སྨྲ་སེང་སྒྲུབ་ཐབས་རྨོངས་པ་མུན་སེལ་གྱི་ཁྲིད་ཡིག་ཉུང་བསྡུས་ཞེས་བྱ་བ་བཞུགས་སོ།

2014-04-29

སྨྲ་སེང་སྒྲུབ་ཐབས་རྨོངས་པ་མུན་སེལ་གྱི་ཁྲིད་ཡིག་ཉུང་བསྡུས་ཞེས་བྱ་བ་བཞུགས་སོ།  །
མཛད་པ་པོ། སྐྱོ་བྲག་དགའ་དབང་།

མཁྱེན་རབ་ཀྱི་ལྷ་འཕགས་མཆོག་འཇམ་དཔལ་ཡབ་ཡུམ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ་བྱིན་གྱིས་བརླབ་པར་མཛད་དུ་གསོལ། ལྷག་པའི་ལྷ་འདི་དག་གི་སྒྲུབ་ཐབས་ཉམས་སུ་ལེན་པ་རྣམས་ལ་ཕན་འདོགས་པའི་ཕྱིར་ཁྲིད་ཡིག་ཉུང་བསྡུས་ཤིག་འབྲི་བར་བྱའོ། །འདིའི་བརྒྱུད་པ་ནི། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་སངས་རྒྱས་ཤཱཀྱ་ཐུབ་པ་དང༌། དེས་དྲང་སྲོང་ཉི་མའི་ཤིང་རྟ་དང༌། དེས་རིག་བྱེད་གཞོན་ནུ་སྟེ་འདི་ནི། རྒྱ་གར་ཡུལ་གྱི་མི་རྒན་ནི། །ལོ་ནི་དགུ་བཅུ་གོ་དགུ་པ། །ཡི་གེ་ཡང་ནི་མི་ཤེས་པས། །ཞག་གཅིག་སྒྲུབ་པས་འཇམ་དབྱངས་མཇལ།  །ལུས་ཀྱང་གཞོན་ནུ་ལོ་བརྒྱད་ཙམ། །རིག་པའི་གནས་ལྔ་ཐོགས་མེད་ཤེས། །པཎྜིཏ་ནི་མཁས་པར་གྱུར། །ཅེས་གཞུང་ནས་བཤད་པ་དེའོ། །དེས་དམ་པ་རྒྱ་གར་དང༌། དེས་མ་གཅིག་ལབ་སྒྲོན་ལ་གནང་བ་སོགས་ནས་རིམ་པར་བརྒྱུད་པས་བྱིན་རློབ་ཀྱི་ཚན་ཁ་མ་ཡལ་བའོ། །སྔོན་འགྲོ་སྐྱབས་སུ་འགྲོ་བ་ལ། ཡུལ་ནི་དཀོན་མཆོག་གསུམ་སྟེ། གཞན་ལ་འཁོར་བའི་འཇིགས་པ་ལས་སྐྱོབས་ཐུབ་པའི་ནུས་པ་མེད་པའི་ཕྱིར་རོ། །དེའང་རང་གཞན་གྱི་དོན་མཐར་ཕྱིན་པའི་སངས་རྒྱས་ནི་སྟོན་པ་ཡང་དག་པ་ཡིན་ཏེ། ཉོན་ཤེས་སྙོམས་འཇུག་གི་སྒྲིབ་པ་རྣམས་རྩ་བ་ནས་སྤངས་ཏེ་ཇི་ལྟ་ཇི་སྙེད་ཀྱི་ཆོས་རྣམས་མངོན་དུ་གྱུར་པས་མཁྱེན་རབ་མཐར་ཕྱིན་པ་དང༌། བདག་ལས་གཞན་གཅེས་ཀྱི་བློ་གོམས་པས་སྙིང་རྗེའི་གཞན་དབང་དུ་གྱུར་པ་སྟེ་མཁྱེན་བརྩེ་ཕུན་སུམ་ཚོགས་པ་མངའ་བས་སོ། །འགོག་ལམ་གྱི་ཆོས་ནི་ཐར་པ་དང་ཐམས་ཅད་མཁྱེན་པ་ལ་འགྲོ་བའི་ལམ་ཡང་དག་པ་ཡིན་ཏེ། སྤང་བླང་ཚུལ་བཞིན་དུ་བྱས་པས་ཉམས་རྟོགས་ཀྱི་ཡོན་ཏན་རིམ་པར་བགྲོད་དེ་ཞི་བ་མྱང་འདས་ཀྱི་སར་ཕྱིན་པའི་ཕྱིར་རོ། །ལམ་ལ་ཞུགས་པའི་དགེ་འདུན་རྣམས་ནི་གྲོགས་ཡང་དག་པ་ཡིན་ཏེ། རང་ཉིད་ཀྱི་འཐོབ་བྱ་གཏན་བདེ་བླ་ན་མེད་པ་སངས་རྒྱས་ཀྱི་གོ་འཕང་དུ་བགྲོད་མཁན་ཡིན་པས་སོ། །དེས་ན་སངས་རྒྱས་ལ་སྟོན་པ། ཆོས་ལ་ལམ། དགེ་འདུན་ལ་གྲོགས་སུ་ཤེས་པས་འདི་ནས་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་གནས་སུ་འཛིན་པའི་དམ་བཅའ་བརྟན་པོ་བཟུང་བ་ནི་སྐྱབས་སུ་འགྲོ་བ་སྟེ། འདི་ནི་ནང་པ་སངས་རྒྱས་པའི་གྲལ་དུ་ཚུད་བྱེད་དང༌། སྡོམ་པ་ཐམས་ཅད་ཀྱི་རྟེན་ཡིན་པས་གལ་ཤིན་ཏུ་ཆེའོ། །འདིར་ནི་འཇམ་དཔལ་ཡབ་ཡུམ་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོར་ཤེས་པས་སྐྱབས་སུ་འགྲོ་དགོས་སོ། །སེམས་བསྐྱེད་ནི། ནམ་མཁའ་ལྟར་མཐའ་ཡས་པའི་སེམས་ཅན་ཐམས་ཅད་བདག་ཉིད་དྲིན་གྱིས་བསྐྱངས་པའི་ཕ་མའི་རང་བཞིན་ཤ་སྟག་ཡིན་པས་དེ་དག་ད་ལྟ་འཁོར་བར་སྡུག་བསྔལ་རྣམ་པ་སྣ་ཚོགས་པས་མནར་བ་ལས་བདག་ཉིད་གཅིག་པུས་བསྒྲལ་ཏེ་གཏན་བདེ་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པའི་ཆེད་དུ་འཇམ་དཔལ་ཡབ་ཡུམ་གྱི་སྒྲུབ་ཐབས་ཉམས་སུ་ལེན་པར་བགྱིའོ་སྙམ་པའི་དམ་བཅའ་བཟུང་བའོ། །དངོས་གཞི་ལྷ་སྒོམ་པ་ནི། སྟན་བདེ་བ་ལ་སྐྱིལ་མོ་ཀྲུང་གིས་ལུས་དྲང་པོར་བཞུགས་ཏེ། རང་རེར་སྣང་བའི་དངོས་པོ་འདི་དག་མེད་བཞིན་དུ་སྣང་བ་རྨི་ལམ་གྱི་འཁྲུལ་སྣང་ལྟ་བུ་ཡིན་པར་མ་ཤེས་པར་བདེན་པར་བཟུང་ནས་སྤོང་ལེན་ལ་ཞུགས་པས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་འདི་བྱུང་བ་ཡིན་ཞིང༌། འཁོར་བའི་རྩ་བ་དངོས་འཛིན་སྤོང་ཐབས་སུ་སྣང་བའི་ཆོས་གང་ཡང་མི་དམིགས་པ་སྟོང་ཉིད་ནམ་མཁའ་ལྟ་བུའི་ངང་ལས་པད་ཟླ་དང་སེངྒེ་སྔོན་པོའི་གདན་གྱི་སྟེང་དུ་རང་གི་སེམས་ཉིད་ཀྱི་ངོ་བོ་ཡི་གེ་དྷཱིཿདམར་པོ་དང༌། མདུན་གྱི་ས་གཞིར་པད་ཟླའི་སྟེང་དུ་ཧྲཱིཿཡིག་མཐིང་ག དེ་གཉིས་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་མུན་པ་བསལ། ཚུར་འདུས་ཡི་གེ་གཉིས་ལ་ཐིམ་པས་དྷཱིཿཡོངས་སུ་གྱུར་པ་ལས་རང་ཉིད་སྐད་ཅིག་གིས་འཕགས་པ་འཇམ་དཔལ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་ཤེས་རབ་ཀྱི་རལ་གྲི་མེ་འབར་བ་ནམ་མཁའ་ལ་འཕྱར་ཞིང༌། གཡོན་ཨུཏྤལའི་ཡུ་བ་མཐེབ་སྲིན་གྱིས་ཐུགས་ཀར་བཟུང་བའི་འདབ་མ་སྙན་གྱི་ཐད་སོར་ཁ་བྱེ་བའི་སྟེང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་གླེགས་བམ་བསྣམས་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་ཞི་འཛུམ་སྒེག་པའི་ཆ་ལུགས་ཅན། རལ་པའི་ཐོར་ཚུགས་གྱེན་དུ་བསྒྲེངས་པའི་རྩེར་ཡིད་བཞིན་གྱི་ནོར་བུ་འབར་བས་མཚན་པའི་ལྷག་མ་ཟུར་ཕུད་ལྔ་གཡོན་དུ་འཕྱང་བ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་ཐུགས་ཀར་བྷྲཱུྂ་ལས་འཁོར་ལོ་དམར་པོ་རྩིབས་བཞི་པའི་ལྟེ་བར་རལ་གྲི་སོར་བཞི་པ་གྱེན་འགྲེང་དུ་འཁོད་པའི་འཆང་བཟུང་ལ་དྷཱིཿདམར་པོའི་མཐར་རྩ་བའི་སྔགས་ཀྱིས་བསྐོར་བ། མདུན་གྱི་ཧྲཱིཿཡིག་ཡོངས་སུ་གྱུར་པ་ལས་ལྷ་མོ་དབྱངས་ཅན་མ་སྐུ་མདོག་སྔོན་མོ་ཅུང་ཟད་ཁྲོ་ཞིང་འཛུམ་ལ་སྒེག་པའི་ཉམས་དང་ལྡན་པ། རལ་གྲི་དང་པུསྟི་འཛིན་ཅིང་དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དབུ་སྐྲ་མཐོན་མཐིང་སྤྱི་བོར་བཅིངས་པའི་རྩེ་མོར་ནོར་བུས་མཚན་ཅིང་ལྷག་མ་ལྕང་ལོའི་ཚུལ་དུ་འཕྱང་བ། ཞབས་གཉིས་བཞེངས་པའི་སྟབས་ཀྱིས་སྐུ་འགྱིང་བག་དང་བཅས་ཏེ་བཞུགས་པའི་ཐུགས་ཀར་པདྨ་འདབ་བཞིའི་སྟེང་དུ་རལ་གྲི་སོར་བཞི་པའི་འཆང་བཟུང་ལ་ཧྲཱིཿཡིག་སྔོན་པོའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་སྒོམ་པར་བྱའོ། །སྤྱན་འདྲེན་པ་ནི། ཡབ་ཡུམ་གཉིས་ཀའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་ཞིང་ཁམས་རྣམས་ནས་རང་འདྲའི་ཡེ་ཤེས་སེམས་དཔའི་ཚོགས་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་ཏེ་བདག་ཉིད་ལ་ཐིམ་པས་སྒོམ་པའི་ལྷ་དམ་ཚིག་པ་དང་སྤྱན་དྲངས་པའི་ལྷ་ཡེ་ཤེས་པ་དག་དབྱེར་མེད་དུ་གྱུར་པར་བསམ་མོ། །དེ་ཡང་ལྷ་ཡི་ཆ་ཤས་རེ་རེ་ནས་ཡིད་ཡུལ་དུ་གསལ་བར་འཆར་བ་རྣམ་པ་གསལ་བ་དང༌། བདག་ཉིད་ལྷ་དེ་ག་ཡིན་ནོ་སྙམ་པ་ང་རྒྱལ་བརྟན་པ་དང༌། འཁོར་འདས་ཀྱི་དངོས་པོ་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་སྐྱེ་མེད་སྟོང་པ་ཉིད་དུ་ཤེས་པ་དག་པ་དྲན་པ་གསུམ་གྱི་སྒོ་ནས་ལྷར་སྣང་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་མཉམ་པར་གཞག་གོ། །ལས་དང་པོ་པས་ཡུན་ཐུང་ལ་གྲངས་མང་བ་བྱས་ན་སྒོམ་དང་འཁོན་གྱེས་མི་འགྲོ་བའི་ཕན་པ་ཡོད་དོ། །སྔགས་བཟླ་བ་ནི། ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང༌། བྱང་ཆུབ་སེམས་པ་དང༌། རང་རྒྱལ་དང༌། ཉན་ཐོས་དང༌། པཎྜི་ཏ་དང༌། སོ་སོའི་སྐྱེ་བོའི་ཤེས་རབ་ཐམས་ཅད་འོད་ཀྱི་རྣམ་པར་བསྡུས་ནས་རང་གི་སྤྱི་བོར་ཐིམ་པས་ལུས་ཡེ་ཤེས་དང་ལྡན་པར་བྱས། སླར་ཡང་འོད་ཟེར་འཕྲོས་པས་འདུལ་བ་མདོ་སྡེ་མངོན་པ་སྟེ་སྡེ་སྣོད་གསུམ་དང༌། བྱ་རྒྱུད། སྤྱོད་རྒྱུད། རྣལ་འབྱོར། བླ་མེད་དེ་རྒྱུད་སྡེ་བཞིའི་ཕྱོགས་སུ་གཏོགས་པའི་ཆོས་ཐམས་ཅད་བསྡུས་ནས་རང་གི་མགྲིན་པར་ཐིམ་པས་ངག་ནུས་པ་དང་ལྡན་པར་གྱུར། སླར་ཡང་འོད་ཟེར་འཕྲོས་པས་ཉི་ཟླ་ནོར་བུའི་འོད། འབྱུང་བ་ས་ཆུ་མེ་རླུང་གི་བཅུད་ཐམས་ཅད་བསྡུས་ནས་རང་གི་སྙིང་ཀར་ཐིམ་པས་ཐུགས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་དང་ལྡན་པར་གྱུར་སྙམ་པའི་དམིགས་པ་དང་མ་བྲལ་བའི་ངང་ནས་སྔགས་ཅི་ནུས་བཟླའོ། །མཐར་དབྱངས་གསལ་དང་རྟེན་སྙིང་ལན་གསུམ་བརྗོད་པས་སྔགས་ཀྱི་ནུས་པ་བརྟན་པར་བྱའོ། །མཆོད་བསྟོད་ནི། རང་ཉིད་ལས་ཁ་དོག་སྣ་ཚོགས་པའི་མཆོད་ལྷ་ནམ་མཁའ་གང་བ་སྤྲུལ་ཏེ། མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས་ཏེ་ཉེར་སྤྱོད་བདུན། ཡིད་དུ་འོང་བའི་གཟུགས་སྒྲ་དྲི་རོ་རེག་བྱ་སྟེ་འདོད་ཡོན་ལྔ། འཁོར་ལོ། ནོར་བུ། བཙུན་མོ། བློན་པོ། གླང་པོ། རྟ་མཆོག དམག་དཔོན་ཏེ་རྒྱལ་སྲིད་བདུན། ཡུངས་དཀར། དུར་བ། བིལ་བ། གི་ཝཾ། ལི་ཁྲི། ཞོ་མཆོག མེ་ལོང༌། དུང་དཀར་ཏེ་བཀྲ་ཤིས་རྫས་བརྒྱད། གདུགས། གསེར་ཉ། བུམ་པ། པདྨ། དུང་དཀར། དཔལ་བེའུ། རྒྱལ་མཚན། འཁོར་ལོ་སྟེ་བཀྲ་ཤིས་རྟགས་བརྒྱད། རི་ཡི་རྒྱལ་པོ་རི་བོ་མཆོག་རབ། ཤར་ལྷོ་ནུབ་བྱང་གི་གླིང་བཞི་ལ་སོགས་པ་ལྷ་ཀླུ་མི་ཡི་ལོངས་སྤྱོད་ཐམས་ཅད་དངོས་འབྱོར་ཡིད་སྤྲུལ་གྱིས་མཆོད་དེ། འཇམ་དཔལ་ཡབ་ཡུམ་གྱིས་བདག་དང་སེམས་ཅན་ཐམས་ཅད་ཀྱི་མི་ཤེས་པའི་མུན་པ་མཐའ་དག་བསལ་ནས་ཤེས་བྱ་ཀུན་ལ་ཐོགས་པ་མེད་པའི་ཤེས་རབ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ་ཞེས་གསོལ་བ་སྙིང་ནས་གདབ་བོ། །སྐུ་མཚན་དཔེ། གསུང་ཚངས་དབྱངས། ཐུགས་མཁྱེན་བརྩེའི་ཡོན་ཏན་རྣམས་རྗེས་སུ་དྲན་པའི་སྒོ་ནས་སྙན་པའི་ཚིག་གིས་བསྟོད་པར་བྱའོ། །བསྡུ་ལྡང་ནི། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ཁམས་གསུམ་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ། རང་ཐུགས་ཀའི་འཁོར་ལོ་ལ་ཐིམ། དེ་རལ་གྲི་ལ་ཐིམ། དེ་དྷཱིཿལ་ཐིམ། དེ་ཐིག་ལེ་དམར་པོར་གྱུར་པ་འོད་དུ་ཞུ་ནས་སྣང་བ་ཐམས་ཅད་དམར་ལམ་གྱིས་སོང་བས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་དབང་དུ་བྱས་པར་བསམ་ལ། འོད་གསལ་སྟོང་ཉིད་ཀྱི་ངང་དུ་བློ་བཞག དེ་ལས་ལྡང་བ་ན་རང་ཉིད་སྐད་ཅིག་གིས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུར་གྱུར་པར་བསམ་མོ། །དགེ་བ་བསྔོ་བ་ནི། རང་གིས་བགྱིས་པའི་དགེ་བ་དེས་གཙོ་བོར་བྱས་པའི་དགེ་བ་ཡོད་དོ་ཅོག་གཅིག་ཏུ་བསྡུས་ཏེ་བདག་གཞན་སེམས་ཅན་ཐམས་ཅད་ཀྱིས་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་འཐོབ་པ་དང༌། གནས་སྐབས་སུ་འགལ་རྐྱེན་ཐམས་ཅད་ཞི་ནས། མཐུན་རྐྱེན་ཚེ་བསོད་འབྱོར་སྙན་ཤེས་རབ་ལ་སོགས་པ་རྒྱས་པའི་ཆེད་དུ་བསམ་པ་ཐག་པ་ནས་བསྔོ་བར་བྱའོ། །དེ་ལྟར་སྦྱོར་དངོས་མཇུག་གསུམ་ཚང་བར་ཉམས་སུ་བླངས་པའི་ཕན་ཡོན་ནི། བློ་གྲོས་ཀྱི་རྩལ་རྒྱས་ཏེ་བླང་དོར་གྱི་གནས་གང་ལའང་མི་རྨོངས་པར་སངས་རྒྱས་ཀྱི་གོ་འཕང་བདེ་བླག་ཏུ་འཐོབ་པར་འགྱུར་རོ། སྦྱངས་པ་སྔོན་དུ་སོང་བའི་སྐལ་ལྡན་ལས་འཕྲོ་ཅན་གྱིས་ཚུལ་བཞིན་ཉམས་སུ་བླངས་པ་ལ་དགོངས་ཏེ་བཤད་པའི་ཕན་ཡོན་རྣམས་རང་རེ་འབྲེལ་འཇོག་ཙམ་བྱེད་མཁན་དག་ལ་འཕྲལ་མར་མ་བྱུང་བ་ནི་སྒྲིབ་པ་སྟུག་པོས་སྒྲིབ་པའི་རང་སྐྱོན་ཡིན་པས་ལོག་ལྟ་མི་བྱའོ། །དེ་ལྟར་འཇམ་དཔལ་ཡབ་ཡུམ་གྱི་ལྷ་ཁྲིད་ཉུང་བསྡུས་འདི་ནི། ཆོས་མཆེད་ཀརྨ་འོད་ཟེར་འབྱུང་གནས་ཀྱིས་གསར་བུའི་གོ་བདེ་ཞིག་དགོས་པའི་རེ་བསྐུལ་གནང་བ་མ་ལྡོག་ཙམ་དང༌། རང་ཡང་ཚེ་རབས་ཀུན་ཏུ་ལྷག་པའི་ལྷ་ཡིས་རྗེས་སུ་བཟུང་བའི་ཚོགས་གསོག་ཏུ་དམིགས་ནས་རྒྱལ་ཁམས་པ་སྐྱོ་བྲག་དགའ་དབང་གིས་སྔོན་གྱི་ཡིག་ཆ་ཚད་ལྡན་རྣམས་ལ་ཁུངས་བཅོལ་ཏེ་སྦྱར་བའི་དགེ་བ་སེམས་ཅན་བདེ་བ་དང་བསྟན་པ་དར་བའི་ཆེད་དུ་བསྔོས་པ་བཞིན་འགྲུབ་པར་གྱུར་ཅིག། །།