།སྒྲོལ་མའི་བསྟོད་པ་ཕྱག་འཚལ་ཉེར་གཅིག་གི་འགྲེལ་བ་བཞུགས་སོ། 2

2014-04-29

~~།བཅོ་ལྔ་པ་ནི། ཕྱག་འཚལ་བདེ་མ་དགེ་མ་ཞི་མ། །མྱ་ངན་འདས་ཞི་སྤྱོད་ཡུལ་ཉིད་མ། །སྭཱ་ཧཱ་ཨོཾ་དང་ཡང་དག་ལྡན་པས། །སྡིག་པ་ཆེན་པོ་འཇོམས་པ་ཉིད་མ། །ཞེས་པ་སྟེ། ཞི་བ་མྱ་ངན་ལས་འདས་པའི་གོ་འཕང་ལྷ་མོའི་སྤྱོད་ཡུལ་དུ་གྱུར་པས་རྟག་ཏུ་བདེ་བ་དང་དགེ་བ་དང་ཞི་བའི་ངང་ཚུལ་དུ་གནས་ཏེ་གདུལ་བྱ་རྣམས་ཀྱང་དེ་དག་ཏུ་འགོད་པ་དང་། མགོ་མཇུག་ཏུ་ཨོཾ་དང་སྭཱ་ཧཱ་ལྡན་པའི་རིག་སྔགས་བཟླས་པས་སྡིག་པ་དང་སྡུག་བསྔལ་ཆེན་པོ་དག་ཀྱང་འཇོམས་པར་བྱེད་དོ། །བཅུ་དྲུག་པ་ནི། ཕྱག་འཚལ་ཀུན་ནས་བསྐོར་རབ་དགའ་བའི། །དགྲ་ཡི་ལུས་ནི་རབ་ཏུ་འགེམས་མ། །ཡི་གེ་བཅུ་པའི་ངག་ནི་བཀོད་པའི། །རིག་པ་ཧཱུྃ་ལས་སྒྲོལ་མ་ཉིད་མ། །ཞེས་པ་སྟེ། རྩ་སྔགས་ཡི་གེ་བཅུ་པ་དང་ས་བོན་ཧཱུྃ་ཡིག་ལས་བྱུང་བའི་ལྷ་མོ་སྒྲོལ་མ་ནི་བྱང་ཆུབ་སེམས་དཔའ་དགའ་བའི་ཐུགས་ལྡན་རྣམས་ཀྱིས་བསྐོར་ཞིང་། སེམས་ཅན་རྣམས་ལ་འཚེ་བའི་དགྲ་ཡི་ལུས་ནི་རབ་ཏུ་འགེམས་པའོ། །བཅུ་བདུན་པ་ནི། ཕྱག་འཚལ་ཏུ་རེའི་ཞབས་ནི་བརྡབས་པས། །ཧཱུྃ་གི་རྣམ་པའི་ས་བོན་ཉིད་མ། །རི་རབ་མན་དཱ་ར་དང་འབིགས་བྱེད། །འཇིག་རྟེན་གསུམ་རྣམས་གཡོ་བ་ཉིད་མ། །ཞེས་པ་སྟེ། ཧཱུྃ་ཡིག་ས་བོན་དུ་གྱུར་པའི་ལྷ་མོ་ཏུ་རེའམ་མྱུར་མས་ཞབས་གཉིས་བརྡབས་པས་རིའི་རྒྱལ་པོ་རི་རབ་དང་། མན་དཱ་ར་ཞེས་བྱ་བའི་རི་དང་། རི་བོ་འབིགས་བྱེད་དང་བཅས་པའི་འཇིག་རྟེན་གསུམ་སྟེ་ས་འོག་ས་སྟེང་ས་བླ་རྣམས་གཡོ་བར་བྱེད་དོ། །བཅོ་བརྒྱད་པ་ནི། ཕྱག་འཚལ་ལྷ་ཡི་མཚོ་ཡི་རྣམ་པའི། །རི་དྭགས་རྟགས་ཅན་ཕྱག་ན་བསྣམས་མ། །ཏཱ་ར་གཉིས་བརྗོད་ཕཊ་ཀྱི་ཡི་གེས། །དུག་རྣམས་མ་ལུས་པ་ནི་སེལ་མ། །ཞེས་པ་སྟེ། ལྷ་ཡི་མཚོ་དང་འདྲ་བའི་ཟླ་བ་དཀར་ཟླུམ་ཕྱག་ན་བསྣམས་པའི་ལྷ་མོའི་རིག་སྔགས་ཏཱ་ར་གཉིས་བརྗོད་ཀྱི་མཐའ་བརྟེན་ཕཊ་ཡིག་བཏགས་པས་ནི་བརྟན་གཡོའི་དུག་རྣམས་མ་ལུས་སེལ་བར་བྱེད་དོ། །བཅུ་དགུ་པ་ནི། ཕྱག་འཚལ་ལྷ་ཡི་ཚོགས་རྣམས་རྒྱལ་པོ། །ལྷ་དང་མིའམ་ཅི་ཡིས་བསྟེན་མ། །ཀུན་ནས་གོ་ཆ་དགའ་བའི་བརྗིད་ཀྱིས། །རྩོད་དང་རྨི་ལམ་ངན་པ་སེལ་མ། །ཞེས་པ་སྟེ། འདོད་ལྷའི་ཚོགས་དང་མིའི་རྒྱལ་པོ་དང་། ས་ཆུ་ཤིང་སོགས་ལ་གནས་པའི་ལྷ་དང་། མིའམ་ཅི་སོགས་ཀྱིས་ཞབས་པད་ལ་གུས་པར་བསྟེན་པའི་ལྷ་མོ་ཡི་དམ་གྱི་ལྷར་བཟུང་བའི་གོ་ཆ་བགོས་ན་རྣམ་ཀུན་དགའ་བདེར་གནས་པའི་གཟི་བརྗིད་ཀྱིས་ཕ་རོལ་པོའི་རྩོད་པ་དང་རྨི་ལམ་ངན་པ་སོགས་སེལ་བར་བྱེད་དོ། །ཉི་ཤུ་པ་ནི། ཕྱག་འཚལ་ཉི་མ་ཟླ་བ་རྒྱས་པའི། །སྤྱན་གཉིས་པོ་ལ་འོད་རབ་གསལ་མ། །ཧ་ར་གཉིས་བརྗོད་ཏུཏྟཱ་ར་ཡིས། །ཤིན་ཏུ་དྲག་པོའི་རིམས་ནི་སེལ་མ། །ཞེས་པ་སྟེ། སྤྱན་གཉིས་པོ་ལས་འོད་རབ་འཕྲོས་པས་སྡིག་སྡུག་སྲེག་པ་དང་། ཚེ་བསོད་དཔལ་འབྱོར་རྒྱས་པར་བྱེད་པའི་ལྷ་མོའི་རིག་སྔགས་ཧ་ར་གཉིས་བརྗོད་དེ། ཨོཾ་ན་མཿཏཱ་རེ་ན་མོ་ཧ་རེ་ཧཱུྃ་ཧ་རེ་སྭཱ་ཧཱ་དང་། ཏུ་ཏྟཱ་ར་ཡི་སྔགས་བཅས་བཟླས་ན་གསོ་བར་དཀའ་བའི་རིམས་ནད་དྲག་པོ་རྣམས་ཀྱང་སེལ་བར་བྱེད་དོ། །ཉེར་གཅིག་པ་ནི། ཕྱག་འཚལ་དེ་ཉིད་གསུམ་རྣམས་བཀོད་པས། །ཞི་བའི་མཐུ་དང་ཡང་དག་ལྡན་མ། །གདོན་དང་རོ་ལངས་གནོད་སྦྱིན་ཚོགས་རྣམས། །འཇོམས་པ་ཏུ་རེ་རབ་མཆོག་ཉིད་མ། །ཞེས་པ་སྟེ། གདུལ་བྱ་སེམས་ཅན་རྣམས། རྒྱུ་མཚན་མ་མེད་པ། འབྲས་བུ་སྨོན་པ་མེད་པ། ངོ་བོ་སྟོང་པ་ཉིད་དེ་དེ་ཁོ་ན་ཉིད་གསུམ་གྱི་ལམ་ལ་བཀོད་པས་སྡུག་བསྔལ་གཏན་དུ་ཞི་བའི་ཐར་པ་ལ་འཁྲིད་པར་མཛད་པའི་མཐུ་དང་ལྡན་ཞིང་། གདོན་དང་རོ་ལངས་གནོད་སྦྱིན་སོགས་གདུག་པ་ཅན་མཐའ་དག་ཏུ་རེ་སྟེ་མྱུར་དུ་འཇོམས་པའི་ལྷ་མོ་ནི་ཡི་དམ་གྱི་ལྷ་ཀུན་ལས་ཀྱང་རབ་ཀྱི་མཆོག་ཏུ་གྱུར་པ་ཡིན་ནོ། །གཞུང་འདི་བླ་མེད་རྒྱུད་སྡེ་ཡིན་ཕྱིར་སྔགས་ཀྱི་བཤད་པ་སྣ་ཚོགས་ཡོད་མོད། རང་རེ་དམན་པ་རྣམས་ཀྱི་བློ་ཡུལ་དུ་འགྱུར་དཀའ་བར་བརྟེན་ཚིག་དོན་འོལ་སྤྱི་ཙམ་གྱིས་ཆོག་པར་བྱས་སོ། །
གཉིས་པ་ཕན་ཡོན་ལ་གཉིས། མཚན་བསྟན་པ་དང་། ཕན་ཡོན་དངོས་སོ། །དང་པོ་ནི། །རྩ་བའི་སྔགས་ཀྱིས་བསྟོད་པ་འདི་དང་། །ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག །ཅེས་པ་སྟེ། རྩ་སྔགས་ཡི་གེ་བཅུ་པ་ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ་སྟེ་དོན་ནི་སྒྲོལ་མ་སྡུག་བསྔལ་ལས་སྒྲོལ་མ་གཞི་ཚུགས་ཞེས་བྱའོ། །སྔགས་འདིའི་སྒོ་ནས་བསྟོད་པའང་འདི་ཉིད་ཡིན་ལ། ཕྱག་འཚལ་ལོ་ཉེར་གཅིག་ལྡན་པའི་བསྟོད་པའང་འདི་ཉིད་ཡིན་ནོ། །གཉིས་པ་ལ་གསུམ། ལྷར་བསྙེན་པའི་ཕན་ཡོན། རིག་སྔགས་དྲན་པའི་ཕན་ཡོན། རྒྱུད་ཀློག་པའི་ཕན་ཡོན་ནོ། །དང་པོ་ནི། ལྷ་མོ་ལ་གུས་ཡང་དག་ལྡན་པའི། །བློ་ལྡན་གང་གིས་རབ་ཏུ་བརྗོད་པས། །སྲོད་དང་ཐོ་རངས་ལངས་པར་བྱས་ནས། །དྲན་པས་མི་འཇིགས་ཐམས་ཅད་རབ་སྟེར། །སྡིག་པ་ཐམས་ཅད་རབ་ཏུ་ཞི་བ། །ངན་འགྲོ་ཐམས་ཅད་འཇོམས་པ་ཉིད་དོ། །རྒྱལ་བ་བྱེ་བ་ཕྲག་བདུན་རྣམས་ཀྱིས། །མྱུར་དུ་དབང་ནི་བསྐུར་བར་འགྱུར་ལ། །འདི་ལས་ཆེ་བ་ཉིད་ནི་ཐོབ་ཅིང་། །སངས་རྒྱས་གོ་འཕང་མཐར་ཐུག་དེར་འགྲོ། །ཞེས་པ་སྟེ། དད་བརྩོན་ཤེས་རབ་ལྡན་པའི་གང་ཟག་དག་གིས་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དྲན་པའི་སྒོ་ནས་སྲོད་དང་ཐོ་རངས་ཀྱི་དུས་སུ་བསྟོད་ཕྱག་འདི་ཉིད་བརྗོད་པས་འཕགས་མ་སྒྲོལ་མ་བསྒྲུབ་ན་མི་འཇིགས་པའི་གནས་དབང་ཕྱུག་ཕུན་སུམ་ཚོགས་པ་ཐོབ་པ་དང་། རྒྱུ་སྡིག་པ་མི་དགེ་བ་ཐམས་ཅད་རབ་ཏུ་ཞི་ནས་འབྲས་བུ་ངན་འགྲོར་སྐྱེ་བ་ཐམས་ཅད་འཇོམས་པར་བྱེད་པ་དང་། སྒྲོལ་མ་ཉིད་དང་ལྷན་དུ་གཤེགས་པའི་རྒྱལ་བ་བྱེ་བ་ཕྲག་བདུན་རྣམས་ཀྱི་ཞལ་མྱུར་དུ་མཐོང་སྟེ། དབང་བསྐུར་བ་ཐོབ་པས་ཡོན་ཏན་གྱི་ཆེ་བ་དུ་མ་ལྡན་པའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འཕགས་པའི་ས་རྣམས་རིམ་གྱིས་ཐོབ་ནས་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་བླ་ན་མེད་པ་དེར་འགྲོ་བར་འགྱུར་རོ། །གཉིས་པ་ནི། དེ་ཡི་དུག་ནི་དྲག་པོ་ཆེན་པོ། །བརྟན་གནས་པའམ་གཞན་ཡང་འགྲོ་བ། །ཟོས་པ་དང་ནི་འཐུངས་པ་ཉིད་ཀྱང་། །དྲན་པས་རབ་ཏུ་སེལ་བ་ཉིད་ཐོབ། །གདོན་དང་རིམས་དང་དུག་གིས་བཟིར་བའི། །སྡུག་བསྔལ་ཚོགས་ནི་རྣམ་པར་སྤོང་སྟེ། །སེམས་ཅན་གཞན་པ་རྣམས་ལ་ཡང་ངོ་། །ཞེས་པ་སྟེ། ལྷ་མོའི་རིག་སྔགས་བཅོས་མིན་གྱི་དད་པས་དྲན་པའི་གང་ཟག་དེའི་རྒྱུད་ལ་ཟོས་འཐུངས་རེག་པ་སོགས་ཀྱིས་རྒྱུ་བ་དང་མི་རྒྱུ་བའི་དུག་སྡུག་བསྔལ་ཚབས་ཆེན་བསྐྱེད་པའི་དྲག་པོ་ཞུགས་པ་ཡང་སེལ་བ་དང་། གདོན་དང་རིམས་ཀྱིས་གཟིར་བའི་སྡུག་བསྔལ་སྣ་ཚོགས་པ་རྣམས་ཀྱང་སྤོང་བར་འགྱུར་ཞིང་། རིག་སྔགས་ཀྱི་སྦྱོར་བ་བསྟེན་ན་སེམས་ཅན་གཞན་གྱི་དུག་དང་སྡུག་བསྔལ་ཡང་མེད་པར་བྱེད་དོ། །གསུམ་པ་ནི། གཉིས་གསུམ་བདུན་དུ་མངོན་པར་བརྗོད་ན། །བུ་འདོད་པས་ནི་བུ་ཐོབ་འགྱུར་ཞིང་། །ནོར་འདོད་པས་ནི་ནོར་རྣམས་ཉིད་ཐོབ། །འདོད་པ་ཐམས་ཅད་ཐོབ་པར་འགྱུར་ཏེ། །བགེགས་རྣམས་མེད་ཅིང་སོ་སོར་འཇོམས་འགྱུར། ཞེས་པ་སྟེ། བུ་ནོར་ལ་སོགས་པ་འདོད་པའི་དོན་རྣམས་བསྒྲུབ་པར་འདོད་པ་དག་གིས་བསྟོད་ཕྱག་གི་རྒྱུད་ཉིད་གཉིས་གསུམ་བདུན་ལ་སོགས་པ་དད་པས་མངོན་པར་བརྗོད་ན་གེགས་མེད་ཡིད་བཞིན་འགྲུབ་པར་འགྱུར་རོ། །གཞུང་ནས་བསྟན་པ་བཞིན་ལྷ་མོ་སྒྲོལ་མར་གསོལ་བ་རྩེ་གཅིག་ཏུ་བཏབས་པས་ཉམ་ངའི་གནས་ནས་ཐར་བའི་ལོ་རྒྱུས་ཀྱང་ཡོད་དེ། ཁ་ཆེའི་སློབ་དཔོན་ཐམས་ཅད་མཁྱེན་པའི་བཤེས་གཉེན་མི་བརྒྱ་དང་བདུན་གྱིས་བསྐོར་བ་ཙན་ལྡན་གྱི་མེས་སྲེག་པའི་ཚེ་སྨྲེ་སྔགས་ཀྱིས་གསོལ་བ་བཏབ་པའི་སྐད་ཅིག་དེར་འཕགས་མའི་ཕྱག་ནས་ཆར་རྒྱུན་གཉའ་ཤིང་ཙམ་བབས་ནས་མཚོ་ནང་གི་པདྨ་ལྟར་གྱུར་པ་དང་། ཙནྡྲ་གོ་མི་རྒྱལ་པོའི་ཆད་པས་གངྒཱའི་ཆུར་བསྐྱུར་བ་ན་གསོལ་བ་བཏབ་པས་སིང་ག་ལའི་གླིང་དུ་བཞག་པས་མཚོན་ནོ། །
གསུམ་པ་ཉམས་ལེན་བྱ་ཚུལ་ནི། སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་སངས་རྒྱས་ཏེ་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོ་རྗེ་བཙུན་འཕགས་མ་སྒྲོལ་མ་ལ་བདག་ཅག་རྣམས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་སྐྱོབ་པའི་ནུས་མཐུ་མངའ་བས། རེ་ལྟོས་ལིང་སྐྱུར་གྱི་དད་པ་དང་། བསྐྱབ་ཏུ་གསོལ་སྙམ་པའི་འདུན་པ་དང་། སྐྱོབ་ངེས་པའི་ཡིད་ཆེས་ཏེ་གསུམ་དང་ལྡན་པའི་སྒོ་ནས་སྐྱབས་སུ་འགྲོ་ཞིང་། དེང་ཕྱིན་བདག་དང་སེམས་ཅན་ཐམས་ཅད་སྐྱབས་འོག་ཏུ་ཚུད་ཡོད་སྙམ་པའི་ངེས་ཤེས་བརྟན་པོའང་བྱ། མཐའ་ཡས་པའི་སེམས་ཅན་ཐམས་ཅད་བདག་གི་ཕ་མར་མ་གྱུར་པ་ནི་གཅིག་ཀྱང་མེད་པའི་དྲིན་ཅན། བདེ་བ་སྒྲུབ་འདོད་དང་སྡུག་བསྔལ་སྤོང་འདོད་ཤ་སྟག་ཡིན་ཀྱང་། སྡུག་བསྔལ་གྱི་རྒྱུ་འབའ་ཞིག་བསྒྲུབས་པས། འབྲས་བུ་འཁོར་བ་དང་ངན་སོང་གི་སྡུག་བསྔལ་དོས་དྲག་པོས་ཐར་དུས་མེད་པར་མནར་བ་འདི་རྣམས། བདག་གིས་བདེ་བ་ཐམས་ཅད་ཀྱི་མཆོག་བླ་ན་མེད་པའི་སངས་རྒྱས་ཀྱི་གོ་འཕང་ལ་ཅི་ནས་ཀྱང་འགོད་པར་བྱ། དེ་ལྟ་བུ་སྒྲུབ་པའི་ནུས་པ་ད་ལྟ་བདག་ལ་མེད་པས། བདག་གིས་འཕགས་མ་སྒྲོལ་མའི་སྒོམ་ཟླས་ཟབ་མོ་ཉམས་སུ་བླངས་ནས་འཕགས་མའི་གོ་འཕང་དམ་པ་བསྒྲུབས་ཏེ་འཁོར་བ་ཇི་སྲིད་བར་འགྲོ་བའི་དོན་ལ་འཕགས་མའི་རྣམ་ཐར་དང་མཚུངས་པར་འཇུག་པར་བགྱིའོ་སྙམ་པའི་བཅོས་མིན་གྱི་འདུན་པ་དྲག་པོས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ལྷག་བསམ་དང་མ་བྲལ་བའི་ངང་ནས། མདུན་གྱི་ནམ་མཁའ་འཇའ་སྤྲིན་མེ་ཏོག་འཁྲིགས་པའི་དབུས་སུ་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་རྗེ་བཙུན་འཕགས་མ་སྒྲོལ་མ་སྐུ་མདོག་ལྗང་གུ་མརྒད་ཀྱི་ཕུང་པོ་ལྟ་བུ། ཞལ་གཅིག་ཕྱག་གཉིས་མ་གཡས་སྐྱབས་སྦྱིན་གྱི་ཕྱག་རྒྱ་མཛད་ཅིང་། གཡོན་མཐེབ་སྲིན་སྦྱར་བས་ཨུཏྤལ་སྔོན་པོ་མེ་ཏོག་རབ་ཏུ་རྒྱས་པ་ཡིད་དུ་འོང་བ་སྡོང་བུ་དང་བཅས་པ་ཐུགས་ཀར་འཛིན་པ། བཅུ་དྲུག་ལོན་པའི་ལང་ཚོ་རྒྱས་ལ་དར་བ། ནུ་མའི་དཀྱི་འཁོར་རྒྱས་ཤིང་མཁྲེགས་པ། འཛུམ་པའི་ཞལ་དང་། པདྨའི་འདབ་མ་ལྟར་ཡངས་པའི་སྤྱན་དང་ལྡན་ཞིང། རྣམ་པར་བཀྲ་བའི་ལྷའི་དར་གྱི་ཤམ་ཐབས་དང་སྟོད་གཡོག་གསོལ་བ། དབུ་སྐྲ་མཐོན་མཐིང་སྤྱི་བོར་བཅིངས་ཤིང་རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། སྐ་རགས། དོ་ཤལ་རྣམས་དང་གསེར་གྱི་གདུ་བུས་མཛེས་པ་ཡིད་དུ་འོང་ཞིང་འོད་ཟེར་འཕྲོ་བ། ཞབས་གཉིས་གཡས་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པས་བཞུགས་ཤིང་། ཕྱོགས་བཅུ་དུས་གསུམ་གྱི་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་གྱུར་པ་དེའི་སྐྱབས་སྦྱིན་གྱི་ཕྱག་རྒྱའི་འོག་ཏུ་བདག་དང་བསྲུང་བྱ་རྣམས་ཚུད་པར་མོས་ལ་བསྟོད་པ་ཅི་ནུས་འདོན། བསྟོད་པའི་ནུས་པ་འགྲུབ་བྱེད་སྔགས་ཡིན་པས་བསྟོད་པ་གྲུབ་མཚམས་ལྷ་མོའི་ཐུགས་ཀར་ཟླ་བའི་སྟེང་དུ་ཏཱྃ་ཡིག་ལྗང་ཁུ་ལ་སྔགས་ཀྱིས་བསྐོར་བར་བསམས་ཏེ་རྩ་སྔགས་ཡི་གེ་བཅུ་པ་ཅི་འགྲུབ་བཟླ། ཐུན་མཐར་ལྷ་མོ་འོད་དུ་ཞུ་ནས་རང་ཉིད་ལ་ཐིམ་པས་བྱིན་རློབ་དངོས་གྲུབ་ཐམས་ཅད་ཐོབ་སོང་སྙམ་པའི་ངེས་ཤེས་བསྐྱེད། འདིས་མཚོན་དུས་གསུམ་བསགས་ཡོད་ཀྱི་དགེ་བ་རྣམས་བདག་གཞན་སེམས་ཅན་ཐམས་ཅད་ཀྱིས་མྱུར་དུ་བླ་ན་མེད་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་རྒྱུར་འགྱུར་བའི་བསྔོ་སྨོན་བྱ། ལྷ་མོའི་སྐུ་མདོག་ཞལ་ཕྱག་དང་ཞི་ཁྲོ་སྣ་ཚོགས་ཡོད་པ་ནི། ཉི་མ་སྦས་པའི་བསྟོད་སྒྲུབ་ལས། འཕགས་མ་སྒྲོལ་མ་ཆེ་ཉིད་སྐུ། །ཡོངས་གྱུར་འདོད་སྦྱིན་སྣ་ཚོགས་གཟུགས། །སྣ་ཚོགས་ནོར་བུའི་ཚུལ་བཞིན་དུ། །གདུལ་བྱའི་དབང་ཅན་ཡོངས་གྱུར་བལྟ། །ཞེས་པ་བཞིན་གདུལ་བྱའི་དབང་གིས་ཡིན་གྱི་ངོ་བོ་ཐ་དད་པ་ནི་མིན་ནོ། །དེ་ལྟར་སྦྱོར་དངོས་མཇུག་གསུམ་ཚང་བར་ཉམས་སུ་བླང་ན་དགེ་ཚོགས་གོང་འཕེལ་གྱིས་འགལ་རྐྱེན་བར་ཆད་ཞི་ཞིང་། མཐུན་རྐྱེན་བསམ་དོན་ཡིད་བཞིན་འགྲུབ་པར་འགྱུར་རོ། །འོན་ཏེ་ཡིད་ཆེས་པའི་དད་པ་བརྟན་པོ་ནི་མེད་དུ་མི་རུང་སྟེ། གཤེད་ནག་རྒྱུད་རྟོག་པ་གསུམ་པ་ལས། སྔགས་དང་རྫས་ཀྱི་སྦྱོར་བ་ལ། །དཔྱད་ན་དངོས་གྲུབ་མི་འགྲུབ་སྟེ། །གལ་ཏེ་ཡི་གཉིས་ཟ་གྱུར་ཏམ། །བསམ་པར་འགྱུར་རམ་དད་པ་ཉམས། །དེ་ཚེ་དངོས་གྲུབ་ཉེ་བ་ཡང་། །ཕྱིར་ལྡོག་འགྱུར་བར་གདོན་མི་ཟ། །དད་པ་བརྟན་པོས་བསྒྲུབ་པ་ན། །ནམ་མཁའ་མེད་པར་གྱུར་ན་ཡང་། སྔགས་ཀྱི་དངོས་གྲུབ་མེད་མི་སྲིད། །ལྷ་དང་དྲང་སྲོང་གིས་བཤད་པའི། །རིག་སྔགས་བསླུ་བ་མི་སྲིད་ན། །འདོད་ཆགས་བྲལ་བས་བཤད་པ་ཡི། །གསང་སྔགས་སྦྱོར་བས་བསླུ་བ་ནི། །མ་བྱུང་འབྱུང་བར་མི་འགྱུར་རོ། །ཆོས་ཉིད་བསམ་གྱིས་མི་ཁྱབ་པའི། །དོན་ལ་ཐེ་ཚོམ་མེད་པ་ཡི། །མཁས་པ་ལ་ནི་དངོས་གྲུབ་ཉེ། །ཡང་ན་བླུན་པོ་དད་པ་བརྟན། །དེ་ལ་སྦྱོར་བའི་དངོས་གྲུབ་ཉེ། །རྟོག་ཅིང་དཔྱོད་པའི་རྟོག་གེ་པ། །དེ་ལ་སྦྱོར་བའི་དངོས་གྲུབ་རིང་། །བླ་མས་མན་ངག་བསྟན་བྱས་ཀྱང་། །སློབ་མ་ཡིད་གཉིས་ཡོད་པ་ན། །དེ་ལ་དངོས་གྲུབ་རིང་བར་བཤད། །བླ་མས་མན་ངག་སྦས་བྱས་ཀྱང་། །སློབ་མ་ཡིད་གཉིས་མི་ཟ་ཞིང་། །བླ་མའི་མན་ངག་དམ་པ་ཞེས། །གཅེས་སྤྲས་བྱས་ན་འགྲུབ་པར་ངེས། །ཞེས་སོ། །
སྨྲས་པ། འཕགས་བོད་མཁས་པའི་རྣམ་དཔྱོད་ཉི་ཟེར་གྱིས། །ཕྱེས་པའི་གཞུང་འགྲེལ་ཉམས་ལེན་པདྨོའི་ཚལ། །རྒྱུ་སྐར་གྲངས་བཞིན་ཕ་མཐའ་ཡས་པའི་ཕྱིར། །རྨོངས་པའི་གཏམ་ལ་དགོས་པ་མ་མཆིས་ཀྱང་། །ཕྲིན་ལས་ཀུན་སྒྲུབ་ཨརྻ་ཏཱ་རེ་མས། །བྱང་ཆུབ་བར་དུ་རྗེས་འཛིན་རྟེན་འབྲེལ་དང་། །སྙིགས་དུས་སྐྱེས་པའི་བློ་དམན་བདག་འདྲ་ལ། །ཅུང་ཟད་ཕན་པའི་བསམ་པས་ངས་འདི་བཀོད། །བརྗོད་བྱའི་དོན་ནི་ཟབ་ཅིང་རྒྱ་ཆེ་ལ། །ཁོ་བོ་སྐྱེས་སྦྱངས་བློ་གྲོས་ཕྲ་བའི་ཕྱིར། །ཚིག་དོན་ནོར་བའི་ཉེས་པ་ཡོད་ངེས་དག །ལྷ་མོའི་བརྩེ་བས་དག་ཚངས་མཛད་དུ་གསོལ། །འདིར་འབད་ལས་བྱུང་དགེ་བའི་ལོངས་སྤྱོད་ཀྱིས། །སེམས་ཅན་གནས་མཐར་རྒུད་པའི་དབུལ་བ་ཀུན། །ཞི་ནས་གཏན་བདེ་ཐར་པའི་གོ་འཕང་མཆོག །རིང་མིན་འཐོབ་པའི་བཀྲ་ཤིས་དཔལ་འབར་ཤོག །
ཅེས་པ་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐའི་ཡིག་ཆ་ཁག་དང་། མངའ་བདག་མར་པ་ལོ་ཙཱ་ནས་བརྒྱུད་པའི་སྒྲོལ་མའི་སྒྲུབ་ཐབས་སོགས་ལ་ཁུངས་བཅོལ་ཏེ་ལས་དང་པོ་པ་རྣམས་ལ་གོ་སླ་གཙོར་བཟུང་གིས་རབ་རྒྱན་ཤིང་བྱ་ཟླ་ ༢ ཚེས་ ༡༦ ཉིན་རིགས་གཟུགས་ནོར་གྱིས་དབེན་པའི་རྒྱལ་ཁམས་པ་སྐྱོ་བྲག་དགའ་དབང་གིས་གདན་ས་དཔལ་ཆེན་ཆོས་གླིང་གི་རང་ཤག་ཏུ་སུག་ལས་བགྱིས་པ་དགེ་བར་གྱུར་ཅིག།  །།