔ་པ་རིན་པོ་ཆེ་ལ་གཙུག་ཕུད་ཕུལ། མཚན་བློ་བཟང་རྒྱལ་མཚན་དུ་གསོལ། གདན་ས་འབྲས་སྤུང་དུ་ཆོས་ཞུགས་མཛད། སོག་རྒྱལ་ལ་ཨུ་ཇིང་ཐེ་ཇིའི་འཇའ་ས་དང༌། ཆོ་ལོ་དཀར་སེར་གྱི་ཐམ་ཀ་ཐོབ། ལྔ་པ་རིན་པོ་ཆེའི་མདུན་ནས་ཤེ་བམ་ཉི་ཁྱབ་མ་ཕེབས། སླར་རང་རྫོང་མཁར་པོ་ཆེར་གཏན་ཆགས་སུ་བཞུགས། ཆོས་སྲིད་ཆབ་སྲིད་ཀྱི་མཛད་ཁྱབ་འདི་པ་ཆེ་བར་བྱུང༌། ལྷ་སྲུང་གི་སྲས་གཉིས་བྱུང་བའི་ལྷ་འབུམ་ནི། འབྲོག་སྒར་ལྕི་ཉིན་སྟོད་དུ་མཛད། ཁུ་བོ་བླ་མ་བསྟན་སྐྱོང་ལས་གདམས་པ་ཐུགས་ཆུད་མཛད་ནས་སྡེ་སྲིད་ཀྱང་བསྐྱངས། རྡོ་རྗེ་དབང་ཕྱུག་གིས་རྫོང་མཁར་པོ་ཆེའི་ཆོས་སྲིད་ཀྱི་ཁྲི་འཛིན་བཛད། མངའ་ཐང་ཡང་དཔེ་མེད་པ་བྱུང༌། དེ་ལ་སྲས་གཉིས་ཀྱི་ཀརྨ་མཁར་ཆེའི་རྫོང་འཛིན་མཛད། ཀརྨ་ཚངས་དབྱངས། ཀརྨ་བསྟན་སྐྱོང་ཁུ་དབོན་གཉིས་ཀྱིས་ཀརྨ་པ་ཆོས་དབྱིངས་རྡོ་རྗེ་དང༌། དྲུང་སི་ཏུ་པ་སོགས་མཇལ། དངོས་འབུལ་རྒྱ་ཆེར་མཛད། ཆོས་དང་ཆབ་སྲིད་ཟུང་འབྲེལ་དུ་བསྐྱངས། དེ་ནས་ཚངས་གསར་ཀརྨའི་སྲས་ཀརྨ་ངག་དབང་དར་རྒྱས་དང༌། རིན་ཆེན་ལྷུན་གྲུབ་གཉིས་ལྕི་སྲིབ་སྟོད་མདོ་ཐང་ཁར་གཏན་ཆགས་ཤིང༌། རྫོང་མཁར་པོ་ཆེར་བློ་བཟང་རྒྱལ་མཚན་གྱི་སྤྲུལ་སྐུ་ཁྲི་བཞག་བྱས་པས་སྲིད་ཁྲི་འཛིན་པ་སྟེ། མཚན་བློ་བཟང་བསྟན་འཛིན་དབང་ཕྱུག་ཏུ་གྲགས། ཚངས་གསར་རིན་ཆེན་ལྷུན་གྲུབ་ནི། ཁུ་བོ་བླ་མ་ཀརྨ་ཚངས་དབྱངས་ལས་འབའ་རོམ་ལས་བརྒྱུད་པའིཆོས་ཡོད་དགུ་ཅོག་དང་ཕྱག་ལེན་རྣམས་མ་ཉམས་པར་སློབ་པར་མཛད། ཤོར་ཕུ་བླ་མ་ཀརྨ་དཔལ་འབྱོར་ལས་མ་མགོན་གཉིས་ཀྱི་རྒྱུད་དང་གདམས་སྐོར་བེ་བུམ་རྣམས་ཞུས་ཏེ་ཐུགས་ཉམས་སུ་བཞེས། མོ་ཁད་ལྷ་རྩེ་དང༌། བྱང་གཉན་གྱི་མགུར་རྣམས་སུ་རི་འགྲིམ་དང་རྗེས་སུ་འཇོ་ར་མཁར་དཀར་ཞེས་པའི་དགོན་བཏབ། ཁམས་ཀུན་དགའ་བསྟན་འཛིན་གཡེར་ཆེན་སྒར་དུ་མཇལ། གུ་རུའི་དུས་སྟོན་ཚེས་བཅུ་ཆེན་མོའི་བཀའ་བབ་ཏུ་དབུགས་དབྱུང༌། དེ་ནས་བརྩམས་བྱང་ཁམས་སྟོད་དུ་ཚེས་བཅུའི་གར་འཆམ་སྒོ་ནས་འགྲོ་རྣམས་སྨིན་གྲོལ་ལ་བཀོད། དགེ་རྒྱལ་དུ་ཡོལ་གཉེན་གྱི་བྱིས་དང༌། ལྕི་སྟོད་གོ་ཝེ་བྱིས་གཉིས་འཛུག་པའི་སྐབས་ཆུ་ཕར་ཚུར་གྱི་བྲག་ཁར་བྱིས་ཐག་གི་འགྱིང་ཕུར་བཙུག་པ་སོགས་རྫུ་འཕྲུལ་བསམ་མི་ཁྱབ་པ་མཛད། མཐར་མཁར་དཀར་དུ་དགུང་གྲངས་རེ་གཉིས་པ་མེ་ལུག་ལ་སྐུ་གཤེགས། ཀརྨ་ངང་དར་གྱིས་ལྷ་གཟིགས་བཟའ་ཆོས་འཛོམས་ཁབ་ཏུ་བཞེས་པའི་སྲས་བསོད་ནམས་སྟོབས་རྒྱལ། ངག་དབང་ཕྲིན་ལས། ངག་དབང་རྣམ་རྒྱལ། བསོད་ནམས་ཡེ་ཤེས། ལྕམ་སྲིང་བསམ་ལུ་རྣམས་འཁྲུངས། ངག་དབང་ཕྲིན་ལས། ངག་དབང་རྣམ་རྒྱལ། བསོད་ནམས་ཡེ་ཤེས་སྐུ་མཆེད་འདི་གསུམ་ལ་སྲས་ནོར་བུ་རྩེ་གསུམ་དུ་གྲགས་ཤིང༌། ཀརྨ་པ་ཡེ་ཤེས་རྡོ་རྗེ་ལ་རབ་ཏུ་བྱུང༌། གསང་སྔགས་གསར་རྙིང་གི་ཆོས་སྐོར་མ་ལུས་པ་གསན་ཏེ་ཐུགས་སྲས་དམ་པ་རྣམས་སུ་གྱུར། ཁོ་བོ་བླ་མ་རིན་ཆེན་ལྷུན་གྲུབ་ནས་འབའ་རོམ་པའི་ཆོས་སྐོར་དང་ཡབ་མེས་ཀྱི་ཆོས་སྐོར་མཐའ་དག་ཐུགས་སུ་ཆུད་པར་མཛད། ངག་དབང་ཕྲིན་ལས་ཀྱི་བླ་ཁྱབ་དགོན་བྱང་ཆུབ་ཆོས་གླིང་བཏབ། ངག་དབང་རྣམ་རྒྱལ་གྱིས་དཔལ་ཁའི་བདེ་མོ་བཀྲ་ཤིས་ཆོས་གླིང་དང༌། བསོད་ནམས་ཡེ་ཤེས་ཀྱིས་གནམ་དགོན་ཐུབ་བསྟན་རྣམ་དག་གླིང་བཏབ། སོ་སོའི་བསྟན་དགོན་གྱི་འཛིན་སྐྱོང་སྤེལ་གསུམ་དང༌། གྲུབ་པའི་གོ་འཕང་མངོན་དུ་མཛད། ཁྱད་པར་བསོད་ནམས་ཡེ་ཤེས་ནི་ལས་མགོན་གྱི་སྤྲུལ་པར་གྲགས་ཤིང་ཞྭ་དམར་པའི་སྐུ་རྐྱེན་བསལ། དེ་ནས་འདི་གསུམ་གྱི་སྤྲུལ་བརྒྱུད་རིམ་པར་བྱོན་པ་ཡིན། དབོན་བསོད་ནམས་སྟོབས་རྒྱལ་གྱིིས་ལྕི་སྲིབ་ཀྱི་སྲིད་འཛིན་མཛད་པའི་སྲས་བསོད་ནམས་རྒྱལ་བ། དོན་འགྲུབ་རྒྱལ་བ་གཉིས་བྱོན་པ་ཡིན། ལྕམ་མོ་བསམ་ལུ་ནི་ནང་ཆེན་དཀོན་མཆོག་རྒྱལ་པོའི་ཆུན་མར་བྱོན་པ་ལགས། དེ་ནས་ངག་སྤྲུལ་གཉིས་པ་ཨ་མགོན་མཁྱེན་རབ་དབང་ཕྱུག། རྣམ་རྒྱལ་གཉིས་པ་ཚངས་གསརཀརྨ་བསྟན་འཛིན། བསོད་ཡེས་གཉིས་པ་སེར་རྩ་ཀརྨ་ཚུལ་ཁྲིམས་མཐར་ཕྱིན་ཏེ། འདི་གསུམ་ཀརྨ་པ་བྱང་ཆུབ་རྡོ་རྗེའི་རྗེས་སུ་བཟུང་ཤིང་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་ཆོས་སྐོར་དང༌། མདོ་སྔགས་ཀྱི་ཆོས་ཚུལ་རྣམས་ཞུས། དབོན་གུ་རུ་དྷརྨ་ཙཀྲ་ལས། འབའ་རོམ་པའི་གདམས་སྐོར་རྣམས་ཕལ་ཆེར་གསན། མདོ་ཁམས་དཔལ་སྤུངས་སུ་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་ཞབས་པད་རྩེ་གཅིག་ཏུ་བསྙེན་ནས་ཆོས་ཀྱི་བདུད་རྩི་ཟབ་མོས་ཐུགས་ཚིམ་པར་བཞེས། སོ་སོའི་གདན་ས་བསྐྱངས་ནས་མཛད་ཕྲིན་རྒྱས། དཔོན་བསོད་ནམས་རྒྱལ་བ་འགྲམ་ཁར་གཏན་ཆགས་པར་མཛད་པའི་སྲས་ཀརྨ་དོན་གྲུབ། བསོད་ཡེས་གསུམ་པ་ཀརྨ་ཡེ་ཤེས་སྙིང་པོ་རིན་ཆེན་དབང་རྒྱལ། བསྟན་པ་རྣམ་རྒྱལ་ཡེ་ཤེས་དབང་ཕྱུག་རྣམས་བྱོན། དོན་གྲུབ་རྒྱལ་བ་མདོ་ཐང་ཁར་བཞུགས་པར་སྲས་མ་བྱུང་བར་ཡེ་ཤེས་དབང་ཕྱུག་ཡར་བྱོན་ནས་བཞུགས། ཀརྨ་དོན་གྲུབ་གྱི་སྲས་ཟུར་པ་ཁྲི་རྒྱལ་ཞེས་པ་རྫ་ལྷུག་ཏུ་ཟུར་བཞུགས་མཛད། གོང་དུ་སྨོས་པའི་ཚངས་གསར་མཁར་པོའི་ཆེའི་ཁྲི་འཛིན་བློ་་བཟང་བསྟན་དབང་གི་སྤྲུལ་སྐུ་ཧ་ར་ཚང་དུ་འཁྲུངས་པ་མཁར་ཆེན་སྤྲུལ་སྐུར་གྲགས་ཤིང་ཁྲི་བསྐོས་མཛད། ཚངས་གསར་ལྷ་འབུམ་གྱིས་ལྕི་ཉིན་སྟོད་ར་རུག་མདར་སྦྲ་མཁར་མཛད་པའི་སྲས་ཚངས་གསར་ཀརྨ་ཞེས་པ་བྱུང༌། འདི་སྐབས་ལྕི་སྟོད་སྨད་གཉིས་སུ་གྱེས་པའི་སྡེ་ཁག་ལ་ཚངས་གསར་ཡུལ་འབྲོག་གཉིས་ཟེར། ཀརྨའི་སྲས་གཞུང་དུ་ཡོད་པ་ཚངས་གསར་དུང་རྒྱལ་ཡིན་ལ། ཟུར་པ་ཞིག་ཡོད་པ་དོན་གྲུབ་སྟེ། ཟུར་སྡེ་ཕྱེ་ནས་རྫ་གྲབ་མདར་བཞུགས་ཤིང་སྲས་མེད་པའི་འཕྲོས་ལ་སྡེ་རོ་མ་ཞེས་པ་བྱུང༌། མདོར་བསྡུས་ན་ལྕི་ཉིན་ཤོག་གསུམ་མར་གྲགས། དུང་རྒྱལ་གྱི་སྲས་རྣམ་རྒྱལ་རྡོ་རྗེ་དང་ཕུན་དབང་གཉིས། དེ་སྲས་དཔོན་ཨོར་ཆོས་དང་བླ་ཆུང་པད་འགྲོ་རྣམས་སོ། །ལྕི་སྲིབ་ལའང་དོན་གྲུབ་རྒྱལ་བ་མདོ་ཐང་ལ་བཞུགས་པ་དང༌། བསོད་ནམས་རྒྱལ་བ་འགྲམ་ཁར་བཞུགས་པ་སྟེ་གཉིས། བསོད་ནམས་རྒྱལ་བའི་སྲས་ཀརྨ་དོན་གྲུབ་ཀྱི་སྲས་ཟུར་པ་ཚངས་གསར་ཁྲི་རྒྱལ་ཞེས་རྫ་ལྷུག་ཏུ་བཞུགས་པ་ལྕི་སྲིབ་སྟོད་སྨད་བར་གྱི་སྡེ་ཁག་སྟེ། མདོར་ན་ལྕི་ཉིན་སྲིབ་གཉིས་ལ་ཚངས་གསར་ཁག་ལྔ་ཤོག་དྲུག་ཏུ་གྲགས་པ་ཕྱིས་སུ་བྱུང་ཞིང་ས་མི་ཆུད་མཚམས་ཡང་སྨད་ནས་སྒམ་ལ་སྦྲུལ་མཁར། སྐད་རྒྱལ་ནེ་བྲོ་རྐེས་རྒྱལ་སེ་ཕོམ། ཡོག་རྒྱལ། བྲེ་གུ་ལ་བཙས་ནག་པོ། ཀ་མདའ་ཁྲ་མོ། གོ་ཝེ་རི་དམར། སྟག་ལུང་ལ་བཙས་དཀར་པོ་བཅས། བླ་དགོན་རྣམས་གོང་མ་རྒྱ་སོགས་གཞུང་གསུམ་གྱི་སྐུ་རིམ་པ་དང༌། དཔོན་རབས་རྣམས་གོང་མ་སེ་ཆེན་གན་གྱི་དུས་ནས་བརྩམས། ཡོན་མིང་ཆིང་ཤུན་གྱི་དུས་རྒྱལ་པོ་དང་ཁྲི་དཔོན་སྒེར་བཙན་རང་དབང་ཅན་ཡིན་པར་གདའ། ~~༈ དེ་ནས་བླ་རབས་བྱོན་པའི་ཚུལ་ནི། བསོད་ཡེས་གསུམ་པ་ཀརྨ་ཡེ་ཤེས་སྙིང་པོས་ཀརྨ་པ་བཅུ་གསུམ་བདུད་འདུལ་རྡོ་རྗེ་བསྙེན། ངག་ཕྲིན་གཉིས་པ་ལས་ཡབ་ཆོས་སྐོར་གསན། གནམ་དགོན་གྱི་གདན་ས་མཛད། ངག་ཕྲིན་གསུམ་པ་སྐྱིལ་ཚ་བ་ཀརྨ་ཆོས་དབྱིངས་རང་གྲོལ་ལམ། ཡེ་ཤེས་རོལ་པ་རྩལ་དང་རྣམ་རྒྱལ་སྐུ་ཕྲེང་གསུམ་པ་གཉིས་སི་ཏུ་པདྨ་ཉིན་བྱེད་ཀྱི་ཞལ་དཀྱིལ་བསྙེན། དཔལ་སྤུངས་སྒྲུབ་ཁང་དུ་བཞུགས༌། མཁས་གྲུབ་རྨད་དུ་བྱུང་ནས་གདན་ས་རྣམས་བསྐྱངས། རྣམ་རྒྱལ་སྐུ་ཕྲེང་བཞི་པ་ཨ་མྱེ་ལ་འཁྲུངས་པ་ཉིད་གདན་སར་ཕེབས་ཤིང་འཛིན་སྐྱོང་སྤེལ་བ་སོགས་མཛད་དེ་སྐུ་གཤེགས། རྣམ་རྒྱལ་སྤྲུལ་སྐུ་ལྔ་པ་སངས་རྒྱས་གྲགས་པ་ཉིད་བདེ་མོ་དགོན་གྱི་གདན་ས་ཞབས་པད་རྡོ་རྗེའི་ཁྲིར་ད་ལྟའང་འགོད་བཞིན་པའོ། ། ༈ གཞན་ཡང་ལྕི་རཱ་ཛ་རྫོང་དུ་སྔོན་དཔལ་རྒྭ་ལོ་དེར་བཞུགས་སྒྲུབ་པ་མཐའ་ཕྱིན། ས་ཆེན་ཀུན་སྙིང་གི་གདུང་འབུམ་བཞེངས་མཛད། སྐུ་ཡང་དེར་གཤེགས་པས་རྒྭ་ལོའི་གདུང་འབུམ་ཡང་དེར་བཞུགས། ཕྱིས་སུ་ཚངས་གསར་བླ་མ་རྣམས་ཀྱིས་སྒྲུབ་གནས་མཛད་པས་ཚངས་གསར་རྫོང་མགོ་ཚང་ཞེས་དགོན་གནས་གཅིག་ཡིན། ཚངས་གསར་ཀརྨ་བསྟན་སྐྱོང་གི་གུར་སྒར་ཕུབ་པར་ཕྱིས་འབྲོག་པ་ཚང་གི་བླ་བརྒྱུད་རྣམས་ཀྱི་གདན་ས་མཛད་པས་ཚངས་གསར་ལྷ་ལམ་དགོན་དང༌། སྔགས་བརྒྱུད་དར་རྒྱས་རྒྱ་མཚོ་དཔལ་སྤུངས་སྒྲུབ་བླར་ཕེབས་ནས་ཡར་བྱོན། ཝ་རྫོང་པད་སྤུངས་སར་དགོན་མཛད། དབོན་སྤུག་ཆུང་ཞེས་པས་ཤུལ་འཛིན། སྔགས་སྤྲུལ་ངག་དབང་གྲགས་པ་སོགས་བྱོན་ཞིང་དགོན་པའི་མིང་ཚངས་གསར་ཆོས་གླིང་དགོན་ཞེས་པ་དང༌། གནམ་དགོན་གྱི་དགོན་ལག་རཀྵའི་མངོན་སྤྲུལ་ཀརྨ་ལུང་རིགས་རྣམ་རྒྱལ་གྱིས་རྟ་ཡུམ་གནས་སུ་སྨིན་གྲོལ་དགོན་ཞེས་པ་བཏབ་དར་རྒྱས་ཅུང་ཟད་བྱུང་ཞིང་ །དབོན་བླ་མ་ཀརྨ་བཤད་སྒྲུབ་ཀྱིས་འཛིན་སྐྱོང་མཛད་པ་སྟེ་དེ་རྣམས་གྲངས་སུ་འདྲེན་པ་ཡིན་ནོ། །ལྕི་ཉིན་ཡུལ་པ་མཁར་ཆེའི་བསྟན་བདག་ཧ་ར་བླ་མས་གདན་ས་མ་འཁྱོལ་ནས་རྟེན་གསུམ་གཙོ་ཆེ་ནང་ཆེན་དུ་འཁྱུགས་ཤིང་ཕལ་མོ་ཆེ་འཐོར་ཟགས་སུ་བྱུང་བར་གྱུར། གསེར་དངུལ་གྱི་བཀའ་འགྱུར་ནི་འབྲོག་པའི་དགོན་ལྷ་ལམ་དགོན་དུ་ཡར་ཉར་ཚགས་བྱས་པར་འདུག །འཕྲོས་ཡུལ་པའི་རྫོང་ཞིག་ཅིང་སྡེ་དུད་ཀྱི་མགོ་འཛིན་མ་ངེས་པ་འགའ་ཤས་ཡང་བྱུང་བར་སྣང་ངོ། བསོད་ཡེས་སྐུ་ཕྲེང་བཞི་པ་ཀརྨ་བསོད་ནམས་ཆོས་འཕེལ་ལམ། འཆི་མེད་རྡོ་རྗེ་དང༌། ངག་ཕྲིན་བཞི་པ་བསམ་གཏན་རྒྱ་མཚོ། གཏེར་སྲས་སྤྲུལ་སྐུ། གསང་སྔགས་རྣམས་སྐུ་མཆེད་དེ། འདི་རྣམས་ཚངས་གསར་འབྲོག་པ་དཔོན་ཨོ་རྒྱན་ཆོས་འཕེལ་གྱི་སྲས་ཡིན་ལ་ཡུམ་དཀོན་མཆོག་དཔལ་སྒྲོན་ཞེས་གཏེར་ཆེན་མཆོག་གླིང་སྲས་མོ་སྟེ། འདི་རྣམས་ངག་ཕྲེང་གསུམ་པའི་དབོན་བླ་མ་ཆོས་དབང་དང༌། སྤམ་ཚངས་གསར་བླ་མ་ཨ་ཡུ་དེ་ཝ། གཅོད་བླ་བསོད་ནམས་རྒྱལ་མཚན་སོགས་ལས་འབའ་རོམ་དང་ཡབ་མེས་ཀྱི་ཆོས་སྐོར་ཚང་མ་གསན། ཀརྨ་པ་ཐེག་མཆོག་རྡོ་རྗེ་དང་མཇལ། གདམས་ཁྲིད་དབང་བསྐུར་ཡང་ནོད། གདན་སར་བཞུགས་པ་དང་རི་ཁྲོད་བརྟེན་པ་རེས་མོས་མཛད། ཕྱིས་བསམ་གཏན་རྒྱ་མཚོ་རྒྱལ་དབང་མཁའ་ཁྱབ་རྡོ་རྗེའི་དབུ་བླར་བྱོན། གཏེར་གསར་ཡོངས་རྫོགས་དབང་བསྐུར་ཕུལ། འཆི་མེད་རྡོ་རྗེ་འབྲུག་པ་རིན་པོ་ཆེ་ཐམས་ཅད་མཁྱེན་པའི་དབུ་བླ་མཛད། གསར་རྙིང་ཆོས་སྐོར་མང་དུ་ཕུལ། ནང་ཆེན་སྟོད་དུ་རྒྱལ་བཀའི་ལུང་སྤེལ། དབོན་བརྒྱུད་ཐུགས་སྲས་པདྨ་འཇིགས་མེད། ཀརྨ་ཨོ་རྒྱན།་་་་་་་་་ཆོས་དབང་སྤྲུལ་སྐུ། བསོད་རྒྱམ་སྤྲུལ་སྐུ།་་་་་་་་་་་བསྟན་འཛིན་རྡོ་རྗེ་སོགས་བྱོན། དབོན་པདྨ་འཇིགས་མེད། སྲས་འགྱུར་མེད་རྡོ་རྗེ་ཞེས་པ་ད་ལྟ་འདིའོ། ། ༈ ལྕི་སྲིབ་མདོ་ཐང་དཔོན་བརྒྱུད་ཡེ་ཤེས་དབང་ཕྱུག་སྲས་དོན་གྲུབ་ཕུན་ཚོགས། དེ་སྲས་ཀརྨ་དབང་རྒྱལ། ཨོ་རྒྱན་རྣམ་རྒྱལ། ཨོ་རྒྱན་དར་རྒྱས་གསུམ། དེ་སྲས་ད་ལྟ་བླ་མ་དབུ་སྨུག་ཞེས་པ་འདི་དག་གོ། །རྫ་ལྷུག་དཔོན་ཁྲི་རྒྱལ་སྲས་མགོན་པོ་སྟོབས་རྒྱལ་ཀརྨ་བཟང་གཉིས། དེ་སྲས་བླ་མ་བསྟན་འཛིན་ཆོས་དར། དེ་སྲས་འགའ་ཡོད་པ་མི་སྣང་ཞིང༌། ཀརྨ་བཟང་སྲས་ཟུར་པ་འདུལ་བ། དེ་སྲས་ཨོ་རྒྱན་ཉི་མ་འདི་དག་དང༌། །འགྲམ་དཔོན་བསྟན་འཛིན་རྣམ་རྒྱལ་དང་རིན་ཆེན་དབང་རྒྱལ་ཟུང་གི་སྲས་མགོན་པོ་བསྟན་གྲགས་སྤྲུལ་སྐུ། བསྟན་དབང་སྤྲུལ་སྐུ་གཉིས། དེ་གཉིས་སྔགས་འཆང་དུ་བཞུགས་པའི་སྲས་ཀུན་ཁྱབ་ཡེ་ཤེས་སོགས་འགའ་བཞུགས་པའོ། །དེ་ལྟར་ཕོ་བྲང་ནང་སོ་ཆེན་མོའི་ཁྲིར་ཕེབས་པའི་གསང་བ་ལུས་མེད་རྡོ་རྗེ་ནས་བདག་ཅག་གི་དཔལ་མགོན་བླ་མ་འཆི་མེད་གྲུབ་པའི་རྡོ་རྗེ་ཡན་བླ་བརྒྱུད་དང་དབོན་བརྒྱུད་བར་མ་ཆད་པར་བྱོན་པ་ཐམས་ཅད་ཀྱང་རྡོ་རྗེའི་རིག་པ་འཛིན་པ་ཁོ་ན་སྒྲུབ་བརྒྱུད་འབའ་རོམ་པའི་ལྷ་ཆོས་མི་ཆོས་ཡ་བྲལ་དུ་མ་སོང་བའི་གྲུབ་པའི་ཕྲེང་བ་ཤ་སྟག་གོ། །