དགེ་རྒན་ཆེན་མོ་ཀུན་དགའི་དྲིས་ལན། མཛད་པ་པོ། སྐྱོ་བྲག་དགའ་དབང་།

2014-04-29

དགེ་རྒན་ཆེན་མོ་ཀུན་དགའི་དྲིས་ལན།
མཛད་པ་པོ། སྐྱོ་བྲག་དགའ་དབང་།
བླ་སློབ་གདམས་པ་འཛོམས་པའི་རྟེན་འབྲེལ་གྱིས། །ཚེ་ལུས་གཅིག་ལ་མིག་འཕྲུལ་ལྟ་བུ་ཡིས། །ཟུང་འཇུག་ཆོས་སྐུའི་གོ་འཕང་མཆོག་བརྙེས་པ། །རྗེ་བཙུན་ཆོས་ཀྱི་རྒྱལ་པོར་སྙིང་ནས་གུས། །
དེ་ཡང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ། རྗེ་བཙུན་མི་ལ་རས་པའི་རྣམ་ཐར་ལ་ཆེད་མཁས་ཞིབ་འཇུག་པ་སློབ་དཔོན་ཀུན་དགའ་དབང་ཕྱུག་མཆོག་ནས།
དྲི་བ་དང་པོ།
མི་ལའི་མགུར་འབུམ་ལ་རས་པ་བུ་ཆེན་བཅུ་གཉིས་ཀྱི་མགུར་འབུམ་དང་། ཀརྨ་པ་རང་བྱུང་རྡོ་རྗེའི་མཛོད་ནག་མ་སོགས་མང་དུ་མཆིས་པ་དེ་དག་ཚང་མའི་ལུང་རྒྱུན་ཨེ་ཡོད། ལུང་རྒྱུན་བརྒྱུད་འདེབས་ལྟ་བུའི་དཔེ་ཆ་ཨེ་ཡོད། ཅེས་པའི་ལན། ཁོ་བོས་ཤེས་རྟོགས་བྱུང་བ་ནི། ཀརྨ་པ་རང་བྱུང་རྡོ་རྗེའི་མཛོད་ནག་མ་དང་། རུས་རྒྱན་པའི་གསུང་། རྗེ་བཙུན་མི་ལ་རས་པའི་རྣམ་ཐར་དང་། མགུར་འབུམ་གྱི་ལུང་རྒྱུན་ཡོད་པར་ཤེས་པ་ཙམ་ཡིན་ལ། འདི་ཚོའི་བླ་བརྒྱུད་དག་སོ་སོའི་ལུང་ཐོར་ཡོད་པ་ཙམ་ལས་བརྒྱུད་འདེབས་ལྟ་བུའི་དཔེ་ཆ་ཞིག་ཡོད་རབས་ཀྱི་མཐོང་ཐོས་ནི་མ་བྱུང་ངོ། །
དྲི་བ་གཉིས་པ།
རས་ཆུང་སྙན་བརྒྱུད་ལ་བདེ་མཆོག་སྙན་བརྒྱུད་ཞུ་ཞིང་། རས་ཆུང་སྙན་བརྒྱུད་དེ་ཡིག་ཐོག་ཏུ་བཀོད་པ་པོ་རས་ཆུང་པ་ཡིན་ནམ། རས་ཆུང་སྙན་བརྒྱུད་དེ་རྩ་བ་རྗེ་བཙུན་མི་ལ་ལས་ཐོབ་པ་རས་ཆུང་རང་གིས་ཡིག་ཐོག་ཏུ་བཀོད་པ་ཞིག་ཨེ་ཡིན། དེ་ཡིན་ན་རས་ཆུང་སྙན་བརྒྱུད་དུ་ཁྱུང་ཚང་བ་དང་ཞང་ལོ་ཙཱ་བ། ངན་རྫོང་རས་པའི་གསུང་ཡང་བཀོད་འདུག་པས་གནས་ཚུལ་དངོས་ག་འདྲ་ཞིག་ཡིན། ཞེས་པའི་ལན། རས་ཆུང་སྙན་བརྒྱུད་ཀྱི་སྐོར་འབྲུག་པ་པདྨ་དཀར་པོའི་ཆོས་འབྱུང་བསྟན་པའི་པདྨོ་རྒྱས་པའི་ཉིན་བྱེད་དུ། སྙེ་ནམ་དྲོད་ཕུག་ཏུ་མཁའ་འགྲོ་སྙན་རྒྱུད་ཀྱི་གདམ་ངག་རྣམས་ཕྲི་བསྣན་ལྷག་ཆད་མེད་པར་གནང་། རྗེ་བཙུན་གྱིས་མར་པ་ལ་གསན་པ་ཐམས་ཅད་ཐུགས་སྲས་རས་ཆུང་པ་ལ་ཚང་བར་བཞུགས་ཤིང་། བླ་མའི་བཀས་རོ་སྙོམས་ད་ལྟ་སྟོན་པའི་དུས་མིན་པས་བོད་ཡུལ་གྱི་བྲག་མཁའ་འགྲོ་མ་དང་ལྷ་འདྲེ་ཐམས་ཅད་འདུ་བ་ཞིག་ཡོད་པ་དེར་སྦོས། མི་རབས་གསུམ་ནས་ཆོས་འདིའི་བདག་པོ་འོང་། དེ་ལ་གཏོད་ཅིག་གྱིས་གསུང་པ་བཞིན་ལྷོ་བྲག་མཁར་ཆུར་བྱོན། རོ་སྙོམས་དང་སངས་རྒྱས་ཐོས་ཆོག་གཏེར་དུ་སྦས། རས་ཆུང་པའི་སློབ་མ་བྱང་གི་བུ་ཆེན་བཞིའི་ཡ་གྱལ་ཁྱུང་ཚང་པ། འབྲི་སྒོམ་གླིང་ཁ་པའི་རྩར་བྱོན། ཁོང་གིས་དབུས་པ་གླེན། སློབ་དཔོན་རས་ཆུང་པ་འདྲ་བ་དབུས་སུ་བཞུགས་པ་ལ་མི་ཞུ་བ་འདི་ནས་ཡར་འོང་བ་གསུངས། བདེན་དགོངས་རས་ཆུང་པའི་དྲུང་དུ་བྱོན་པས། ངའི་རྨི་ལམ་དུ་ཟླ་བ་རང་གཅིག་ནས་ཉི་མ་འོད་དང་ལྡན་པར་འོང་བར་ཡོད་ཟེར། ཟླ་བ་དེ་ཁྱོད་ཀྱིས་བསྔགས་པའི་སློབ་མ་ཁོ་ཡིན། ཉི་མ་ཁྱོད་རང་དུ་འདུག །ཞག་བཅུ་དགུ་ལ་སྙན་རྒྱུད་རྫོགས་པར་གནང་། ཕྱིས་ལན་གཉིས་མཇལ། དེ་ནས་བསྒྲུབས་པས་སྤངས་རྟོགས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ། དེའི་སློབ་མ་དགེ་སྡིངས་པ། ཤངས་པ་མར་སྟོན། རྟ་སྒོམ་གསུམ་ལ་ཞང་ལོས་གཏུགས། གཞུང་མ་བྱུང་ནས་ཐུགས་ཐེ་ཚོམ་པ་ན། དགེ་སྡིངས་པ་ནས་མ་ཅིག་ཨོང་ཇོ་བླ་མའི་གསང་ཡུམ་ཡིན། ཁོང་ལ་ཡོད་སྲིད་དེར་སོང་གསུངས། ལན་གཉིས་བྱོན་པས་ཡོད་པའི་སྒྲོས་ཀྱང་མི་གསུངས། ཕྱིས་ཁ་ཆེ་པཎ་ཆེན་ལ་བསྙེན་པར་རྫོགས། འདུལ་སྤྱོད་ལེགས་པར་བསླབས། ཁོ་ཐག་མ་ཆོད་པར་མ་ཅིག་གི་དྲུང་དུ་བྱོན་པས། ད་རེས་དགྱེས་བཞིན་དུ་གནང་བས་ཐུགས་ཚིམ། དེས་སྦའི་སྔགས་འཆང་དྷ་ར་ཤྲཱི་རྙིང་མ་བ། དེས་ཁོང་རང་གི་སྲས་ཆོས་རྗེ་བསོད་ནམས་རྒྱལ་མཚན། དེས་ཁོང་རང་གི་སྲས་མོ་ཡེ་ཤེས་ཀུན་ལྡན། ཕྱིས་ཀུན་ལྡན་རས་མར་གྲགས་པ། དེ་ལ་ཀུན་སྤངས་པ་བདེ་ལེགས་རིན་ཆེན་པས་གསན། དེ་ལ་མཁས་བཙུན་གཟི་བརྗིད་པས་ཞུ། ཁོང་གིས་ཞུ་དུས་མ་ཅིག་ཀུན་ལྡན་རང་བཞུགས་པ་གསན་ནས་ལ་ཕྱིར་བྱོན། མཇལ་ནས་ཡོངས་རྫོགས་གསན། མཁས་བཙུན་པ་ནས། དིང་སང་ཤ་ར་རབ་འབྱམས་པ། གཙང་སྨྱོན་ཧེ་རུ་ཀས་རྩལ་དུ་བཏོན་པ་ལས་མཆེད་པ་དང་། གཙང་ཆེན་ཆོས་ཀྱི་དབང་ཕྱུག་ནས་མཆེད་པ་གཉིས་སུ་གྱེས། བདེ་ལེགས་པས་གནས་རྙིང་མཁན་པོ་གངས་ཅན་ཀུན་དགའ་དཔལ་ལ། དེས་འབྲུག་པ་རྒྱལ་དབང་ཆོས་རྗེ་ལ་གདམས་ཏེ། མྱ་ངན་ལས་འདའ་ཁའི་ཞལ་ཆེམས་ལ་རས་ཆུང་སྙན་རྒྱུད་ཀྱི་དཔེ་འདི་ར་ལུང་དུ་ཆོས་རྗེ་ཀུན་དགའ་དཔལ་འབྱོར་ལ་ཕུལ་གསུང་། ཀུན་སྤངས་དཔོན་སློབ་གཉིས་ཀ་སྟོད་འབྲུག་ཏུ་ཞལ་གྱིས་བཞེས་པ་ཞིག རྒྱལ་བའི་དབང་པོས་དཔལ་འབྲུག་པ་རིན་པོ་ཆེ་ངག་དབང་ཆོས་ཀྱི་རྒྱལ་པོ། དེ་ལས་ཁོ་བོས་ཐོབ་བོ། །ཞེས་གསུངས་ཤིང། འདི་ལས་ཀྱང་ཁ་གསལ་བ་ནི། ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱིས་དགོང་ལོ་གྱ་བདུན་པར་རྩ་བའི་ཡི་གེ་གཙང་སྨྱོན་ཧེ་རུ་ཀའི་ནོར་བུ་སྐོར་གསུམ་དང་མཐུན་པར་ཆོག་སྒྲིག་གནང་སྟེ། གདམས་ངག་མཛོད་བཀའ་བརྒྱུད་རིན་པོ་ཆེའི་ཁྲིད་རིམ་རྣམས་ཀྱི་སྨིན་བྱེད་དུ་བཞུགས་སུ་གསོལ་བ་བདེ་མཆོག་རས་ཆུང༌ལུགས་ཀྱི་དཀྱིལ་ཆོག་དབང་བཤད་དུ། ད་ལམ་སྐབས་སུ་བབ་པ་འདི་ནི་མ་རྒྱུད་ཐམས་ཅད་ཀྱི་ཡང་སྙིང་དཔལ་འཁོར་ལོ་སྡོམ་པ་ཡིན། རྒྱ་གར་འཕགས་པའི་ཡུལ་དུ་ལུ་དྲིལ་ནག་གསུམ་གཙོ་བོར་གྱུར་པའི་གྲུབ་ཐོབ་གྲངས་མེད་པ་བྱོན་པ་ཐམས་ཅད་ཕལ་ཆེར་འཁོར་ལོ་སྡོམ་པའི་སྒོ་ནས་གྲུབ་པ་ཐོབ་པ་ཤ་སྟག་ཡིན་པར་སྣང་ལ་བཀའ་སྲོལ་ཡང་མི་འདྲ་བ་ཉི་ཤུ་རྩ་བཞི་ཙམ་བྱུང་བ་ཕལ་ཆེར་བོད་དུའང་བྱོན་ལ་དེང་སང་ཡང་རྒྱུན་བཞུགས་པར་འདུག །ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་སྙན་བརྒྱུད་ཀྱི་སྐོར་འདི་ནི་འཕགས་ཡུལ་གྲུབ་པའི་དབང་ཕྱུག་ཏཻ་ལོ་ཤེས་རབ་བཟང་པོས་རྡོ་རྗེ་འཆང་དངོས་སུ་མཇལ་ནས་བྱིན་གྱིས་བརླབས་པས་རྒྱུད་སྡེ་ཐམས་ཅད་ཀྱི་མངའ་བདག་ཏུ་གྱུར་ཀྱང་ཚུ་རོལ་མཐོང་བ་རྣམས་ཀྱི་སྣང་ངོར་བཀའ་བབས་བཞིའི་བླ་མ་རྣམས་བརྟེན་ནས་དེ་སྐབས་སུ་བཞུགས་སོ་ཅོག་གི་རྒྱུད་སྡེ་རྣམས་གསན་པའི་ཚུལ་བསྟན། ཁྱད་པར་དུ་གསང་བ་ཐམས་ཅད་ཀྱི་འབྱུང་གནས་ནུབ་ཕྱོགས་ཨོ་རྒྱན་ཡུལ་དུ་ཕེབས་ནས་ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་རྡོ་རྗེ་རྣལ་འབྱོར་མ་དངོས་སུ་མཇལ་བའི་སྐབས། རྣལ་འབྱོར་མས་བརྡ་གསུམ་བསྟན་པས། ཏཻ་ལོ་པས་བརྡའི་དོན་གོ་སྟེ། སྐུ་ཙཀ་ལི་ཡི་དཀོར་མཛོད་ནས། །བརྒྱུད་པ་ཡིད་བཞིན་ནོར་བུ་ཞུ། །གསུང་ཡི་གེ་བདུན་གྱི་དཀོར་མཛོད་ནས། །སྨིན་ལམ་ཡིད་བཞིན་ནོར་བུ་ཞུ། །ཐུགས་རྡོ་རྗེ་རྩེ་ལྔའི་ཕོ་བྲང་ནས། །གྲོལ་ལམ་ཡིད་བཞིན་ནོར་བུ་ཞུ། །ཞེས་གསོལ་བ་བཏབ་པས། རྣལ་འབྱོར་མས་བརྡའི་དོན་ཁྲོལ་བས། དབང་རབ་སྐལ་ལྡན་གྱི་གང་ཟག་ཏུ་དགོངས་ནས། སྙན་བརྒྱུད་ནོར་བུ་རྣམ་གསུམ་གྱི་མཛོད་ཡོངས་སུ་རྫོགས་པར་གཏད་ནས། མི་རབས་བཅུ་གསུམ་དུ་ཆིག་བརྒྱུད་ཀྱི་བཀའ་རྒྱས་བཏབ། དེ་ལ་པཎ་ཆེན་ནཱ་རོ་པས་མི་ལོ་བཅུ་གཉིས་སུ་བསྟེན་ཏེ་དཀའ་བ་ཆེན་པོ་བཅུ་གཉིས་སྤྱད་པའི་མཐར་འཁོར་ལོ་སྡོམ་པ་སྤྱི་དང༌། ཁྱད་པར་སྙན་བརྒྱུད་འདི་ཉིད་གནང་བས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས། དེ་ལ་བོད་ཡུལ་གྱི་ལྷོ་བྲག་མར་པ་ལོ་ཙཱ་ཞེས་ཕྱི་དར་གྱི་ལོ་ཙཱའི་ནང་ནས་སུས་ཀྱང་འགྲན་ཟླ་མེད་པ་ཡོངས་སུ་གྲགས་པ་བཅོམ་ལྡན་འདས་དགྱེས་མཛད་རྡོ་རྗེ་དང༌། ཌོཾ་བི་ཧེ་རུ་ཀ་མིའི་སྲིད་པ་བཟུང་བ་དེ་ཉིད་ཀྱིས་དཀའ་བ་ཆེན་པོར་སྤྱད་ནས་རྒྱ་གར་དང་བལ་ཡུལ་དུ་ལན་བཞི་བྱོན། འཕགས་ཡུལ་མཐའ་དབུས་མེད་པར་ཕེབས་ནས་མཁས་གྲུབ་ཀྱི་བླ་མ་བརྒྱ་དང་ལྔ་བཅུ་བསྟེན་ཏེ་གསན་བསམ་མཐའ་ཡས་པ་མཛད་ཚུལ་རྡོ་རྗེའི་མགུར་ལས་གསལ་བ་ལྟར་དང༌། ཁྱད་པར་པཎ་ཆེན་ནཱ་རོ་པ་ཉིད་ལོ་དྲུག་དང་ཟླ་བ་བདུན་བསྟེན་ནས་གསན་བསམ་སྒོམ་པ་ཆབ་ཅིག་ཏུ་མཛད་པས་གྲུབ་པའི་དབང་ཕྱུག་ཆེན་པོར་གྱུར་ནས་འཕགས་ཡུལ་དུའང་གྲུབ་ཐོབ་ཀྱི་སྙན་པས་ཁྱབ། ལན་རྗེས་མར་ཕེབས་སྐབས་དཔལ་ནཱ་རོ་པ་སྤྱོད་པ་ལ་གཤེགས་ནས་སློབ་མ་ཉིད་དང་སྐལ་མཉམ་རེ་རེ་ཙམ་མ་གཏོགས་ཐུན་མོང་བ་སུས་ཀྱང་མཇལ་རྒྱུ་མེད་པ་ལ་རྗེ་མར་པས་ཚོགས་འཁོར་ཕུལ་ཞིང་གསོལ་བ་རྩེ་གཅིག་ཏུ་བཏབ་ནས་རྒྱ་གར་གྱི་ཡུལ་ཕྱོགས་ཀུན་ཏུ་བཙལ་བས་བྱང་པུཥྤ་ཧ་རིའི་དགོན་པར་མངོན་སུམ་དུ་མཇལ་ནས་ཟླ་བ་དྲུག་བཞུགས་པའི་སྐབས་སྙན་བརྒྱུད་ནོར་བུ་སྐོར་གསུམ་གདམས་པ་ཞུས་པས་ཁྱོད་ལ་གདམས་པ་འདི་འདྲ་ཡོད་ཅེས་སུས་ཟེར་གསུངས། ང་ལ་བོད་ན་སློབ་མ་མི་ལ་ཐོས་པ་དགའ་ཞེས་བྱ་བ་ཞིག་ཡོད་པས། དེ་ལ་མཁའ་འགྲོ་མས་ལུང་བསྟན་བྱུང་ཟེར་ཞུས་པས། དེ་མ་ཐག་ཐལ་མོ་སྦྱར་ཏེ། བྱང་ཕྱོགས་མུན་པའི་སྨག་རུམ་ན། །གངས་ལ་ཉི་མ་ཤར་འདྲ་བ། །ཐོས་པ་དགའ་ཞེས་བྱ་བ་ཡི། །སྐྱེས་བུ་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་ནས་དབུ་དུད་པར་མཛད་པས་ཕྱོགས་དེའི་རྩི་ཤིང་རྣམས་ཀྱང་བྱང་ཕྱོགས་སུ་མགོ་དུད་པ་ད་ལྟའི་བར་དུ་ཡོད་པར་བཤད། རྗེ་མར་པའི་སློབ་མ་གཙོ་བོ་ཀ་ཆེན་བཞི་ལས་མེས་རྔོག་མཚུར་གསུམ་ལ་བཤད་བརྒྱུད་ཀྱི་བཀའ་བབས། རྗེ་བཙུན་མི་ལ་ལ་སྒྲུབ་བརྒྱུད་ཀྱི་བཀའ་བབས་ཏེ་སྙན་བརྒྱུད་ནོར་བུ་རྣམ་གསུམ་གྱི་གདམས་ངག་རྫོགས་པར་ཆིག་བརྒྱུད་དུ་གནང༌། རྗེ་བཙུན་མི་ལས་མིའི་ལྟོ་གོས་ཐམས་ཅད་སྤངས་ཏེ་མངའ་རིས་སྟོད་ཀྱི་གངས་བྲག་རྣམས་སུ་ཟྭ་ཚོད་དང་རས་གོས་ཙམ་ལ་བརྟེན་ཏེ་སྐུ་ཚེ་གཅིག་ཏུ་སྒྲུབ་པའི་རྒྱལ་མཚན་བཙུགས་པས་བོད་ཡུལ་ཙམ་ན་ཡོངས་སུ་གྲགས་པའི་གྲུབ་ཐོབ་ཆེན་པོ་འཕགས་ཡུལ་གྱི་གྲུབ་ཆེན་རྣམས་དང་རྣམ་དབྱེར་མེད་པ་བྱུང༌། དེ་ལ་སློབ་མ་མཁའ་སྤྱོད་དུ་གཤེགས་པ་བརྒྱད་སོགས་གྲངས་ལས་འདས་པ་བྱུང་ཡང་གཙོ་བོར་གྱུར་པ། ཉི་མ་ལྟ་བུ་དྭགས་པོ་ཟླ་འོད་གཞོན་ནུ་དང༌། ཟླ་བ་ལྟ་བུ་རས་ཆུང་རྡོ་རྗེ་གྲགས་པ་གཉིས་ཡིན་ལ། སྐབས་ཤིག་ཏུ་རྗེ་བཙུན་ཉིད་ལ་ཡི་དམ་རྡོ་རྗེ་ཕག་མོས་ལུང་བསྟན་ཏེ་ཐུགས་སྲས་བརྒྱད་ལ་སྙན་བརྒྱུད་ཀྱི་དུམ་བུ་རེ་བྱིན་ཅིག་ཅེས་གསུངས་པ་ལྟར་གནང་བར་ངེས་ཀྱང་རས་པ་ཞི་བ་འོད་དང༌། ཁྱི་ར་བ་མགོན་པོ་རྡོ་རྗེ་སོགས་ཕལ་ཆེར་མཁའ་སྤྱོད་དུ་གཤེགས་པས་བརྒྱུད་པ་འཛིན་པ་ནི་མ་བྱུང་བར་སྣང༌། རས་ཆུང་རྡོ་རྗེ་གྲགས་པ་ལ་གནང་བ་སྙན་བརྒྱུད་འབྲིང་པོ་དང༌། མཉམ་མེད་དྭགས་པོ་རིན་པོ་ཆེ་ལ་གནང་བ་སྙན་བརྒྱུད་རྒྱས་པ་དང༌། ངན་རྫོང་སྟོན་པ་བྱང་ཆུབ་རྒྱལ་པོར་གནང་བ་ལ་སྙན་བརྒྱུད་བསྡུས་པ་ཞེས་གྲགས་ཤིང༌། དེ་གསུམ་ཀའི་སྨིན་གྲོལ་ཡིག་ཆ་ཚང་མའི་རྒྱུན་བཅས་ད་ལྟའི་བར་མ་ཉམས་པར་བཞུགས་པ་ལས། སྐབས་སུ་བབ་པ་འདི་ནི་རས་ཆུང་པའི་ལུགས་ཡིན། དེ་ལའང་རས་ཆུང་སློབ་མ་གྲུབ་ཐོབ་ཆེན་པོ་ཁྱུང་ཚང་རས་པ་ནས་རིམ་པར་བྱོན་ཏེ་བརྒྱུད་པ་བཅོ་བརྒྱད་པ་གཙང་སྨྱོན་ཧེ་རུ་ཀའི་བར་དུ་བྱོན་པ་རྣམས་ལ། རྩ་བ་རྡོ་རྗེའི་ཚིག་རྐང་དང༌། ཡིག་ཆ་ས་བོན་ཙམ་ལས་ཡིག་ཚོགས་རྒྱས་པར་མ་བཞུགས་པར་མངོན་ལ། གཙང་སྨྱོན་ཧེ་རུ་ཀ་ཕྱོགས་ལས་རྣམ་རྒྱལ་གྱིས་ནོར་བུ་སྐོར་གསུམ་གྱི་གཞུང༌། འགྲེལ་བཤད། ཁྲིད་ཡིག་རྣམས་སོགས་ཡིག་ཆ་གསལ་ལ་རྒྱས་པར་མཛད་ཅིང༌། དེའི་སློབ་མ་རྒོད་ཚང་རས་པ་སོགས་ཀྱིས་ཀྱང་ཡིག་ཆ་མང་དུ་མཛད་པའི་རྒྱུན་དེང་སང་ཡང་བཞུགས་པ་འདི་ནི་རས་ཆུང་རྩ་བའི་བཀའ་བརྒྱུད་ཡིན་ལ། ཡང་འགྲོ་མགོན་གཙང་པ་རྒྱ་རས་ཀྱིས་རས་ཆུང་རྡོ་རྗེ་གྲགས་པས་སྦས་པའི་གཏེར་ཁ་རོ་སྙོམས་སྐོར་དྲུག་སོགས་ལྷོ་བྲག་མཁར་ཆུ་ནས་སྤྱན་དྲངས་པ་དང༌། ཕྱིས་ཆོས་རྗེ་འབྲུག་པ་ལ་བཀའ་བབས་པའི་རས་ཆུང་སྙན་བརྒྱུད་འབྲུག་ལུགས་ཀྱང་མཆིས་པ་ལས་འདི་རྩ་བའི་བཀའ་བརྒྱུད་ཀྱི་ལུགས་ཡིན། ཞེས་གསུངས་འདུག །
གཞི་རས་ཆུང་པ་ལས་བརྒྱུད་པའི་གདམས་པ་ཡིན་པ་གང་ཞིག་ལ་སྔར་གྱི་སྙན་བརྒྱུད་རྣམས་ཕྱིས་ཡིག་ཐོག་ཏུ་བཀོད་པ་དང་ཆ་ལག་ཏུ་དགོས་པ་དག་ཕྱོགས་གཅིག་ཏུ་བསྒྲིགས་པས་ན་གཞུང་གི་མཛད་པོ་མ་འདྲ་བ་ཡོང་བ་ཡིན་ནོ། །
སྨོན་པ། གདམས་པའི་བདུད་རྩི་སྙིང་གི་དབུས་ན་སིམ། །འཁྲུལ་པའི་དྲི་མ་ཆོས་ཀྱི་དབྱིངས་སུ་ཡལ། །ཕྲིན་ལས་འོད་ཀྱིས་འགྲོ་ཁམས་ཇི་སྲིད་ཁྱབ། །དོན་གཉིས་གྲུབ་པའི་བཀྲ་ཤིས་འབར་གྱུར་ཅིག །
ཆོས་མཆེད་དམ་པ་མཁན་པོ་དཔའ་བརྟན་མཆོག་གིས་ཀུན་དགའི་དྲི་བར་ལན་ཁ་གསལ་ཞིག་འབུལ་དགོས་པའི་བཀའ་ལུང་གཙུག་ཏུ་མཆོད་དེ། རྒྱལ་ཁམས་པ་སྐྱོ་བྲག་དགའ་དབང་། ཞི་བདེ་རྒྱ་མཚོའི་མཚོ་འཇིངས་ན་འཕགས་པའི་གླིང་ཕྲན། ཡུལ་ཐེ་ཝན་དུ་གྲགས་པར་སོས་དལ་གྱིས་རྒྱུ་བའི་སྐབས་ན་མཁས་པའི་གསུང་ལ་གཞི་བཅོལ་ཏེ་མགྱོགས་བྲིས་བགྱིས་སོ། ། ༢༠༡༣་༧་༡༧
 
ལྷ་རྩེའི་དྲིས་ལན།
མཛད་པ་པོ། སྐྱོ་བྲག་དགའ་དབང་། 
སྣང་སྲིད་འཁོར་འདས་མ་ལུས་འཕྲོ་བའི་གཞི། །
སེམས་ཉིད་ངོ་བོ་དྲི་མ་མེད་པའི་གཤིས། །
མངོན་སུམ་རྗེན་པར་སྟོན་ལ་མངའ་བརྙེས་པ། །
རྗེ་བཙུན་སྒམ་པོ་པ་ལ་སྙིང་ནས་གུས། །
དེ་ཡང་ཆོས་མཆེད་དམ་པ་ལྷ་རྩེའི་ཁུ་བྱུག་གིས། དྭགས་པོ་རིན་པོ་ཆེས། སྣང་བ་སེམས་སུ་རྟོགས་ནས། སེམས་གཉུག་མ་དེ་རྟོགས་ན་རྨི་ལམ་ལྟ་བུ། སྒྱུ་མ་ལྟ་བུ་ལ་སོགས་པར་འཆར་བ་ཡིན་ཏེ། དེ་རྟོགས་ན་རང་གི་རྒྱུད་ལ་ཟག་པ་མེད་པའི་ས་བོན་ཐེབས་པ་ཡིན། ཟག་མེད་ཀྱི་སྡོམ་པའི་ངོ་བོ་དེ་ལ་འཇོག་པ་ཡིན་གསུང་འདུག །
༡༽ སྐབས་དེར་ཟག་བཅས་ཀྱི་སྡོམ་པ་དེ་ངོ་བོ་གནས་འགྱུར་བའམ། ཡང་ན་གསར་དུ་ཟག་བཅས་ཀྱི་སྡོམ་པ་ལ་མ་བལྟོས་པ་གཉུག་མའི་ངོ་བོས་ལྷན་སྐྱེས་ངོ་བོ་དེ་མངོན་སུམ་དུ་སྐྱེ་བ་རེད་དམ།
༢༽ གལ་སྲིད་ཟག་བཅས་ཀྱི་བསླབ་སྡོམ་ཡོད་མེད་ལ་བལྟོས་དགོས་སམ། གཉུག་མའི་དེ་ཉིད་ཁྱིམ་པའི་རྒྱུད་ལ་སྐྱེ་ཆོག་ན་ཟག་བཅས་སྡོམ་པ་མེད་ནའང་འགྲིག་གམ།
༣༽ སུམ་ལྡན་རྡོ་རྗེ་འཛིན་པའི་མིང་དེ་ཟག་མེད་རྒྱུད་ལྡན་གྱི་ཁྱིམ་པ་ལ་བཏགས་ན་ཆོག་གམ། 
ཞེས་གསུངས་པ་ལ་རང་བློས་དཔོག་ཚོད་ཙམ་གྱི་ལན་ཞིག་ཞུས་ན། སྤྱིར་བོད་སྐད་ཀྱི་སྡོམ་པའི་ཚིག་དོན་ནི། བྱེད་དུ་མི་འཇུག་པའམ་མི་འདའ་བར་བྱེད་པར་གོ་བས་ཆོས་མངོན་པ་ལས་སྡོམ་པའི་ཚིག་འགྲེལ་བ་ན། གཞན་ལ་གནོད་པ་གཞི་དང་བཅས་པ་སྤོང་ཞིང་འཆལ་བའི་ཚུལ་ཁྲིམས་ཀྱི་རྒྱུན་སྡོམ་ཞིང་འགོག་པས་ན་སྡོམ་པ་ཞེས་གསུངས་ཤིང་། སྡོམ་པའི་དབྱེ་བ་སོ་སོ་ཐར་པའི་སྡོམ་པ་དང་། བསམ་གཏན་དང་ཟག་མེད་ལས་སྐྱེས་པའི་སྡོམ་པ་སྟེ་གསུམ་གས་ལུས་ངག་ཡིད་ཀྱི་མི་དགེ་བ་སྡོམ་པས་ན་སྡོམ་པར་བཞག་ལ། ཟག་པ་ཉོན་མོངས་པ་དང་འདྲེས་པའི་ཁམས་གསུམ་གྱི་དགེ་བ་ནི་ཟག་པས་སྲིད་པའི་རྒྱུར་ཀུན་ནས་བཅིངས་པའི་ཟག་བཅས་ཡིན་ནོ། །རེ་ཞིག་དྭགས་པོ་རིན་པོ་ཆེའི་གསུང་གི་ཚིག་དོན་གོ་བ་ཡང་གལ་ཆེ་བས། འགྲོ་མགོན་བཀའ་བརྒྱུད་པའི་བླ་མ་རྣམས་ཀྱིས། སྣང་བ་སེམས། སེམས་སྟོང་པ། སྟོང་པ་ལྷུན་གྲུབ། ལྷུན་གྲུབ་རང་གྲོལ་དུ་ངོ་སྤྲོད་དེ། སློབ་མ་རྣམས་ཀྱིས་ཉམས་སུ་བླངས་པ་ན། སྣང་བ་སེམས་སུ་རྟོགས་ནས། སེམས་ཉིད་གཉུག་མའི་གནས་ལུགས་མངོན་དུ་གྱུར་པ་ན་ཕྱིའི་སྣང་བ་ཐམས་ཅད་རྨི་ལམ་དང་སྒྱུ་མ་ལྟ་བུར་འཆར་བ་དང་། རང་གི་རྒྱུད་ལ་ཟག་པ་མེད་པའི་ས་བོན་ཐེབས་པ་སྟེ། ཟག་མེད་ཀྱི་སྡོམ་པའི་ངོ་བོ་ཡང་སེམས་ཉིད་གཉུག་མའི་གནས་ལུགས་མངོན་དུ་གྱུར་པ་ལ་འཇོག་དགོས་པའི་དོན་ཡིན། དེ་ལྟར་ན་སེམས་ཉིད་གཉུག་མའི་གནས་ལུགས་མངོན་དུ་གྱུར་པ་ན། མི་དགེ་བ་འགོག་པའི་ཆ་ནས་སྡོམ་པ་དང་། ཉོན་མོངས་དང་མ་འདྲེས་པའི་ཆ་ནས་ཟག་མེད་ཅེས་བཏགས་པ་ཙམ་ལས་ཟག་བཅས་ཀྱི་སྡོམ་པ་ཟག་མེད་ཀྱི་སྡོམ་པའི་ངོ་བོར་གནས་གྱུར་པའི་དོན་མིན། སེམས་ཉིད་གཉུག་མའི་ངོ་བོ་མངོན་དུ་གྱུར་པའི་ཐབས་ནི། བརྟགས་གཉིས་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟེན་པ་ཡིས། །བདག་གིས་བསོད་ནམས་ལས་ཤེས་བྱ། །གསུངས་པ་ཉིད་ཡིན་པས། ཟག་བཅས་ཀྱི་སྡོམ་པ་ཡང་ཚོགས་གསོག་པའི་ཐབས་སུ་དགོས་པ་ཙམ་ཡིན་ཞིང། རབ་བྱུང་མིན་པ་ཁྱིམ་པའི་གང་ཟག་གིས་དེ་ཉིད་རྟོགས་པ་ཆེས་མང་ལ། སུམ་ལྡན་རྡོ་རྗེ་འཛིན་པ་ནི་སོ་བྱང་སྔགས་ཀྱི་སྡོམ་པ་རྒྱུད་ལ་ལྡན་པའི་གང་ཟག་གི་མིང་ཡིན་ཕྱིར་ཟག་མེད་རྒྱུད་ལྡན་ཡིན་མིན་ཅི་རིགས་པ་ཡོད་དོ། །
སྨྲས་པ། ཟབ་དོན་འབྱེད་པའི་བློ་རྩལ་མི་བདོག་ཀྱང་། །
མཆེད་པོའི་བཀའ་ལུང་སྐྱུར་བར་ཆེས་ཕངས་པས། །
རང་གི་བློ་ལ་ཅི་ཞིག་ཤར་བ་དག །
ཉུང་ངུའི་ཚིག་གིས་མཆེད་པོའི་མདུན་ན་བཀྲམ། །
ཞེས་སྤྲང་བན་སྐྱོ་བྲག་དགའ་དབང་གིས་ཕུལ་ལོ། །