(14) བྱང་འབའ་རོམ་རི་བོ་ཆེར་དར་མ་དབང་ཕྱུག་གི་དབོན་རྒྱུད་ཁྲི་འཛིན་བྱོན་ཚུལ།

2014-04-28

~~༈ བྱང་འབའ་རོམ་རི་བོ་ཆེར་དར་མ་དབང་ཕྱུག་གི་དབོན་རྒྱུད་ཁྲི་འཛིན་བྱོན་ཚུལ། རྩ་བའི་གདན་ས་བྱང་འབའ་རོམ་རི་བོ་ཆེར་དཔལ་ལྡན་དར་མ་དབང་ཕྱུག་གི་དབོན་རྒྱུད་ཁྲི་འཛིན་བྱོན་ཚུལ་ནི། ཐོག་མར་གཅུང་བྲན་ཀ་ཇོ་བཙུན་ནམ་མཁའ་རྒྱལ་བཞུགས། བླ་མའི་གདུང་རྟེན་ཆེ་མོ། སྐུ་ལྡེར་གསུང་འབྱོན་མ། མཆོད་ཁང་སྙིང་མ་རྣམས་བཞེངས། གདན་ས་ལོ་བཅུ་མཛད་ནས་ས་ཕོ་འབྲུག་ལ་སྐུ་གཤེགས་སོ།།
གཅེན་པོ་ཉི་ཁྲི་ལ་སྲས་བཞི་ཡོད་པའི་ཆེ་བ་ཨ་ར། འབྲིང་བ་བླ་མ་རྒྱལ་བ་གྲགས་པའམ་ཤེས་རབ་དབང་བྱང་ཆུབ་ནི་ལྕགས་མོ་གླང་ལོ་ལ་སྐུ་འཁྲུངས། རྗེ་ཉིད་དང་འབྲི་གུང་ཆོས་རྗེ་ལ་གཏུགས་ནས་ཡོན་ཏན་དཔག་ཏུ་མེད་པ་མངའ་ཞིང་། དགུངས་ལོ་ཉི་ཤུ་རྩ་བརྒྱད་འབྲུག་གི་ལོ་ལ་གདན་སར་བྱོན། ཁོང་གི་རིང་ལ་ཏི་ཤྲི་རས་པས་དངུལ་གྱི་སྒོ་མང་གིས་ཐོག་དྲངས་ནས་འབུལ་ཆེན་བཅུ་གསུམ་བྱུང་། གྲྭ་པ་ལྔ་བརྒྱ། མཛོ་ལྔ་བརྒྱ་བཟུང་ནས་རྔོད་ཨ་ལ་ནས་ཤིང་ལན་གཉིས་དྲངས་ནས་གསེར་འབུམ་ཆེན་མོ་བཞེངས། གདན་ས་ལོ་སུམ་ཅུ་མཛད་ནས་ལྔ་བཅུ་ང་བརྒྱད་ས་ཕོ་ཁྱི་ལོ་ཟླ་བ་བཞི་པའི་ཚེས་ལྔ་ལ་གཤེགས་སོ།།
ཆུང་བ་གཅུང་ཤེས་རབ་དབང་ཕྱུག་གིས་ཙི་ཀོ་མཛོ་དགོན་གྱི་གདན་ས་བསྐྱངས། དེའི་གཅེན་ཨ་དར་གྱི་བཙུན་མོ་གཉིས་ལ་སྲས་དྲུག་ཡོད་པའི་ཆེ་བའི་སྲས་གསུམ་གྱི་ཆུང་བ་དབང་ཕྱུག་རྒྱལ་མཚན་མེ་མོ་སྦྲུལ་ལ་སྐུ་འཁྲུངས། བཞི་ཅུ་ཞེ་གསུམ་ལ་གདན་སར་བྱོན། དེ་དུས་བེ་རི་དང་ཧོར་བྱུང་ནས་དབུས་པ་ཐམས་ཅད་མ་བདེ། བྱང་ལ་ལོ་བདུན་ལ་མི་སྡེ་མེད། དཔོན་སློབ་བཅུ་ལྔ་བཞུགས་པ་ལ་གསོལ་རྒྱུ་མེད་ནས་རྗེ་འབའ་རོམ་པའི་སྐུ་འདྲའི་ཕྱག་ཏུ་ལྡེ་མིག་ཕུལ་ནས་བཤུམས་པས་མངོན་སུམ་དུ་མ་འགྲོ་གསུངས་པའི་གསུང་བྱོན། དེ་ནས་ཧོར་ཁྲིམས་འཇགས་ལོ་བཅུ་ལྔ་གདན་ས་མཛད། ལྔ་བཅུ་རྩ་བརྒྱད་ཤིང་ཕོ་སྟག་ལ་མཁའ་སྤྱོད་དུ་གཤེགས་སོ།།
ཨ་དར་གྱི་བཙུན་མོ་ཆུང་བའི་སྲས་ཆེ་བ་དབང་ཕྱུག་རྒྱལ་པོ་ནི་ས་མོ་བྱ་ལ་སྐུ་འཁྲུངས། མི་ཉག་དབང་སྡེར་བྱོན་ནས་དེའི་མཁན་པོ་མཛད། དྲུག་ཅུ་རྩ་དྲུག་ལ་གདན་སར་བྱོན། སྐུ་འབུམ་གྱི་རྒྱ་ཕིབས་བྲག་གི་མཁར་ལས་སོགས་མཛད། གདན་ས་ལོ་བཅུ་ལྔར་བཞུགས་ནས་བདུན་ཅུ་རྩ་དྲུག་ཤིང་ཕོ་བྱི་བའི་ལོའི་གྲེ་ཕུལ་ཟླ་བའི་ཚེས་བརྒྱད་ལ་གཤེགས།
བཙུན་མོ་ཆེ་བའི་སྲས་འབྲིང་པོ་ལུག་གུ་དར་ལ་སྲས་གཉིས་ཡོད་པའི་ཆུང་བ་དབང་ཕྱུག་རིན་ཆེན་གྱིས་གདན་ས་ལོ་དྲུག་མཛད། སླར་ཡང་རང་ཡུལ་དུ་བྱོན། མི་ཆོས་པ་མཛད་པའི་གདན་ས་གོ་མ་ཆོད་དུ་གྲགས།
བཙུན་མོ་ཆུང་བའི་སྲས་འབྲིང་པོ་ལུ་གུ་དང་། ཡུམ་ལོ་མོ་གསལ་མོའི་སྲས་མཁས་པ་ཆེན་པོ་ནི། ཆུ་མོ་ཡོས་ལ་སྐུ་འཁྲུངས། དགུང་ལོ་བཅུ་གསུམ་ལ་མཁན་པོ་གདན་སར་བཞུགས་པའི་མདུན་དུ་རབ་ཏུ་བྱུང། མཚན་གཞོན་ནུ་ཤེས་རབ་བྱ་བ་བཏགས། དེ་ཉིད་ལས་འདུལ་བ་སོགས་མདོ་སྔགས་ཀྱི་ཆོས་མང་དུ་གསན། འབྲི་གུང་གཅུང་རིན་པོ་ཆེ་ལས་སེམས་བསྐྱེད་ཆོ་ག་སོགས་གསན། དེ་ནས་དགུང་ལོ་ཉི་ཤུ་ལ་གྲོ་སར་བྱོན་ནས་མཁན་པོ་རྣལ་འབྱོར་བྱང་སེམས་པའི་དྲུང་དུ་བསྙེན་པར་རྫོགས་པར་མཛད་ནས་སྡོམ་པ་གསུམ་གྱི་བླང་དོར་ལ་མཁས་པར་མཛད། བླ་མ་འཕགས་པ་ལས་ཀྱཻ་རྡོར་སོགས་གསང་སྔགས་ཀྱི་ཆོས་མང་དུ་གསན་ཞིང་། གཞན་ཡང་ཐོས་བསམ་ལ་ནན་ཏན་བརྩོན་པར་མཛད་ནས་རིག་པའི་གནས་ལྔ་ལ་མཁས་པའི་པཎྜི་ཏ་ཆེན་པོར་གྱུར། དེ་ནས་དགུང་ལོ་ཉེར་བརྒྱད་ལྕགས་ཕོ་རྟའི་ལོ་ལ་གདན་སར་བཞུགས། ཚོགས་མཆོད་ལ་སོགས་པའི་བསྟན་བཅོས་མང་དུ་བརྩམས། ཁམས་སུ་བྱོན་ནས་སྐུ་འབུམ་རྩར་ལོ་གསུམ་ལ་བཞུགས། སེམས་ཅན་མང་པོ་སྨིན་གྲོལ་ལ་བཀོད། ཡར་ཕྱག་ཕེབས་ནས་བྲག་གི་ལྷ་ཁང་སོགས་མཁར་ལེན་མང་དུ་མཛད་ཅིང་། ཆུ་སྐོར་བཙུགས། ཇོ་བོ་རིན་པོ་ཆེའི་སྐུ་ཚད་རང་བྱོན་མར་གྲགས་པ་དེ་བཞེངས་པའི་ནང་རྫོང་ལ་སངས་རྒྱས་ཀྱི་འཕེལ་གདུང་། ནཱ་རོ་པའི་ཕྱག་ཕྲེང་པདྨ་དམར་པོའི་ཕྲེང་བ་སོགས་རྟེན་ངོ་མཚར་ཅན་མང་དུ་བཞུགས། གཞན་ཡང་སྐུ་གསུང་ཐུགས་ཀྱི་རྟེན་དང་། གདན་ས་རིན་པོ་ཆེའི་ཆ་རྐྱེན་ནམ་མཁའ་མཛོད་ལ་མངའ་བརྙེད་པ་ལྟ་བུ་མཛད་པ་ཡིན། མངོན་པར་མཁྱེན་པ་ལ་ཡང་། ལྷ་ས་བཏབ་ནས་ལོ་བརྒྱ་དང་སྟོང་སོང་། བསམ་ཡས་བཏབ་ནས་ལོ་སྟོང་སོང་། འབའ་རོམ་བཏབ་ནས་ལོ་བརྒྱ་དང་སུམ་ཅུ་སོ་བདུན་སོང་། སྟག་ལུང་བཏབ་ནས་ལོ་བརྒྱ་དང་བཅུ་སོང་། འབྲི་གུང་བཏབ་ནས་ལོ་བརྒྱ་དང་བཅུ་གསུམ་སོང་བ་ན། འབྲི་གུང་ཆོས་རྗེ་མེད་ལ་འགྲོ། དེའི་རྐྱེན་གྱིས་མི་མང་པོ་ཞིག་དམྱལ་བར་འགྲོ་བ་ཞིག་མཁྱེན། དེ་ལྟར་ལུང་བསྟན། དེ་ནས་ལོ་གཉིས་སོང་བ་ལྕགས་ཕོ་སྟག་གི་ལོ་ལ་འབྲི་གུང་ཐིལ་བསྲེགས། དབུས་གཙང་ཐམས་ཅད་མ་བདེ། དེའི་དུས་སུ་འབའ་རོམ་ལ་ཉེས་གྱོད་གང་ཡང་མ་བྱུང་། སླར་རྒྱལ་པོའི་བློན་པོ་འཇོལ་ཆེན་སོགས་མི་ཆེན་མང་པོ་ཡོན་བདག་ཏུ་གྱུར། འབུལ་བ་ཆེན་པོ་བྱུང་། གདན་ས་ལ་ལོ་བཞི་ཅུ་རྩ་གཅིག་བཞུགས་རིང་ལ་ཆོས་འཆད་རྩོད་རྩོམ་གསུམ་ལ་དུས་འདའ་བར་བསྟན་པ་རིན་པོ་ཆེ་དར་རྒྱས་མཛད་པ་ཡིན་ནོ། །དེ་ནས་དགུང་ལོ་དྲུག་ཅུ་རྩ་དགུ་ལྕགས་ཕོ་ཕག་གི་ལོའི་ཟླ་བ་དང་པོའི་ཚེས་བཅུ་བདུན་ལ་ངོ་མཚར་གྱི་ལྟད་མོ་དང་བཅས་ཏེ་རིག་པ་འཛིན་པའི་གནས་སུ་གཤེགས་སོ།།
དབོན་པོ་དབང་རིན་ལ་སྲས་གསུམ་ཡོད་པའི་ཆུང་བ་བླ་མ་ཆོས་དབང་ཕྱུག་ནི། མེ་ཕོ་ཕག་ལ་སྐུ་འཁྲུངས། ས་སྐྱར་བྱོན་ནས་རབ་བྱུང་མཛད། དགུང་ལོ་ཉི་ཤུ་རྩ་ལྔ་ལ་གདན་སར་བཞུགས། མཁས་པ་ཆེན་པོ་རང་གི་གསུང་བཞིན་ཁོང་རང་གདུང་རུས་ཇོ་ཤཱཀ་གི་རྒྱབ་ཏུ་ཕུག་པ་མཛད་པའི་ནང་དུ་བཞུགས་སུ་གསོལ། གདུང་ཆ་ཤས་ལ་སྐུ་གསུང་ཐུགས་ཀྱི་རྟེན་མང་དུ་བཞེངས། གདན་སར་ལོ་དྲུག་བཞུགས་ནས་དགུང་ལོ་སུམ་ཅུ་མེ་ཕོ་འབྲུག་གི་ལོའི་སྨིན་དྲུག་ཟླ་བའི་ཚེས་བརྒྱད་ལ་སྐུ་གཤེགས་སོ།།
དབོན་པོ་དབང་ཕྱུག་རྒྱལ་མཚན་ལ་སྲས་གཉིས་ཡོད་པའི་ཆེ་བ་སེངྒེ་དཔལ་བ་ནི། བླ་མ་ཀུན་དགའ་ལེགས་འབྱུང་ལས་རབ་ཏུ་བྱུང་། དགུང་ལོ་བཅུ་ནས་གདན་སར་བཞུགས། སྐུ་གསུང་ཐུགས་ཀྱི་རྟེན་མང་དུ་བཞེངས། གདན་སར་ལོ་སུམ་ཅུ་རྩ་ལྔ་བཞུགས། དེ་ནས་རིན་ཆེན་རྒྱལ་མཚན་གདན་ས་ལོ་ལྔ། དེ་ནས་ནམ་མཁའ་རྒྱལ་མཚན་གྱིས་གདན་ས་ལོ་ཉེར་བདུན། དེ་རྗེས་དབོན་བརྒྱུད་གཉིས་སུ་གྱེས་པའི་གཅིག་ནི་ཚུལ་ཁྲིམས་རྒྱལ་མཚན། རིན་ཆེན་རྒྱལ་པོ། ཀུན་དགའ་དཔལ། གཅིག་ནི་ཆོས་ཀྱི་བློ་གྲོས། ཚུལ་ཁྲིམས་རྒྱ་མཚོ། ཤཱཀྱ་དཔལ་དེ་ཀ་དྲུག་དང་ཀ་བཞི་རུ་གྲགས་པ་རྣམས་བྱུང་ཞིང་དེ་དག་གིས་འབའ་རོམ་པ་དངོས་ཀྱི་གདན་ས་ཡར་མར་གཉིས་བསྐྱངས་པར་མཛད་དོ།། །།