།སྒྲོལ་མའི་བསྟོད་པ་ཕྱག་འཚལ་ཉེར་གཅིག་གི་འགྲེལ་བ་བཞུགས་སོ། 1

2014-04-29

~~༄༅། །སྒྲོལ་མའི་བསྟོད་པ་ཕྱག་འཚལ་ཉེར་གཅིག་གི་འགྲེལ་བ་བཞུགས་སོ། །
མཛད་པ་པོ། སྐྱོ་བྲག་དགའ་དབང་།

ན་མོ་གུ་རུ། སྲིད་པ་ཇི་སྲིད་མ་ཡི་ཚུལ་བཟུང་ནས། །མཐའ་ཡས་འགྲོ་རྣམས་སྡུག་བསྔལ་རྒྱ་མཚོ་ལས། །འདོན་པའི་དམ་བཅའ་བརྟན་པའི་རྗེ་བཙུན་མར། །གུས་པས་འདུད་དོ་ཡེ་ཤེས་སྤྱན་གྱིས་གཟིགས། །གང་གི་ཡོན་ཏན་ཟབ་ཅིང་རྒྱ་ཆེ་རྣམས། །བསྟོད་པའི་ཚུལ་གྱིས་བརྗོད་པའི་རྒྱུད་གཞུང་འདི། །སྔོན་རབས་མཁས་པའི་གསུང་གསང་ལ་བརྟེན་ནས། །གོ་བདེ་ཉུང་ངུའི་ཚིག་གིས་བཤད་པར་བྱ། །
དེ་ཡང་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་ཕྲིན་ལས་ཀྱི་ངོ་བོ་ལྷ་མོའི་རྣམ་པར་བསྟན་ཏེ་རིས་མེད་པའི་སེམས་ཅན་རྣམས་སྡུག་བསྔལ་མཐའ་དག་ལས་སྒྲོལ་བས་སྲིད་ཞིའི་སྐྱབས་གནས་གཅིག་ཆོག་ཏུ་གྱུར་པ་འཕགས་མ་སྒྲོལ་མ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བསྟོད་པའི་ཕྱག་འཚལ་ཉེར་གཅིག་ཕན་ཡོན་དང་བཅས་པ་གོ་བདེར་བཤད་པ་ལ་གསུམ། སྒྲོལ་མའི་ལོ་རྒྱུས། རྒྱུད་ཀྱི་ཚིག་དོན། ཉམས་ལེན་བྱ་ཚུལ་ལོ། །
དང་པོ་ནི། སྔོན་ཐོག་མ་མེད་པའི་དུས་ཤིག་ན། འཇིག་རྟེན་གྱི་ཁམས་སྣ་ཚོགས་པའི་འོད་ཅེས་བྱ་བར། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྔ་སྒྲ་ཞེས་བྱ་བ་བྱུང་སྟེ། དེའི་བསྟན་པ་ལ་མཆོག་ཏུ་གུས་པའི་རྒྱལ་པོའི་བུ་མོ་ཡེ་ཤེས་ཟླ་བ་ཞེས་བྱ་བ་དེས། སངས་རྒྱས་རྔ་སྒྲ་འཁོར་བྱང་སེམས་ཉན་ཐོས་དང་བཅས་པའི་དགེ་འདུན་གྲངས་མེད་པ་ལ་ལོ་དུ་མར་མཆོད་པ་དང་བཀུར་སྟི་གྱ་ནོམ་པ་བྱས་ཏེ་བྱང་ཆུབ་མཆོག་ཏུ་སེམས་དང་པོར་བསྐྱེད་པ་ཡིན་ནོ། །དེའི་ཚེ་དགེ་སློང་རྣམས་ཀྱིས་ཁྱེད་དགེ་བའི་རྩ་བ་འདི་ཉིད་ཀྱིས་ལུས་འདི་ཉིད་ལ་སྐྱེས་པར་གྱུར་ཏེ། བསྟན་པ་ལ་བྱ་བ་བྱེད་པར་སྨོན་ལམ་བཏབ་ན་དེ་བཞིན་དུ་འགྱུར་བའི་ཕྱིར། དེ་ལྟར་རིགས་སོ་ཞེས་བསྐུལ་བའི་ལན་དུ། འདི་ན་སྐྱེས་པ་མེད་ཅིང་བུད་མེད་མེད། །བདག་མེད་གང་ཟག་མེད་ཅིང་རྣམ་རིག་མེད། །ཕོ་མོར་བཏགས་པ་འདི་ནི་ཡ་མ་བརླ། །འཇིག་རྟེན་བློ་ངན་རྣམ་པར་འཁྲུལ་པར་གྱུར། །ཅེས་པ་ལ་སོགས་པ་བརྗོད་དེ། སྐྱེས་པའི་རྟེན་ལ་བྱང་ཆུབ་འདོད་པ་ནི་མང་གི །བུད་མེད་ཀྱི་ལུས་ཀྱིས་འགྲོ་བའི་དོན་སྤྱོད་པ་ནི་འགའ་ཡང་མེད་དོ། །དེ་བས་ན་འཁོར་བ་མ་སྟོངས་ཀྱི་བར་དུ་བུད་མེད་ཀྱི་གཟུགས་ཀྱིས་འགྲོ་བའི་དོན་བྱའོ་ཞེས་དམ་བཅས་སོ། །དེ་ནས་རྒྱལ་པོའི་ཕོ་བྲང་དུ་བཞུགས་ཏེ། འདོད་པའི་ཡོན་ཏན་ལྔ་ལ་ཐབས་མཁས་པས་སྤྱོད་བཞིན་དུ་ཏིང་ངེ་འཛིན་སྒོམ་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ཅིང་འགྲོ་བ་ཐམས་ཅད་སྒྲོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་བསྒྲུབས་པ་དེའི་ནུས་པས་ཉིན་རེ་བཞིན་སྔ་དྲོའི་དུས་ཀྱི་ཚེ་སེམས་ཅན་བྱེ་བ་བརྒྱ་སྟོང་རེ་འཇིག་རྟེན་པའི་སེམས་ལས་བསྒྲལ་ཏེ་བཟོད་པ་ལ་མ་བཀོད་ཀྱི་བར་དུ་ཟས་ཟ་བར་མི་བྱེད་ཅིང་། ཕྱི་དྲོ་ཡང་དེ་ཙམ་རེ་འགོད་པར་བྱེད་དོ། །དེ་ནས་སྔར་གྱི་མིང་དེ་འགྱུར་ནས་སྒྲོལ་མ་ཞེས་བྱ་བར་གྱུར་པ་ལ་དེ་བཞིན་གཤེགས་པ་རྔ་སྒྲས་ཀྱང་། ཇི་སྲིད་བླ་ན་མེད་པའི་བྱང་ཆུབ་མངོན་དུ་བྱས་པ་དེ་སྲིད་དུ་མིང་ལྷ་མོ་སྒྲོལ་མས་མཚན་པ་འབའ་ཞིག་ཏུ་འགྱུར་བར་ལུང་བསྟན་ཏོ། །དེ་ནས་བསྐལ་པ་རྣམ་པར་རྒྱས་པ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་དོན་ཡོད་གྲུབ་པའི་དྲུང་དུ་ཕྱོགས་བཅུའི་ཞིང་རབ་འབྱམས་ཀྱི་སེམས་ཅན་ཐམས་ཅད་ཉེ་བར་འཚེ་བ་ལས་སྐྱོབ་པར་དམ་བཅས་ཤིང་། བདུད་ཐམས་ཅད་རྣམ་པར་འཇོམས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས། ཉིན་རེ་བཞིན་འགྲོ་བའི་གཙོ་བོ་བྱེ་བ་བརྒྱ་སྟོང་འབུམ་ཕྲག་རེ་བསམ་གཏན་གྱི་ཏིང་ངེ་འཛིན་ལ་བཀོད། མཚན་རེ་བཞིན་གཞན་འཕྲུལ་དབང་བྱེད་ཀྱི་བདག་པོ་བྱེ་བ་བརྒྱ་སྟོང་རེ་བརྟུལ་བས་མྱུར་མ་དང་དཔའ་མོ་ཞེས་མཚན་དུ་གྲགས་སོ། །དེ་ནས་བསྐལ་པ་ཐོགས་པ་མེད་པ་ཞེས་བྱ་བ་ལ། དགེ་སློང་དྲི་མ་མེད་པའི་འོད་ཀྱི་སྣང་བ་ཞེས་བྱ་བ་ལ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཐུགས་རྗེ་ཆེན་པོའི་འོད་ཟེར་གྱི་དབང་བསྐུར་བས་འཕགས་པ་སྤྱན་རས་གཟིགས་སུ་གྱུར། ཡང་དེ་ཉིད་ལ་སངས་རྒྱས་དང་བྱང་སེམས་ཐམས་ཅད་ཀྱིས་མཁྱེན་པའི་ཡེ་ཤེས་ཀྱི་ངོ་བོར་གྱུར་པའི་འོད་ཟེར་ཆེན་པོའི་དབང་བསྐུར་བས། འོད་ཟེར་སྔ་ཕྱི་གཉིས་པོ་ཕ་མ་ལྟ་བུའི་ཚུལ་གྱིས་འདྲེས་པར་གྱུར་པ་ལས་སྒྲོལ་མར་གྱུར་པ་སྤྱན་རས་གཟིགས་ཀྱི་ཐུགས་ཀ་ནས་བྱུང་བས་སེམས་ཅན་རྣམས་འཇིགས་པ་མཐའ་དག་ལས་སྐྱོབ་པར་མཛད་པ་ཡིན་ནོ། །ད་ལྟར་གྱི་བསྐལ་པ་འདི་ཉིད་ལ། སྒྲོལ་མའི་མཚན་བརྒྱ་རྩ་བརྒྱད་པ་ལས། དཔལ་ལྡན་ཡིད་འོང་པོ་ཊ་ལ། །སྣ་ཚོགས་ཁམས་ཀྱིས་རྣམ་པར་སྤྲས། །སྣ་ཚོགས་ལྗོན་པ་བཀྲམ་པ་སྟེ། །གཉིས་སྐྱེས་དུ་མ་སྒྲ་འབྱིན་པ། །འབབ་ཆུ་སྣ་ཚོགས་ཀུ་ཅོ་ཆེ། །རི་དྭགས་སྣ་ཚོགས་འཁྲུགས་པ་སྟེ། །མེ་ཏོག་སྣ་ཚོགས་རིགས་རྣམས་ཀྱིས། །ཀུན་ཏུ་དྲི་ཡིས་བཀང་བ་སྟེ། །སྣ་ཚོགས་ཡིད་འོང་འབྲས་བུ་ལྡན། །རྐང་པ་དྲུག་པའི་གླུ་ཡི་སྒྲ། །མིའམ་ཅི་ནི་གླུ་སྙན་ལེན། །གླང་ཆེན་སྨྱོན་པས་ཡང་དག་ཁེངས། །རིག་འཛིན་གྲུབ་པའི་ཚོགས་རྣམས་དང་། །དྲི་ཟ་རྣམས་ཀྱང་གླུ་ལེན་པ། །ཐུབ་པ་འདོད་ཆགས་བྲལ་རྣམས་དང་། །བྱང་ཆུབ་སེམས་དཔའི་ཚོགས་གཞན་དང་། །ས་བཅུའི་དབང་ཕྱུག་རྣམས་དང་ནི། །འཕགས་མ་སྒྲོལ་སོགས་ལྷ་མོ་རྣམས། །རིག་པའི་རྒྱལ་མོ་སྟོང་རྣམས་ཀྱིས། །རྟག་ཏུ་ལེགས་པར་བསྟེན་པའོ། །ཁྲོ་བོའི་རྒྱལ་པོའི་ཚོགས་གཞན་དང་། །རྟ་མགྲིན་ལ་སོགས་ཀྱིས་བསྐོར་བ། །སེམས་ཅན་ཀུན་ལ་ཕན་པར་བརྩོན། །བཅོམ་ལྡན་འདས་ནི་སྤྱན་རས་གཟིགས། །བཞུགས་ཏེ་དེ་ཕྱིར་དཔལ་དང་ལྡན། །ཞེས་གསུང་པའི་གནས་མཆོག་ཁྱད་པར་ཅན་དེར་བཞུགས་ནས་ལྷ་ཀླུ་མི་ལ་སོགས་པ་འགྲོ་བ་གྲངས་མེད་པའི་ཕན་བདེའི་དོན་རྒྱ་ཆེན་པོ་སྒྲུབ་ཀྱིན་ཡོད་པས་རང་རེས་གསོལ་བ་བཏབ་ནའང་རྗེས་སུ་འཛིན་པར་ཐེ་ཚོམ་མེད་དོ། །
གཉིས་པ་རྒྱུད་ཀྱི་ཚིག་དོན་ལ་གཉིས། བསྟོད་པ་དང་ཕན་ཡོན་ནོ། །དང་པོ་ལ་ཚིགས་བཅད་ཉེར་གཅིག་ལས། དང་པོ་ནི། ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ། །སྤྱན་ནི་སྐད་ཅིག་གློག་དང་འདྲ་མ། །འཇིག་རྟེན་གསུམ་མགོན་ཆུ་སྐྱེས་ཞལ་གྱི། །གེ་སར་བྱེ་བ་ལས་ནི་བྱུང་མ། །ཞེས་པ་སྟེ། འཇིག་རྟེན་གསུམ་མགོན་ནམ་འཕགས་པ་སྤྱན་རས་གཟིགས་ཀྱི་ཞལ་ཆུ་སྐྱེས་པདྨའི་གེ་སར་བྱེ་བ་ལས་བྱུང་ཞིང་། བརྩེ་བའི་སྙིང་རྗེ་ཆེན་པོས་སེམས་ཅན་གྱི་དོན་མྱུར་དུ་མཛད་པ་དང་། འཇིགས་པ་ཐམས་ཅད་ལས་སྐྱོབ་པར་དཔའ་བའི་ནུས་མཐུ་ཐོགས་པ་མེད་པ་དང་། ཇི་ལྟ་ཇི་སྙེད་ཀྱི་ཆོས་རྣམས་ཡེ་ཤེས་ཀྱི་སྤྱན་གློག་དང་འདྲ་བས་སྐད་ཅིག་མ་གཅིག་ལ་མཁྱེན་པ་སྟེ་མཁྱེན་བརྩེ་ནུས་པའི་ཡོན་ཏན་ཕུལ་བྱུང་དེ་དག་གིས་སེམས་ཅན་ཐམས་ཅད་འཁོར་བ་ལས་སྒྲོལ་བའི་ཕྲིན་ལས་ཁྱད་པར་ཅན་གྱི་ལྷ་མོ་དེ་ལ་ཕྱག་འཚལ་ལོ། །ཕྱག་གི་ངོ་བོ་ནི་སྒོ་གསུམ་འདུད་པ་སྟེ་ང་རྒྱལ་སྤངས་པ་མཚོན་པའི་ཆེད་ཡིན་ཞིང་། ཕྱག་འོག་མ་རྣམས་ཀྱང་འདིས་ཤེས་པར་བྱའོ། །གཉིས་པ་ནི། །ཕྱག་འཚལ་སྟོན་ཀའི་ཟླ་བ་ཀུན་ཏུ། །གང་བ་བརྒྱ་ནི་བརྩེགས་པའི་ཞལ་མ། །སྐར་མ་སྟོང་ཕྲག་ཚོགས་པ་རྣམས་ཀྱིས། །རབ་ཏུ་ཕྱེ་བའི་འོད་རབ་འབར་མ། །ཞེས་པ་སྟེ། སྟོན་དུས་ཀྱི་ཟླ་བ་ཉ་གང་བ་བརྒྱ་ཕྲག་བརྩེགས་པ་ལྟ་བུའི་ཞལ་རས་རབ་ཏུ་མཛེས་ཤིང་དྭངས་པ་དང་། སྐར་མ་སྟོང་ཕྲག་ཚོགས་པ་བཞིན་དུ་སྐུ་ལས་འོད་ཟེར་རབ་ཏུ་འབར་བའོ། །གསུམ་པ་ནི། །ཕྱག་འཚལ་གསེར་སྔོན་ཆུ་ནས་སྐྱེས་ཀྱི། །པདྨས་ཕྱག་ནི་རྣམ་པར་བརྒྱན་མ། །སྦྱིན་པ་བརྩོན་འགྲུས་དཀའ་ཐུབ་ཞི་བ། །བཟོད་པ་བསམ་གཏན་སྤྱོད་ཡུལ་ཉིད་མ། །ཞེས་པ་སྟེ། གསེར་སྔོན་པོའི་ཆུ་སྐྱེས་པདྨ་ཕྱག་ན་བསྣམས་པའི་ལྷ་མོས་འདོད་པའི་དོན་གཏོང་བའི་སྦྱིན་པ་དང་། དགེ་བ་ལ་སྤྲོ་བའི་བརྩོན་འགྲུས་དང་། དཀའ་ཐུབ་སྟེ་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དང་། ཞི་བ་སྟེ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དང་། འགལ་རྐྱེན་གྱིས་མི་འཁྲུགས་པའི་བཟོད་པ་དང་། དགེ་བའི་དམིགས་པར་སེམས་རྩེ་གཅིག་ཏུ་གནས་པའི་བསམ་གཏན་ཏེ་ཕྱིན་དྲུག་མཐའ་དག་ཁོང་དུ་ཆུད་པའོ། །བཞི་པ་ནི། ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོར། །མཐའ་ཡས་རྣམ་པར་རྒྱལ་བར་སྤྱོད་མ། །མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི། །རྒྱལ་བའི་སྲས་ཀྱིས་ཤིན་ཏུ་བསྟེན་མ། །ཞེས་པ་སྟེ། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་གཙུག་ཏོར་ལས། ཕན་ཡོན་མཐའ་ཡས་ཤིང་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་རིག་སྔགས་སྤྲུལ་པ་ལ་ལོངས་སྤྱོད་པའི་ལྷ་མོར་སྦྱིན་ཚུལ་བཟོད་བརྩོན་བསམ་ཤེས་ཐོག་ཐབས་སྨོན་ལམ་སྟོབས་ཡེ་ཤེས་བསྣན་པའི་ཕར་ཕྱིན་བཅུ་པོ་མ་ལུས་པ་ཐོབ་པའི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ས་བཅུ་པ་ལ་གནས་པ་རྣམས་ཀྱིས་ཀྱང་ཤིན་ཏུ་གུས་པས་བསྟེན་པའོ། །ལྔ་པ་ནི། ཕྱག་འཚལ་ཏུཏྟཱ་ར་ཧཱུྃ་ཡི་གེས། །འདོད་དང་ཕྱོགས་དང་ནམ་མཁའ་གང་མ། །འཇིག་རྟེན་བདུན་པོ་ཞབས་ཀྱིས་མནན་ཏེ། །ལུས་པ་མེད་པ་འགུགས་པར་ནུས་མ། །ཞེས་པ་སྟེ། ཏུཏྟཱ་ར་དང་ཧཱུྃ་ཡིག་གི་སྔགས་སྒྲས། འཇིག་རྟེན་འདིའི་འདོད་ཁམས་ཀྱི་གནས་ཐམས་ཅད་དང་། ནམ་མཁར་གནས་པའི་གཟུགས་གཟུགས་མེད་ཀྱི་ཁམས་ཐམས་ཅད་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གཞན་དག་ཐམས་ཅད་ཀྱང་ཁྱབ་ཅིང་གང་བ་དང་། ཀླུ་དང་། ཡི་དྭགས་དང་། ལྷ་དང་། ལྷ་མ་ཡིན་དང་། མི་དང་། རིག་འཛིན་དང་། མིའམ་ཅི་སྟེ་མཐུ་དང་ལྡན་པའི་འཇིག་རྟེན་བདུན་པོ་ཞབས་འོག་ཏུ་མནན་པ་ལྟར་དབང་དུ་མཛད་པ་དང་། དབང་ཕྱུག་ཆེན་པོ་ལ་སོགས་པའི་ལྷ་ཆེན་པོ་རྣམས་ཀྱང་བྲན་དུ་འགུགས་པར་ནུས་ན་ཕྲ་མོ་གཞན་དག་སྨོས་དགོས་པ་མ་ཡིན་ནོ། །དྲུག་པ་ནི། ཕྱག་འཚལ་བརྒྱ་བྱིན་མེ་ལྷ་ཚངས་པ། རླུང་ལྷ་སྣ་ཚོགས་དབང་ཕྱུག་མཆོད་མ། །འབྱུང་པོ་རོ་ལང་དྲི་ཟ་རྣམས་དང་། །གནོད་སྦྱིན་ཚོགས་ཀྱིས་མདུན་ནས་བསྟོད་མ། །ཞེས་པ་སྟེ། ལྷའི་དབང་པོ་བརྒྱ་བྱིན་དང་། དྲང་སྲོང་གི་གཙོ་བོ་མེ་ལྷ་དང་། འཇིག་རྟེན་བྱེད་པོ་ཚངས་པ་དང་། འཇིག་རྟེན་བཟོ་གནས་དང་བཀོད་པའི་ཁྱད་པར་བྱེད་པོ་རླུང་ལྷ་དང་། གཞན་ཡང་དྲག་པོ་དང་ཁྱབ་འཇུག་སོགས་འཇིག་རྟེན་ན་དབང་ཕྱུག་ཏུ་གྲགས་པ་རྣམས་ནི་སྣ་ཚོགས་དབང་ཕྱུག་སྟེ། དེ་ལྟ་བུའི་ཆེས་ཆེ་བ་རྣམས་ཀྱིས་ཀྱང་མཆོད་པའི་གནས་སུ་གྱུར་ཅིང་། ཚོགས་བདག་སོགས་འབྱུང་པོ་དང་། རོ་ལངས་ཀྱི་ལས་བྱེད་པའི་འཇིགས་བྱེད་དང་། སྣ་ཚོགས་ཤིང་རྟ་སོགས་དྲི་ཟ་དང་། རྣམ་ཐོས་བུ་སོགས་གནོད་སྦྱིན་དང་། མདངས་འཕྲོགས་པའི་ལྷ་མ་སྲིན་རྣམས་ཏེ། འདུལ་བར་དཀའ་བའི་ཚོགས་དེ་རྣམས་ཀྱིས་ཀྱང་མདུན་ནས་བསྟོད་པར་བྱེད་པ་སྟེ་འགྲོ་བ་ཐམས་ཅད་ཀྱི་བླ་མར་གྱུར་པའོ། །བདུན་པ་ནི། ཕྱལ་འཚལ་ཏྲཊ་ཅེས་བྱ་དང་ཕཊ་ཀྱིས། །ཕ་རོལ་འཁྲུལ་འཁོར་རབ་ཏུ་འཇོམས་མ། །གཡས་བསྐུམ་གཡོན་བརྐྱང་ཞབས་ཀྱིས་མནན་ཏེ། །མེ་འབར་འཁྲུགས་པ་ཤིན་ཏུ་འབར་མ། །ཞེས་པ་སྟེ། མེ་འབར་ཤིན་ཏུ་འབར་བའི་ཁྲོ་མོ་ཁྲོས་ཤིང་འཁྲུགས་པའི་སྐུར་བསྟན་ཏེ། ཏྲཊ་དང་ཕཊ་ཀྱི་སྔགས་སྒྲས་ཕ་རོལ་བྱད་མ་རྣམས་ཀྱི་འཁྲུལ་འཁོར་དང་སྔགས་ཀྱི་སྟོབས་འཇོམས་པ་དང་། ཞབས་གཡས་བསྐུམ་གཡོན་བརྐྱང་སྟབས་ཀྱིས་གདུག་པ་ཅན་རྣམས་མནན་པའི་ཚུལ་གྱིས་རིམས་ནད་ལ་སོགས་པ་ཞི་བར་མཛད་དོ། །བརྒྱད་པ་ནི། ཕྱག་འཚལ་ཏུ་རེས་འཇིགས་པ་ཆེན་མོ། །བདུད་ཀྱི་དཔའ་བོ་རྣམ་པར་འཇོམས་མ། །ཆུ་སྐྱེས་ཞལ་ནི་ཁྲོ་གཉེར་ལྡན་མཛད། །དགྲ་བོ་ཐམས་ཅད་མ་ལུས་གསོད་མ། །ཞེས་པ་སྟེ། ཏུ་རེའི་སྔགས་ཀྱིས་བསྐུལ་བས་ཞལ་རས་ཁྲོ་གཉེར་ལྡན་པའི་འཇིགས་པ་ཆེན་མོའི་སྐུར་བསྟན་ནས་བདུད་ཀྱི་དཔའ་བོ་དམག་དཔོན་རྣམས་འཇོམས་པ་དང་། བསྟན་ལ་སྡང་བ་དང་། སེམས་ཅན་ལ་འཚེ་བ་དང་། སྒྲུབ་པ་པོ་ལ་བར་དུ་གཅོད་པའི་དགྲ་བོ་མ་ལུས་པ་རྣམས་ཀྱི་གནོད་པའི་བསམ་སྦྱོར་མཚམས་བཅད་དེ་ཞི་བ་ཐར་པའི་ལམ་དུ་འཁྲིད་པར་མཛད་པའོ། །དགུ་པ་ནི། །ཕྱག་འཚལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱའི། །སོར་མོས་ཐུགས་ཀར་རྣམ་པར་བརྒྱན་མ། །མ་ལུས་ཕྱོགས་ཀྱི་འཁོར་ལོ་བརྒྱན་པའི། རང་གི་འོད་ཀྱི་ཚོགས་རྣམས་འཁྲུགས་མ། །ཞེས་པ་སྟེ། དཀོན་མཆོག་གསུམ་མཚོན་པར་བྱེད་པའི་ཕྱག་རྒྱ། སྙིམ་པ་ཁ་སྦྱར་གྱི་གོང་མོ་སྦྱར་ཞིང་མཛུབ་མོས་བརྟེན་ནས་མཐེ་བོང་གཤིབས་ཏེ་རྩ་བར་བཀོད་པ་ཐུགས་ཀར་གཏོད་པས་རྣམ་པར་བརྒྱན་པ་དང་། རང་གི་སྐུ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་རབ་ཏུ་འཁྲུགས་ཤིང་འཕྲོས་པས་ཕྱོགས་བཅུའི་ཞིང་ཁམས་མ་ལུས་པ་ཁྱབ་ཅིང་བརྒྱན་པར་མཛད་པའོ། །བཅུ་པ་ནི། ཕྱག་འཚལ་རབ་ཏུ་དགའ་བ་བརྗིད་པའི། །དབུ་རྒྱན་འོད་ཀྱི་ཕྲེང་བ་སྤེལ་མ། །བཞད་པ་རབ་བཞད་ཏུཏྟཱ་ར་ཡིས། །བདུད་དང་འཇིག་རྟེན་དབང་དུ་མཛད་མ། །ཞེས་པ་སྟེ། བརྗིད་ཅིང་མཛེས་པའི་དབུ་རྒྱན་གྱི་འོད་ཀྱི་ཕྲེང་བ་སྤེལ་ཞིང་འཕྲོ་བས་འགྲོ་བ་རྣམས་རབ་ཏུ་དགའ་བ་བསྐྱེད་པ་དང་། བཞད་པ་དང་། རབ་ཏུ་ཆེར་བཞད་པ་དང་། ཏུཏྟཱ་རའི་སྔགས་སྒྲས་བདུད་དང་འཇིག་རྟེན་ཐམས་ཅད་དབང་དུ་མཛད་ནས་ཐར་པ་དང་ཐམས་ཅད་མཁྱེན་པར་འགོད་པར་མཛད་དོ། །བཅུ་གཅིག་པ་ནི། ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས། །ཐམས་ཅད་འགུགས་པར་ནུས་པ་ཉིད་མ། །ཁྲོ་གཉེར་གཡོ་བའི་ཡི་གེ་ཧཱུྃ་གིས། །ཕོངས་པ་ཐམས་ཅད་རྣམ་པར་སྒྲོལ་མ། །ཞེས་པ་སྟེ། ཁྲོ་གཉེར་གཡོ་བའི་ཧཱུྃ་སྒྲས་ས་གཞི་སྐྱོང་བ་རྒྱལ་པོའི་ཚོགས་ཐམས་ཅད་འགུགས་པར་ནུས་པ་དང་། སེམས་ཅན་དབུལ་བའི་སྡུག་བསྔལ་མཐའ་དག་ལས་བསྒྲལ་ནས་འདོད་པའི་ལོངས་སྤྱོད་སྟེར་བར་མཛད་པའོ། །བཅུ་གཉིས་པ་ནི། ཕྱག་འཚལ་ཟླ་བ་དུམ་བུས་དབུ་བརྒྱན། །བརྒྱན་པ་ཐམས་ཅད་ཤི་ཏུ་འབར་མ། །རལ་པའི་ཁྲོད་ན་འོད་དཔག་མེད་ལས། །རྟག་པར་ཤིན་ཏུ་འོད་ནི་མཛད་མ། །ཞེས་པ་སྟེ། ཟླ་བ་ཕྱེད་པའི་དབུ་རྒྱན་དང་། རྒྱན་གྱི་ཁྱད་པར་གཞན་དང་། རལ་པའི་ཁྲོད་ན་བཞུགས་པའི་འོད་དཔག་མེད་པའི་སྐུ་བཅས་ལས་རྟག་པར་འོད་ཟེར་ཤིན་ཏུ་རབ་ཏུ་འཕྲོ་བའོ། །བཅུ་གསུམ་པ་ནི། ཕྱག་འཚལ་བསྐལ་པ་ཐ་མའི་མེ་ལྟར། །འབར་བའི་ཕྲེང་བའི་དབུས་ན་གནས་མ། །གཡས་བརྐྱང་གཡོན་བསྐུམ་ཀུན་ནས་བསྐོར་དགས། །དགྲ་ཡི་དཔུང་ནི་རྣམ་པར་འཇོམས་མ། །ཞེས་པ་སྟེ། བསྐལ་པ་འཇིག་དུས་ཀྱི་མེ་ལྟར་འབར་བའི་དབུས་ན་བཞུགས་ཤིང་། ཞབས་གཡས་གཡོན་བརྐྱང་བསྐུམ་གྱིས་ཀུན་ནས་བསྐོར་བའི་དྲག་པོའི་སྟངས་སྟབས་དང་དགའ་བའི་ཉམས་ཀྱིས་མི་དང་མི་མ་ཡིན་པའི་དགྲ་བོའི་དཔུང་ཚོགས་ཐམས་ཅད་རྣམ་པར་འཇོམས་པའོ། །བཅུ་བཞི་པ་ནི། ཕྱག་འཚལ་ས་གཞིའི་ངོས་ལ་ཕྱག་གི། །མཐིལ་གྱིས་བསྣུན་ཅིང་ཞབས་ཀྱིས་བརྡུང་མ། །ཁྲོ་གཉེར་ཅན་མཛད་ཡི་གེ་ཧཱུྃ་གིས། །རིམ་པ་བདུན་པོ་རྣམས་ནི་འགེམས་མ། །ཞེས་པ་སྟེ། ཞལ་རས་ཁྲོ་གཉེར་ཅན་དུ་མཛད་ཅིང་འཇིགས་པའི་ཧཱུྃ་སྒྲ་བཅས་ཕྱག་ཞབས་ཀྱི་མཐིལ་རྣམས་ས་གཞིའི་ངོས་ལ་བསྣུན་པས་ས་ཆེན་པོ་འདི་ཉིད་ཀྱི་འོག་ཏུ་ཐོག་ཕུབས་རིམ་པ་བདུན་བཞིན་གནས་པའི་མི་མ་ཡིན་གྱི་སྣོད་བཅུད་དག་དུམ་བུར་འཐོར་བར་མཛད་པའོ། །