སྒོ་བཤས་ཉུང་དུ་ཐོངས།

2014-11-02

སྒོ་བཤས་ཉུང་དུ་ཐོངས། 
སྐྱོ་བྲག་དགའ་དབང་། 
བོད་མཐོ་སྒང་གི་ས་ཆ་ཕལ་མོ་ཆེར་ཕྱུགས་ཟོག་ཁ་གྲངས་མང་ཞིང་འབྲུ་རིགས་ཀྱི་ཐོན་ཁུངས་ཉུང་བ་ལ་བརྟེན་ནས་ཤ་ལ་དགའ་ཞིང་ཁྲག་ལ་རྔམས་ཀྱིན་ཡོད་མོད། ཤ་ཁྲག་ལ་དགའ་བ་ནི་ཡག་པོ་ཞིག་མ་རེད། གལ་ཏེ་དུད་འགྲོ་དྲིན་ཆེན་རྣམས་འཇིག་རྟེན་འདི་ནས་རྫོགས་སོང་ན་མི་རྣམས་ཕན་ཚུན་བཟའ་དགོས་ཐུག་པའི་གནས་སུ་གྱར་ངེས་ཤིང་ང་ཚོས་སྲིན་པོ་ཞེས་འཇིགས་ཡེ་རེ་བ་ཞིག་ཏུ་ལྟ་བའང་དོན་ཤ་ཁྲག་ལ་ལོངས་སྤྱོད་པས་རེད། 
འཇིག་རྟེན་ན་གཅེས་པ་རང་སྲོག་ཡིན་ཕྱིར་རང་གི་འཚོ་གནས་ལ་འབད་དགོས་པ་བདེན་མོད། སྐད་ཆ་བཤད་ཤེས་མིན་ཙམ་ལས་དུད་འགྲོ་རྣམས་ཀྱང་རང་སྲོག་ལ་ཧ་ཅང་དམར་བཞིན་ཡོད་པ་ནི་མངོན་སུམ་འདི་ཀ་ཡིན། རང་གི་འཚོ་གནས་ཙམ་ལས་གཞན་གྱི་ཚོར་བ་བདེ་སྡུག་ལ་བསམ་ཤེས་ཡེ་མི་བྱེད་ན་ཐ་མ་རང་ཉིད་སྤྱི་ཚོགས་ཀྱི་ནང་དུ་བདེ་གནས་ཡོང་ཐུབ་ཀྱི་མ་རེད། སྔར་ཡིན་ན་བོད་ཡུལ་དུ་དཀར་ཟས་ཉུང་ཙམ་ཡིན་མོད། དིང་གི་དུས་ན་འཛམ་གླིང་སྤྱི་ཡོངས་ཚོང་རར་གྱུར་པས་དཀར་ཟས་སྣ་མང་མ་ཐོབ་པའི་དཀའ་ངལ་ཆེར་མེད་ཅིང། བོད་ཡུལ་ཡིན་ནའང་མུ་མཐུད་ཚོང་ལས་ཅན་དུ་འགྱུར་ངེས་པས་ན་དཀར་ཟས་སྣ་མང་མ་ཐོབ་པའི་དཀའ་ངལ་ཁྱོན་ནས་ཡོང་གི་མ་རེད། 
བོད་པ་ཚོས་ང་ཚོ་ཤ་ཁྲག་ལ་དགའ་བ་ནི་ང་ཚོའི་མི་རིགས་ཀྱི་གོམས་གཤིས་རེད་ཅེས་བཤད་ཀྱི་ཡོད། གོམས་གཤིས་ཡིན་ནའང་སྐྱུར་མི་ཐུབ་པ་དང་མི་རུང་བ་ཞིག་མིན་པ་ནི་དིང་གི་དུས་ན་བོད་པ་ཚོ་ཡང་འཕྲུལ་འཁོར་དུ་བསྐྱོད་པ་ལས་རྟ་དང་གཡག་བཞོན་ནས་མི་འགྲོ་བ་འདིས་ཤེས་པ་ཡིན། དོན་དངོས་ལ་བོད་པ་ཤ་ཁྲག་ལ་དགའ་བ་ནི་བཟའ་འདོད་བྱུང་བྲོ་བ་ཞིམ་པ་འདུག་ཟེར་བ་ཙམ་རེད། འདི་ཙམ་གྱི་དབང་དུ་གཏོང་དགོས་ན་ཉི་མ་གཅིག་ཁྱོད་གསོད་འདོད་བྱུང་ཁྱོད་བསད་ན་ང་དགའ་བ་འདུག་ཟེར་སར་བསླེབ་ངེས་པས་ཞེད་སྣང་གི་གནས་ཚུལ་མིན་ནམ། རྒྱ་གར་གྱི་བྲམ་ཟེ་སོགས་མི་ཡི་རིགས་རྒྱུད་མང་པོས་ཤ་ཁྲག་ཟ་འཐུང་མི་བྱེད་པས་ཚེ་རིང་ནད་མེད་དང་རིག་པ་གསལ་བ་ཡོད་རབས་བཤད་ཀྱི་གདའ་བ། ང་ཚོ་བོད་པ་ཡང་ཚེ་རིང་ནད་མེད་དང་རིག་པ་གསལ་བ་ནི་འདོད་ཀྱིན་ཡོད་པས་ཅིའི་ཕྱིར་རང་དགྲ་རང་གཤེད་བྱེད། གནའ་ནས་ད་བར་བོད་པས་སྒོ་ཟོག་དྲིན་ཆེན་རྣམས་གསོད་གཏུབ་བྱས་ཀྱང་ཐ་མ་བོད་ཡུལ་གྱི་གནས་བབ་སྐྱོ་བོ་འདི་ལ་ཐུག་པས་བཤས་ཚོང་གིས་ཡར་རྒྱས་གོང་འཕེལ་མི་ཡོང་བ་ཡང་ཀླད་ཡོད་ཡིན་ན་ཤེས་ཚོད་རེད། 
ང་ཚོ་བོད་རིགས་གཉོམ་ཆུང་རྣམས་ལ་སྐྱབས་ཞུ་མཁན་ཞིག་ཡོད་པ་ནི་རང་གི་སྒོ་ཟོག་དྲིན་ཆེན་འདི་ཙམ་ཡིན་འགྲོ། ཁོ་ཚོ་རི་ནས་ཁྱིམ་ལ་ལོག་ཡོང་གི་ཡོད་ལ་ཁོ་ཚོས་བདག་པོ་མཐོང་བ་ན་ཧ་ཅང་དགའ་བས་རྒྱུག་ཡོང་ནས་ལྕེས་ལྡག་པ་སོགས་བྱེད་ཀྱི་ཡོད། ཡིན་ནའང་ང་ཚོས་ཁོ་ཚོ་བེད་སྤྱོད་གང་དགོས་བཏང་སྟེ་ཐ་མ་སྲོག་ཐོག་ཏུ་གཏོང་གི་ཡོད། དྲིན་ལན་ལོག་འཇལ་བྱ་མཁན་བོད་པ་ལས་སྡུག་ཙམ་ས་སྟེང་དུ་ཨེ་ཡོད་ན་བསམ་གྱི་གདའ། ང་ཚོས་ཆོས་ལོག་ཏུ་བརྩི་བའི་ཕྱིའི་རྒྱལ་ཁབ་མང་པོར་ཉེས་ཅན་གྱི་མི་ག་འདྲ་ཞིག་ཡིན་ནའང་སྲོག་ཐོག་ཏུ་གཏོང་ཆོག་གི་མེད། བོད་པའི་ཁྱིམ་ཚང་མང་པོས་རང་གི་ཕ་མ་ལྟར་གྱུར་པའི་སྒོ་ཟོག་སེམས་ཅན་གསོད་དགོས་ཐུག་པ་ལ་སྐྱོ་སྣང་ཙམ་ཡང་མེད་པར་མང་དག་གསོད་དུ་ཡོད་པ་ནི་ཕྱུག་པོ་ཡིན་པའི་ངོམ་སོ་བྱེད་ཀྱི་ཡོད་ལ། མི་ཁ་ཤས་ཀྱིས་སོ་སོའི་ཕ་མ་འདྲ་བའི་དྲིན་ཆེན་གྱི་ཤ་ཁྲག་ཟ་འཐུང་བྱེད་ཀྱི་ཡོད་པ་མི་ཤེས་པར་ངས་ཚད་རྒལ་བཟའ་འཐུང་ཐུབ་རབས་ཀྱི་དཔའ་གཏམ་ཤོད་ཀྱི་ཡོད། འདི་ཚོ་ནི་ཕ་བསད་ལ་རྒྱལ་རྔ་རྡུང་བའི་བོད་སྲིན་པོ་གདོང་དམར་གྱི་ཀླ་ཀློའི་སྤྱོད་པ་རང་རེད། སྒོ་ཕྱུགས་ལས་ངན་འདི་ཚོས་ཕན་ཚུན་བསམ་ཚུལ་བརྗེ་ལེན་དང་མཉམ་རུབ་ཡག་པོ་བྱེད་མི་ཤེས་པ་མ་གཏོགས། གལ་ཏེ་ཤེས་ན་ཁ་ཆེ་དྲག་སྤྱོད་པས་མི་དམངས་དམར་གསོད་གཏོང་གི་གདའ་ཟེར་ནས་འཛམ་གླིང་གི་རྒྱལ་ཁབ་ཕལ་མོ་ཆེས་དྲག་རྡུང་བྱེད་ཀྱིན་ཡོད་པ་བཞིན། དུད་འགྲོ་རྣམས་ཀྱིས་ཀྱང་ཤ་ཟ་ཁྲག་འཐུང་བྱེད་མཁན་གྱི་མི་ཚོགས་དག་གསོན་ས་སྟེང་དུ་འཇོག་གི་མ་རེད། 
ང་ཚོས་ང་ཚོ་ངོ་སྤྲོད་བྱེད་པ་ན་བོད་ཡུལ་ཆོས་ལྡན་གྱི་ཞིང་ཁམས། འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་། ཐེག་པ་ཆེན་པོའི་ཆོས་ལ་ལོངས་སྤྱོད་པ་སོགས་ཆེ་རབས་གཉན་རབས་ལུང་པ་དགུ་བཤད་ནས། རང་གི་ལུས་ལ་དཔེ་ལོངས་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །ཅེས་པའི་གོ་བ་དང་ལག་ལེན་ཙམ་ཡང་མེད་པ་ནི་ཅི་འདྲའི་ངོ་གནོངས་དགོས་པ་ཞིག་རེད་ཨང་། ད་དུང་ཧམ་ཆེན་འགའ་རེས་སངས་རྒྱས་ཀྱིས་ཤ་ཁྲག་གི་བཟའ་བ་མ་བཀག་པར་བཤད་པ་ནི་སངས་རྒྱས་ཀྱི་གསུང་རྣམས་རྩིས་མེད་དུ་གཏོང་བ་སྟེ། གླང་པོའི་རྩལ་དང་སྤྲིན་ཆེན་དང་། །མྱ་ངན་འདས་དང་སོར་ཕྲེང་དང་། །ལང་ཀར་གཤེགས་པའི་མདོ་ལས་ཀྱང་། །ངས་ནི་ཤ་ཡང་རྣམ་པར་སྨད། །ཅེས་པ་བཞིན་མདོ་སྡེ་མང་པོ་ནས་ནན་གྱིས་བཀག་ཡོད། 
རང་ཉིད་འཇིག་རྟེན་ཡ་རབས་ཀྱི་སྤྱོད་པ་བྱས་ཤེས་དྲིན་དྲན་ཡོད་པ་དང་། མདོར་ན་ཆོས་ནི་མི་འཚེ་བ། །དེ་བཞིན་གཤེགས་པ་ཉིད་ཀྱིས་གསུང་། །ཞེས་པའི་དམ་ཆོས་ཀྱི་གོ་བ་ཙམ་ཡོད་མཁན་ཞིག་ཡིན་ན་དམར་ཟས་སྤོངས་ཤོག་དང་བདག་དང་གཞན་གྱི་ཉམས་མྱོང་ལྟར་ན་དམར་ཟས་སྤོང་མི་ཐུབ་པ་དང་སྤངས་ན་ཉེན་ཁ་ཡོད་པ་ཞིག་ཅང་རེད་མི་གདའ། དམར་ཟས་སྤོང་སེམས་བརྟན་པོ་ཞིག་ཡོད་ན་རང་གི་ཁྱིམ་ནས་ཀྱང་ཕ་མ་འདྲ་བའི་སྒོ་ཟོག་དྲིན་ཆེན་རྣམས་སྲོག་ཐོག་ཏུ་གཏོང་དགོས་ཐུག་གི་མ་རེད། གལ་ཏེ་གཏན་སྤོང་མ་ཐུབ་ནའང་ཟ་གྲངས་དང་ཟ་ཚད་ཉུང་དུ་ཐོངས་དང་རང་ཉིད་ཚེ་རིང་ནད་མེད་ཀྱི་འཕྲོད་བསྟེན་བཟང་བའི་ཐོག་ཕ་མ་དང་བླ་མ་སོགས་ཀྱི་སྐུ་ཚེ་ཞབས་རིམ་ཡང་ཡག་ཤོས་རེད། 
སྟོན་མཇུག་ཏུ་བསླེབས་པ་ན་བོད་ཡུལ་པ་རྣམས་ཀྱིས་དགུན་བཤས་བཤའ་ཟེར་ནས། རང་ལ་སྐྱབས་བཅོལ་བའི་དུད་འགྲོ་གཉོམ་ཆུང་དང་དྲིན་ཆེན་མང་པོ་ཞིག་སྲོག་ཐོག་ཏུ་གཏོང་གི་ཡོད། གཏོང་སྟངས་ཀྱང་ཡུལ་སྲོལ་ལ་ལར་ནི་དུད་འགྲོ་གསོན་པོའི་སྙིང་ཁ་གཤགས་ནས་སྡིག་ལག་གྲང་མོ་སྤར་སྙོབ་ཀྱིས་སྲོག་རྩ་གཅོད་པས་འཆིར་བཅུགས་པ་དང་། ལ་ལར་ནི་སྟྭ་གྲི་རྣོན་པོས་གསོན་སྐེ་གཏུབས་ཏེ་ཁྲག་དམར་བཞུར་བས་འཆིར་བཅུག་པ་དང་། ལ་ལར་ནི་མགོ་བོར་ཐོ་ཆེན་རྡེག་པས་ཀླད་ཁྲག་གཏོར་ནས་འཆིར་བཅུག་པ་དང་། ལ་ལར་ནི་མཆུ་བསྡམས་ནས་དབུགས་འཐུམས་ཀྱིས་འཆིར་བཅུགས་པ་དང་། ལ་ལར་ནི་སྒལ་ཀླད་ལ་འབུག་བཙུགས་ནས་འགྱེལ་ཤི་བྱེད་བཅུག་པ་སོགས་ཐོས་པ་ཙམ་ནའང་སྐྱི་གཡའ་བའི་བྱེད་སྟངས་ཡ་ང་བ་མང་པོ་ཞིག་ཡོད། 
རང་ཉིད་སྔར་བསམ་ཕྱི་གཞིག་ཤེས་པའི་མི་བུ་རྣལ་མ་ཞིག་ཡིན་པའི་ངོས་ནས་རབ་ན་དམར་ཟས་སྤངས་པས་དུད་འགྲོ་གཉོམ་ཆུང་རྣམས་གསོད་མི་དགོས་པ་དང་། ཐ་ནའང་དམར་ཟས་ཉུང་དུ་བཏང་བས་དུད་འགྲོ་ཉུང་ངུ་ལས་གསོད་དགོས་མི་ཐུག་པ་དང་། གསོད་པ་ནའང་སྔར་གྱི་སྲོལ་ངན་མིག་ལྟོས་ཀྱི་རྒྱུན་སྐྱོང་ཙམ་མིན་པར་འཆི་ཁའི་གནད་གཅོད་ཆུང་བའི་གསོད་ཐབས་བཟང་བ་ཞིག་བརྩད་འཚོལ་གྱིས་གང་དྲག་ཅི་དྲག་གནང་རོགས་གྱིས་ཞེས་ཉེས་མེད་སྲོག་ཁྲིམས་ཕོག་པའི་དུད་འགྲོ་གཉོམ་ཆུང་ཚོའི་ངག་ཚབ་ཏུ་ཞུ་བ་ཡིན། 



Sent from my iPad