གཅོད་ཀྱི་བཀའ་ཚོམས་ཆེན་མོའི་ཊཱི་ཀ་ཟབ་དོན་སྣང་བ། 3

2014-04-28

~~གསུམ་པ་མ་བྱས་པ་གཞི་ལ་གཉིས་ཏེ། སངས་རྒྱས་ཀྱིས་མ་བྱས་པ། འཛིན་པས་མི་རྟོགས་པའོ། །དང་པོ་ནི། ཡང་དག་དོན་གྱི་ཡུམ་ཆེན་དེ། །འཁོར་འདས་ཀུན་གྱི་གཞི་ཡང་ཡིན། །དུས་གསུམ་སངས་རྒྱས་རྣམས་ཀྱིས་ཀྱང༌། །མ་མཛད་སྐྱེ་མེད་གཞི་རུ་གསུངས། །
ཞེས་པ་སྟེ། ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ནི། མདའ་བསྣུན་ཞབས་ཀྱིས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལས་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་བཞིན་འཁོར་འདས་ཀུན་གྱི་གཞི་ཡིན་ཅིང། བདག་མེད་མངོན་དུ་གྱུར་པས། མདོ་སྡུད་པ་ལས། གང་དག་འདས་དང་གང་དག་ཕྱོགས་བཅུའི་འཇིག་རྟེན་མགོན། །རིགས་སྔགས་འདི་བསླབ་སྨན་པའི་རྒྱལ་པོ་བླ་མེད་འགྱུར། །གང་དག་ཕན་དང་སྙིང་རྗེར་བཅས་པ་སྤྱད་སྤྱོད་པ། །རིགས་སྔགས་འདི་ལ་བསླབ་ནས་མཁས་པ་བྱང་ཆུབ་རེག །འདུས་བྱས་བདེ་དང་འདུས་མ་བྱས་བདེ་གང་ཡིན་པ། །བདེ་བ་དེ་ཀུན་འདི་ལས་བྱུང་བ་རིག་པར་བྱ། །ཞེས་པ་རྣམས་འཐོབ་པར་འགྱུར་ལ། ཡེ་ནས་སྟོང་ཞིང་བདག་མེད་པས་འགྱུར་བ་མེད་པར་གནས་སོ། །
གཉིས་པ་ནི། སངས་རྒྱས་འདུས་མ་བྱས་ཡིན་པས། །སྐྱེ་བ་མེད་པར་ཡིད་ཆེས་ན། །སྐྱེ་མེད་གཞི་ལ་བྱེད་མཁན་མེད། །མ་བྱས་གཞི་ཡི་གོལ་ས་ཆོད། །
ཅེས་པ་སྟེ། རྩ་ཤེས་ལས། མྱ་ངན་འདས་པ་འདུས་མ་བྱས། །ཞེས་པ་ལྟར། བདག་མེད་ཀྱི་དོན་ལ་སངས་རྒྱས་ཞེས་བཏགས་པའི་འདུས་མ་བྱས་ནི། སྐྱེ་འགག་གནས་གསུམ་གྱི་མཐའ་དང་བྲལ་བས་ན་གཞི་ཞེས་བརྗོད་པ་ཡིན་པས་གོལ་ས་ཐམས་ཅད་ཆོད་ཅིག་པའོ། །
བཞི་པ་མི་བྱེད་པ་ལམ་ལ་གཉིས་ཏེ། མུ་བཞི་བདེན་མེད་དུ་རྟོགས་པ། དོན་རྟོགས་པས་འཁོར་བ་ལས་གྲོལ་བའོ། །དང་པོ་ནི། མ་བྱས་འདུས་མ་བྱས་ཡིན་པས། །མི་བྱེད་ལམ་དུ་ངེས་པར་འགྲོ། །སྣང་སྟོང་ཡིད་ལ་མ་བྱས་པས། །རྟག་ཆད་མེད་པར་ལམ་དུ་སློང༌། །གཉིས་མེད་ཡིད་ལ་མ་བྱས་པས། །སྐྱེ་མཆེད་མུ་བཞིའི་བདུད་ལས་གྲོལ། །ཤེས་བྱའི་སྒྲིབ་པ་རང་སར་དག །
ཅེས་པ་སྟེ། བདེན་པ་མཐོང་བའི་སྐྱེས་བུ་རྣམས་ཀྱིས་མི་བྱེད་པ་ལམ་དུ་འགྲོ་བ་ཡིན་ཏེ། ཡང་ཚོམས་ཞུས་ལན་མ་ལས། ས་དང་ལམ་ལ་མ་བགྲངས་པར། །དམིགས་མེད་དོན་ལ་གང་འཇོག་པ། །བདུད་རྣམས་ཟིལ་གྱིས་ནོན་པར་འགྱུར། །མཚན་མ་ཡིད་ལ་མ་བྱས་ན། །ས་ལམ་རིམ་གྱིས་མ་སྦྱངས་ཀྱང༌། །ཡུམ་ཆེན་ཀློང་ན་གནས་པར་འགྱུར། །ཡུམ་ཆེན་དེ་ཡི་དོན་རྟོགས་ནས། །རྩོལ་བའི་ནད་རྣམས་ཞི་བར་འགྱུར། །རྩོལ་བ་བྲལ་བ་དེ་ཡིས་ནི། །དུས་གསུམ་སངས་རྒྱས་གདུང་ཟིན་ནས། །སྐྱེ་མེད་ས་ལ་གནས་པར་འགྱུར། །དམིགས་མེད་བསམ་མེད་བརྗོད་དང་བྲལ། །མ་བཅོས་སྐྱེ་མེད་འགག་མེད་ལ། །རང་བཞིན་གྱིས་ནི་འོད་གསལ་བ། །དུས་གསུམ་སངས་རྒྱས་འབྱུང་བའི་ཡུམ། །དེ་ཉིད་ཡིན་ནོ་གཞན་ན་མེད། །དེ་ཡི་ངང་ལ་གནས་པ་ནི། །ཡུམ་ཆེན་ཀློང་ན་གནས་པ་ཡིན། །མཚན་མའི་དགེ་བ་ཅི་བྱས་ཀྱང༌། །འཁོར་བར་ཡུན་རིང་གནས་པ་ཡིན། །སྐྱེ་འཆི་མེད་པའི་ས་མི་ཐོབ། །ཅེས་གསུངས། སྣང་བ་མཐའ་དག་བདེན་མེད་དུ་བཤིག་པས་སྟོང་འཛིན་གྱི་བློ་རང་སར་དག་པ་ནི། རྟག་ཆད་བདེན་མེད་དུ་གྲོལ་བས། སྟོང་པ་དང་སྙིང་རྗེ་ཟུང་འཇུག་གི་ལམ་དུ་འགྱུར། སྣང་བ་དང་སྣང་མེད་ཡིད་ལ་མ་བྱས་པས། ཁམས་གོང་མ་ལ་སོགས་པའི་ཏིང་ངེ་འཛིན་གྱི་སྒྲིབ་པ་རང་སར་དག་ནས་སྒོམ་ལམ་དུ་ཤེས་བྱའི་སྒྲིབ་པ་དག་པར་འགྱུར་རོ། །
གཉིས་པ་ནི། གཟུགས་དང་ཚོར་བ་འདུ་ཤེས་སོགས། །ངེས་པར་ཡིད་ལ་མ་བྱས་ན། །ཁམས་གསུམ་གནས་ལས་གྲོལ་བར་འགྱུར། །འཁོར་བར་འདྲེ་བར་མི་འགྱུར་རོ། །གང་ཡང་ཡིད་ལ་མ་བྱས་ན། །བག་ཆགས་མི་འབྱུང་ས་ལམ་རྫོགས། །ཡིད་ལ་མ་བྱས་ལམ་མཆོག་ཏུ། །རྒྱལ་བའི་བཀའ་ལས་གསུངས་པར་ངེས། །ཡིད་ལ་མ་བྱས་རྟོགས་གྱུར་ན། །ཡིད་ཀྱི་འགྱུ་བ་དགག་མི་དགོས། །སྨིག་རྒྱུ་བཞིན་དུ་རང་སར་གྲོལ། །གང་ལྟར་བྱས་ཀྱང་ལམ་དུ་འགྲོ། །མི་བྱེད་པ་ནི་ལམ་ཡིན་ནོ། །
ཞེས་པ་སྟེ། ཡུམ་ལས། ཆོས་ཐམས་ཅད་ཡིད་ལ་མི་བྱེད་པ་ཉིད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་མི་བྱེད་པ་ཉིད་དོ། །ཞེས་པ་ལྟར། གང་ཡང་ཡིད་ལ་མི་བྱེད་པའི་ཤེས་རབ་ཉམས་སུ་བླངས་པས། གཟུགས་སོགས་ཕུང་པོ་དང༌། ཁམས་དང་སྐྱེ་མཆེད་ལ་སོགས་པ། བདེན་མེད་དུ་ཤེས་ནས་ཁམས་གསུམ་ལས་གྲོལ་ཞིང༌། སྒྲིབ་གཉིས་རང་སར་དག་ནས་ས་ལམ་རྫོགས་པར་འགྱུར་བས། ཡིད་ལ་མི་བྱེད་པ་ནི་ལམ་གྱི་མཆོག་ཡིན་ལ། ཡིད་ཀྱི་འགྱུ་བྱེད་བདེན་མེད་དུ་གྲོལ་ན་དགག་མི་དགོས་ཏེ་རྩོལ་བ་དང་བྲལ་བའི་ཕྱིར་རོ། །
ལྔ་པ་མ་གྲུབ་པ་འབྲས་བུ་ལ་བཞི་སྟེ། བློ་ཆུང་བ་ལ་དྲང་ཐབས་སུ་བསྟན་པ། གྲུབ་རྒྱུ་དོན་མེད། བློ་མ་གྲོལ་ན་དོན་མེད་པ། འཛིན་མེད་རྟོགས་ན་སྐུ་གསུམ་དུ་བསྟན་པའོ། །དང་པོ་ནི། མ་གྲུབ་འབྲས་བུར་གསུངས་པ་ནི། །སྐུ་གསུམ་འབྲས་བུར་གསུངས་པ་ཡང༌། དྲང་བའི་དོན་དུ་གསུངས་པ་ལས། །མཚན་དང་དཔེ་བྱད་ལ་སོགས་པ། །ངེས་པར་གྲུབ་པ་རྡུལ་ཙམ་མེད། །
ཅེས་པ་སྟེ། ཡོད་མེད་དང༌། སྐྱེ་འགག །འགྲོ་འོང༌། རྟག་ཆད་ལ་སོགས་པ་གང་དུ་ཡང་མ་གྲུབ་པའི་བདེན་མེད་ངོ་བོ་ཉིད་ཀྱི་སྐུ་ལ་འབྲས་བུར་གསུངས་པ་དང༌། གཞན་ཡང་སྐུ་གསུམ་དུ་བསྟན་པ་སོགས་ནི། རང་ངོར་ནི། ཆོས་ཀྱི་དབྱིངས་ལ་ཤེས་བྱའི་སྒྲིབ་པ་དག་པས་ཆོས་སྐུ་དང་། ཉོན་མོངས་པའི་སྒྲིབ་པ་དག་པས་ལོངས་སྐུ་དང་། ལས་ཀྱི་སྒྲིབ་པ་དག་པས་སྤྲུལ་སྐུར་སྣང་བ་ཙམ་ཡིན་ཞིང་། གཞན་ངོར་ནི། ཆོས་ཀྱི་སྐུའི་བྱིན་རླབས་དང་། གདུལ་བྱའི་སྣང་བ་དང་། སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་གདུལ་བྱ་ལ་སྣང་བར་ཟད་ཀྱི། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུ་ལ་སོགས་པ་ཡང༌། དོན་གནས་ལུགས་ཀྱི་སྟེང་དུ་ངེས་པར་སྣང་བདེན་དུ་གྲུབ་པ་རྡུལ་ཙམ་ཡང་མེད་དེ། རྒྱུད་བླ་མ་ལས། ཅི་ལྟར་ཚོན་ནི་སྣ་ཚོགས་ཀྱིས། །ནོར་བུ་དེ་དངོས་མིན་ལྟར་སྣང༌། །དེ་བཞིན་འགྲོ་རྐྱེན་སྣ་ཚོགས་པས། །ཁྱབ་བདག་དེ་དངོས་མིན་པར་སྣང༌། །ཞེས་སོ། །
གཉིས་པ་ནི། གྲུབ་ན་གང་གྲུབ་མཐར་ལྟུང་འགྱུར། །འཁོར་བའི་ཕ་རོལ་འདས་པ་ཡིན། །ཤེས་རབ་ཕ་རོལ་ཕྱིན་པ་ནི། །བློ་ཡི་ཡུལ་དུ་གྲུབ་པ་མེད། བློར་ནི་གྲུབ་པ་འཁོར་བའི་ཆོས། །གྲུབ་མེད་འབྲས་བུ་མ་རྟོགས་ན། །གྲུབ་འདོད་རྩོལ་བ་ཅིར་བྱས་ཀྱང༌། །ཐར་པ་ཐོབ་པར་མི་འགྱུར་རོ། །
ཞེས་པ་སྟེ། དོན་དུ་གྲུབ་ན་ཡོད་མཐར་ལྷུང་བས་འཁོར་བའི་ཕ་རོལ་གྱི་མྱང་འདས་སུ་མི་འགྱུར་ཏེ། སྤྱོད་འཇུག་ལས། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་བརྗོད། །ཅེས་པ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བློ་ཡུལ་དུ་བྱར་མེད་ལ། བློ་སྣང་འཁོར་བའི་ཆོས་ནི་འཁྲུལ་པ་ཡིན་པས། གྲུབ་འདོད་ཀྱི་རྩོལ་བ་རྣམས་ཀྱིས་མྱ་ངན་ལས་འདས་པ་ཐོབ་པར་མི་འགྱུར་རོ། །
གསུམ་པ་ནི། ཆོས་ཀྱི་ཞེན་བློ་མ་ཞིག་པར། །ཞེན་པའི་བློ་ཡིས་ཆོས་སྤྱོད་པས། ཆོས་ཀྱང་འཆིང་པའི་གྲོགས་སུ་འགྱུར། །དེས་ན་གདམས་ངག་སྲོག་གིས་བསླུ། །སངས་རྒྱས་འདུས་བྱས་མ་ཡིན་པས། །འདུས་བྱས་རྩོལ་བས་ག་ལ་འགྲུབ། འདུས་བྱས་ཆོས་ལ་ཡིད་མ་ཆགས། །བྱས་པའི་ཆོས་ལ་རེ་མ་ཆེ། །
ཞེས་པ་སྟེ། ལེ་ལག་ལས། ཆོས་ལ་སངས་རྒྱས་རེ་ན་འཆིངས། །ཅི་སྟེ་ཡེ་སངས་རྒྱས་ཕྱིར་རོ། །དཔེར་ན་ཕྱིན་ཟིན་ལམ་མི་དགོས། །སེམས་ཉིད་གདོད་ནས་དག་པ་ལ། །སྟོང་དང་ཞི་གནས་བསྒོམ་མི་དགོས། །ཞི་ནི་ཡེ་ནས་རང་བཞིན་ཞི། །སྟོང་ནི་སྟོང་པས་སྟོང་མི་བསྒོམ། །སྣང་དང་སྟོང་དུ་འཛིན་པ་ཡི། །ཕུར་པ་བཏོན་པས་དབྱིངས་སུ་སླེབ། །མེ་ཡིས་མེ་སོད་མི་སྲིད་པས། །རྟོག་པ་གཉེན་པོས་མ་གཞོམ་པར། །བཞག་པས་གྲོལ་བར་ཐེ་ཚོམ་མེད། །དཔེར་ན་རྔ་མའི་མདུད་པ་བཞིན། །ཞེས་པ་ལྟར། འབྲས་བུ་ཁྱད་པར་ཅན་ཐོབ་པར་བྱེད་པ་ལ། ཞེན་བློ་དང་བྲལ་བ་ཞིག་དགོས་ཏེ། ཞེན་པའི་དབང་གིས་ཆོས་སྤྱོད་པ་ནི། འཆིང་བར་བྱེད་མཁན་ཉིད་ཡིན་ལ། སངས་རྒྱས་ནི་འདུས་མ་བྱས་པ་ཡིན་པས། རྩོལ་བཅས་ཀྱི་འཛིན་པ་རྣམས་བཤིག་དགོས་ཏེ། ལེ་ལག་ལས། འཛིན་པ་བདུད་ཡིན། རྩོལ་བ་ནད་ཡིན། དོགས་པ་འདྲེ་ཡིན། བཞག་པ་གཞི་ཡིན། ཅིར་སྣང་གྲོགས་ཡིན། སངས་རྒྱས་སེམས་ཅན་ཡིན། སེམས་ཉིད་ནམ་མཁའ་ཡིན། ཞེས་སོ། །
བཞི་པ་ནི། ལུས་ལ་འཛིན་མེད་རྒྱལ་བའི་སྐུ། ངག་ལ་འཛིན་མེད་རྒྱལ་བའི་གསུང། །ཡིད་ལ་འཛིན་མེད་རྒྱལ་བའི་ཐུགས། །འཛིན་མེད་འོད་གསལ་མ་གཏོགས་པ། །རྒྱལ་བའི་དགོངས་པ་གཞན་མ་ཚོལ། །
ཅེས་པ་སྟེ། སེམས་ཉིད་འོད་གསལ་གྱི་རང་ངོ་ཤེས་མ་ཤེས་ལས་གཞན་པའི་འཁོར་འདས་ཤིག་མེད་པས་ན། ལུས་ངག་ཡིད་ཀྱི་སྣང་བ་རྣམས་ཀྱང་སངས་རྒྱས་ཀྱི་སྐུ་གསུང་ཐུགས་སུ་ངེས་ཏེ། ལེ་ལག་ལས། སེམས་ཅན་སེམས་ལ་སངས་རྒྱས་ཐུགས། །མི་སྲིད་སྙམ་པ་ཡེ་སྲིད་དེ། །ད་ལྟ་ཉིད་དུ་གཏན་ལ་དབབ། །ནག་པོ་དང་ནི་སོལ་བ་གཉིས། །གཅིག་ཡིན་ཐ་དད་མ་ཡིན་ནོ། །དེ་ལྟར་རིག་པའི་རྣལ་འབྱོར་པ། །སངས་རྒྱས་སེམས་ཅན་དེ་དང་མཚུངས། །སྙེམས་མེད་ཆོས་སྐུ་རྒྱ་མཚོ་འདྲ། །སྙེམས་ནི་དེ་ཡི་རླབས་བཞིན་ནོ། །ཞེས་གསུངས། ལམ་རྣམས་ཀྱང་འཛིན་མེད་འོད་གསལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་མ་གཏོགས་པ། རྒྱལ་བའི་དགོངས་པ་གཞན་ནས་བཙལ་དུ་མེད་དེ། སྐུ་གསུམ་དབྱེར་མེད་དུ་རྟོགས་པའི་ཕྱིར། ཐུན་མིན་གྱི་ལེ་ལག་ལས། ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་ཤིང་མངོན་དུ་གྱུར་པ་ནི་ཆོས་ཀྱི་སྐུའོ། །དེའི་ངང་ནས་སྨོན་ལམ་གྱི་སྟོབས་ཀྱིས་འགྲོ་དོན་ཅི་ཡང་འབྱུང་བ་ནི་སྤྲུལ་པའི་སྐུའོ། །འགྲོ་དོན་ཕྱོགས་བཞིན་དུ་རྟོག་པ་མེད་པ། རྟོག་པ་མེད་བཞིན་དུ་འགྲོ་དོན་འབྱུང༌། དེ་གཉིས་སུ་མེད་པར་ལོངས་སྤྱོད་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །སྐུ་གསུམ་པོ་དེ་དབྱེར་མེད། ངོ་བོ་བསམ་བརྗོད་ལས་འདས་པ་གཅིག་ཏུ་རྟོགས་པ་ནི་ངོ་བོ་ཉིད་ཆོས་ཀྱི་སྐུའོ། །ཞེས་སོ། །
གསུམ་པ་མཇུག་གི་དོན་ལ་གསུམ་སྟེ། མཚན་དོན་གྱི་སྒོ་ནས་བསྟན་པ། ནན་ཏན་དུ་ཉམས་སུ་བླང་ཐབས་བསྟན་པ། གཞུང་གི་མཛད་བྱང་སྨོས་པའོ། །དང་པོ་ནི། ཨེ་མ་ཧོ། གཅོད་ནི་རྣམ་པར་རྟོག་པ་གཅོད། །བཀའ་ནི་རང་བཞིན་འགྱུར་བ་མེད། །ཚོམས་ནི་བཤད་པའི་ཚོམས་སུ་བསྟན། །
ཞེས་པ་སྟེ། གཞུང་ཆུང་ལས། སེམས་ཉིད་རྩ་བ་གཅོད་པ་དང༌། །ཉོན་མོངས་དུག་ལྔ་གཅོད་པ་དང༌། །ལྟ་མཐའ་བསྒོམ་པའི་འདུ་བྱེད་དང༌། །སྤྱོད་པ་ཉམ་ང་རེ་དོགས་དང༌། །སྙེམས་བྱེད་ཐམས་ཅད་གཅོད་པའི་ཕྱིར། །ངེས་པའི་ཚིག་ཏུ་གཅོད་ཅེས་བྱ། །ཞེས་པ་ལྟར། རྣམ་རྟོག་གཅོད་ཅིང་འགྱུར་བ་མེད་པ་བཤད་པའི་ཚོམས་སུ་བསྟན་པའོ། །
གཉིས་པ་ལ་བཞི་སྟེ། བློ་དང་བྲལ་བ། གདམས་པ་ཁྱད་པར་ཅན། ཁལ་དུ་ཁེལ་ན་ལྟ་བ་ཡིན་པ། རི་ཁྲོད་འགྲིམ་པ་གལ་ཆེ་བའོ། །དང་པོ་ནི། ནན་ཏན་ཉམས་མྱོང་བསྟན་པ་ནི། །དམིགས་པའི་ཡུལ་ལས་འདས་པ་སྟེ། །ཉམས་སུ་མྱོང་བའི་བློ་དང་བྲལ། །
ཞེས་པ་སྟེ། དུས་དང་རྣམ་པ་ཐམས་ཅད་དུ་དམིགས་པའི་ཡུལ་མཐའ་དག་དང་བྲལ་བའི་ངང་དུ་མཉམ་པར་འཇོག་པ་སྟེ། ཡང་ཚོམས་ཞུས་ལན་མ་ལས། ལམ་ལ་བགྲོད་རྒྱུ་མ་མཆིས་པས། །གཞི་ལ་ཞོག་ཅིག་རིགས་ཀྱི་བུ། །འབྲས་བུ་ཐོབ་རྒྱུ་མ་མཆིས་པས། །རེ་བ་མ་བྱེད་རིགས་ཀྱི་བུ། །འཁོར་བར་ལྟུང་རྒྱུ་མ་མཆིས་པས། །དོགས་པར་མ་བྱེད་རིགས་ཀྱི་བུ། །སྤྱོད་པ་སྤྱད་རྒྱུ་མ་མཆིས་པས། །དུས་གསུམ་རྒྱུན་དུ་ལྷུག་པར་ཞོག །ཅེས་སོ། །
གཉིས་པ་ནི། གཉན་ས་ལ་སོགས་གཅོད་པའི་དུས། །ཇི་ལྟར་མེ་ཡིས་ཚིགས་པ་ལ། །མེ་དེ་ཉིད་ཀྱིས་གདུང་བ་བཞིན། །སར་གཅོད་ལོག་གནོན་གདམས་པ་ནི། རྨ་བྱུང་མེ་ཡིས་བསྲེགས་བཏང་བཞིན། །
ཞེས་པ་སྟེ། ལས་དང་པོ་པ་རྣམས་གཉན་ས་ལ་སོགས་གཅོད་པའི་དུས་སུ་འཇིགས་པ་དང་བག་ཚ་བ་ལ་སོགས་པ་རྣམས། རབ་ཀྱིས་སྟོང་ཉིད། འབྲིང་གིས་ལུས་སེམས་དང་བྲལ་བ། ཐ་མས་གཟན་བསྐྱུར་ལ་སོགས་པས་འཛིན་མེད་དུ་སྤྱད་པས་སླར་ཕར་ལ་གཅོད་པར་འགྱུར་རོ། །
གསུམ་པ་ནི། རྐྱེན་སྣང་ཁལ་དུ་བཀལ་བ་ཡིན། ཁལ་འགེལ་གནད་ཡིན་གོ་བ་ལོངས། །ཆོས་ཀུན་ཁལ་དུ་མ་ཁེལ་ན། །ཞི་བདེའི་གཉེན་པོས་གྲོལ་མི་ནུས། །
ཞེས་པ་སྟེ། ཆོས་རྒྱུད་ཐོག་ཏུ་མ་ཁེལ་ན། ཞི་བདེ་ཙམ་གྱིས་གྲོལ་བར་མི་ནུས་པས། གདམས་པ་འདི་ནི་རྐྱེན་སྣང་ཁལ་དུ་འགེལ་བའི་གནད་ཡིན་པ་ཤེས་པར་བྱའོ། །
བཞི་པ་ནི། གཉན་ས་རི་ཁྲོད་འགྲིམས་ཤིག་ཨང༌། །དཔེ་ལ་མ་ཡེངས་དཔེ་ཚིག་གིས། །བྱིན་རླབས་མི་འབྱུང་ཚིག་དྲེད་ཁྱེར། །དེ་བས་གཉན་སར་ཉམས་སུ་ལོངས། །
ཞེས་པ་སྟེ། གདམས་ངག་ཐོབ་པའི་སྐྱེས་བུ་རྣམས། འདོད་ཡོན་གྱི་རོ་ལ་མ་ཆགས་པར། གཉན་ས་དང་རི་ཁྲོད་ལ་སོགས་འགྲིམ་པ་ན། ཐུན་མིན་ལེའུ་ལག་ལས། ལར་དབེན་པ་བསྟེན་ནམ། ཚོགས་པ་སྐྱོང་ངམ། གྲོང་ཡུལ་དུ་སྡོད་དམ། མི་གསེབ་ཏུ་འགྲོ་བ་ལ་སོགས་པ་གང་ལ་ཡང་ཚུལ་འཆོས་དང་ཁེ་རྔམ་ལ་སོགས་བདུད་འཇུག་པའི་རྒྱུ་ཡིན་པས་མི་བྱའོ། །སྟོང་ཉིད་སྙིང་རྗེ་བླ་མའི་མོས་གུས་གསུམ་ནམ་དུའང་མི་འབྲལ་བར་བྱ། གྲོང་ཡུལ་ལ་སོགས་པར་ཡུན་རིང་ན་ཉམས་ཡལ་འགྲོ་བས། གྲོང་ཡུལ་དུ་ཡུན་རིང་བར་མི་བསྡད། །རོ་སྙོམས་ལྡོམ་བུ་ཡང་ཡུན་རིང་དུ་མི་བྱ། ལྟོ་ཕྱིར་འཆོར། ཚོགས་པའང་ཡུན་རིང་དུ་མི་བསྐྱང༌། ཚིག་དང་ལོང་གཏམ་དང་ཡེངས་མ་ལམ་ལ་ཡན་ནས་འགྲོ་བས་རྟག་ཏུ་དབེན་པ་རི་ཁྲོད་དུ་ཉམས་བསྐྱང་ངོ༌། །རི་ཁྲོད་དུ་སྡོད་པའི་དུས་སུའང༌། རི་དྭགས་ཀྱི་ཐེད་ལ་སོགས་པ་ལའང་གདུང་སེམས་དང་རྔམས་སེམས་མི་བྱ། དེ་ཀུན་མི་མ་ཡིན་གྱིས་བྱེད་པ་ཡིན་ཏེ། བྱམས་དང་སྙིང་རྗེ་ལ་ཚོད་ལེན་བྱེད་པ་ཡིན། ཡུལ་པའི་དད་ཟས་ལའང་གདུང་བའི་སེམས་མི་བསྐྱེད། བྱུང་ཡང་ཚོགས་འཁོར་དང་བླ་མའི་ཕྱོགས་སུ་མ་ལུས་པར་གཏོང༌། དབེན་པ་བརྟེན་འདོད་པས་ཀྱང༌། དང་པོར་གནས་དེར་ཕྱིན་པ་དང༌། དང་པོ་ནས་སྤྲོ་ཞིང་དགའ་བར་བྱུང་ནས་འདྲིས་ཤིང་དང་མི་སྤྲོ་བར་སོང་ན་བར་ཆད་འོང་བས་གཞན་དུ་འཕོ། དང་པོ་ནས་འཇིགས་ཤིང་ཉམ་ང་བར་བྱུང་ནས། བསྡད་ཅིང་དང་སྤྲོར་སོང་ན་དགེ་སྦྱོར་འཕེལ་བའི་གནས་ཡིན་ནོ། །དེ་ལྟ་བུའི་གནས་དབེན་པར་མི་མ་ཡིན་གྱིས་ཉམས་ཚད་བྱུང་ནའང་བྱམས་པ་དང་སྙིང་རྗེ་བསྒོམས་པས་ཞི་ནས་འགྲོ་བ་ཡིན། དེས་མ་ཞི་ན་ཕུང་པོ་གཟན་དུ་བསྐྱུར་བས་ཞི་བ་ཡིན། འཇམ་པོར་གཅོད་པ་ལས་དྲག་རྩུབ་བྱ་བ་མ་ཡིན་ནོ། །སྙིང་རྗེ་དང་བྱམས་པ་བྱང་ཆུབ་ཀྱི་སེམས་ཀྱིས་བདག་གཞན་ཐམས་ཅད་ཐར་པའི་ལམ་ལ་འགོད་པར་བྱའོ། །ཞེས་པ་ལྟར་དུ་སྤྱད། གདམས་པ་རྣམས་དཔེ་དང་ཚིག་ཏུ་བཞག་ཅིང་དོན་མ་བསྒོམས་ན། བྱིན་རླབས་མི་འཇུག་ཅིང་ཚིག་དྲེད་ཅན་དུ་འགྱུར་བས་སྟོང་པ་དང་སྙིང་རྗེ་ཟུང་འཇུག་ཏུ་ཉམས་སུ་ལེན་པ་གཅེས། ཡང་ཚོམས་ཞུས་ལན་མ་ལས། སངས་རྒྱས་ཀུན་གྱིས་གསུངས་བཞིན་དུ། །དོན་ཉམས་སུ་བླངས་ན་བྱིན་རླབས་འབྱུང༌། །ཚིག་ལ་སྒྲོ་འདོགས་མ་སེམས་པར། །དོན་ཉམས་སུ་ལོངས་ཤིག་རིགས་ཀྱི་བུ། །དུས་གསུམ་སངས་རྒྱས་སྐུ་གཟུགས་ལ། །མོས་པ་བྱས་ནས་དོན་འབྱུང་ན། །དོན་ཉམས་སུ་བླངས་ན་ལྟ་ཅི་སྨོས། །གསུང་མདོ་སྡེ་ཙམ་ལ་རྟགས་འབྱུང་ན། །དོན་ཉམས་སུ་བླངས་ན་དེ་དང་མཚུངས། །ཉམས་སུ་ལོངས་ཤིག་རིགས་ཀྱི་བུ། །ཚིག་ལ་མཁས་པ་མཁས་པ་མིན། །དོན་ལ་མཁས་ན་མཁས་པ་ཡིན། །དོན་ལ་བསམ་ཞིང་རང་རིག་སྐྱེ། །དོན་ནི་སྟོང་ཉིད་སྐྱེ་མེད་དབྱིངས། །ཚིག་གིས་རང་ཉིད་མཚོན་པའི་ཐབས། །དོན་ལ་ཞོག་ཅིག་རིགས་ཀྱི་བུ། །ཉམས་སུ་ལོངས་ཤིག་རིགས་ཀྱི་བུ། །ཅེས་སོ། །
གསུམ་པ་གཞུང་གི་མཛད་བྱང་སྨོས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གཅོད་ཀྱི་བཀའ་ཚོམས་ཆེན་མོ་ཞེས་བྱ་བ་མ་གཅིག་ཡེ་ཤེས་ཀྱི་མཁའ་འགྲོ་ལབ་ཀྱི་སྒྲོལ་མས་མཛད་པ་རྫོགས་སོ། །
ཞེས་པ་གོང་དུ་བཤད་ཟིན་ཅིང། གཞུང་ཚིག་དག་ནི་ཀརྨ་པ་རང་བྱུང་རྡོ་རྗེའི་འགྲེལ་བ་ཇི་བཞིན་བཀོད་པ་ཡིན་ནོ། །
སྨྲས་པ། དོན་བརྒྱུད་བླ་མའི་བྱིན་རློབས་ལ་བརྟེན་ནས། །སྐལ་མཆོག་ཁོ་ནས་རྟོགས་པ་ཟབ་མོའི་ཆོས། །སངས་རྒྱས་ལག་བཅངས་བྱེད་པའི་མན་ངག་འདི། །བློ་དམན་བདག་འདྲའི་སྤྱོད་ཡུལ་མ་ལགས་ཀྱང། །སྐྱེ་བ་གཞན་དུ་ངན་གོམས་ལྟ་བུ་ཡིས། །འབྲེལ་འཇོག་མ་བྱས་སྡོད་དུ་མ་ཚུགས་པས། །མ་གཅིག་ཉིད་དང་རང་བྱུང་རྒྱལ་བ་སོགས། །སྔོན་གྱི་ཡིག་ཆར་བརྟེན་ནས་འདི་བྱས་སོ། །ཚིག་དོན་འགལ་བའི་ནོར་འཁྲུལ་ཅི་མཆིས་པ། །མཁའ་འགྲོའི་སྤྱན་སྔར་སྙིང་ནས་མཐོལ་ལགས་ན། །དག་ཚངས་མཆོག་གི་དབུགས་དབྱུང་བསྩལ་ནས་ཀྱང། །རང་དང་གཞན་གྱི་སྒྲིབ་པར་མ་གྱུར་ཅིག །ལྷག་པའི་བསམ་པ་ལས་བྱུང་དགེ་བ་དག །མཁའ་མཉམ་མ་རྒན་སེམས་ཅན་དོན་དུ་བསྔོ། །ཀུན་ཀྱང་ཞེན་ཆགས་བདུད་དུ་མི་འགྱུར་བར། །རང་སེམས་ངོ་བོ་མཐོང་བའི་སངས་རྒྱས་ཤོག །
ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཉམས་སུ་ལེན་པའི་མན་ངག་མཐར་ཐུག་གཅོད་ཀྱི་བཀའ་ཚོམས་ཆེན་མོའི་ཊཱི་ཀ་ཟབ་དོན་སྣང་བ་ཞེས་བྱ་བ་འདི་ནི། རྒྱལ་ཁམས་པ་སྐྱོ་བྲག་དགའ་དབང་གིས་རང་གི་མོས་པ་ཙམ་ལ་བརྟེན་ནས། ཞི་བདེ་རྒྱ་མཚོའི་མཚོ་འཇིངས་ཀྱི་གླིང་ཕྲན། ཡུལ་ཐེ་ཝན་དུ་གྲགས་པར་བགྱིས་པ་ན། ཚངས་གསར་བླ་མ་ཀརྨ་དཔལ་འབྱོར་གྱིས་ཉེར་མཁོའི་འཚོ་བ་དང་ཡི་གེའི་འདུ་བྱེད་ཀྱི་རོགས་ཕན་གནང་བས་མགྱོགས་པར་གྲུབ་པ་དགེ་ལེགས་འཕེལ།།  །།
༈    པར་བྱང་སྨོན་ཚིག །
ཨོཾ་སྭ་སྟི། འདོད་འབྱུང་རིན་ཆེན་བྱེ་བས་མི་སྒྲུན་པའི། །བྲལ་སྨིན་ཡོན་ཏན་དཔག་ཏུ་མེད་སྣང་བས། །ཀུན་གསལ་ཁྱོན་མཉམ་སྲིད་འགྲོའི་ནོངས་པ་ཀུན། །རིང་དུ་བཅིལ་ནས་དོན་དམ་མཆོག་གི་དངོས། །ཡེ་ཤེས་ཆེ་རྣམས་ཕྲིན་ལས་འཇུག་པར་བཅས། །མངོན་པར་མཛད་ཚུལ་ཤེས་བྱའི་དཀྱིལ་འཁོར་ན། །མཚུངས་པ་མེད་པ་ཤཱཀྱའི་དབང་པོ་ཡི། །གསུང་རབ་ནོར་བུའི་རྣམ་པ་མང་པོ་ཅན། །ཤིན་ཏུ་རྒྱ་ཆེར་གྱུར་པའི་མཛོད་ཆེན་པོ། །མ་སྒྲིབ་ཀུན་ཏུ་སྣང་བྱེད་སྒྲོན་མེའི་མཆོག །སྲིད་པའི་རྩེར་ཡང་གྲགས་པའི་འོད་འཕྲོ་བའི། །ཐུབ་པའི་བསྟན་པ་མཆོག་དང་འགྲོ་བའི་ཁམས། །ཀུན་ལ་ཕན་བདེའི་བརྩས་སུ་སྣང་བ་ཅན། །ཚོགས་གཉིས་འབྱུང་གནས་པུཀྟ་ཀ་ཡི་ཕྲེང༌། །གསེར་ལྡན་ཁྱོན་ཡངས་འདི་ན་བསྐལ་པའི་བར། །རབ་གནས་དོན་གཉིས་གྲུབ་པ་མཆོག་འབྱུང་ཕྱིར། །མི་ཟད་ནམ་མཁའི་མཛོད་ལྟར་བཀོད་པ་ལས། །ལེགས་འོང་དགེ་བ་སྟོན་ཟླའི་འོད་ཟེར་དང༌། །ཁ་བའི་ལྷུན་པོ་ཀུན་ཟླའི་ཚལ་ཆེན་གྱི། །རྗེས་སོང་མཐུ་དཔལ་ཀུན་ཏུ་རྒྱས་པ་ཡིས། །འཛམ་གླིང་ཞི་བདེར་མཛད་པའི་གྲགས་འབར་བ། །སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཆེའི། །གསང་གསུམ་བཅོམ་ལྡན་ཚེ་མཐའ་ཡས་ཉིད་དང༌། །མི་ཕྱེད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག །འཇིག་རྟེན་འདྲེན་པ་རྒྱལ་དབང་ཀརྨ་པའི། །ཕྲིན་ལས་ནམ་མཁའི་ཁྱོན་ཡངས་དང་མཉམ་པས། །མ་ལུས་འགྲོ་བ་རྫོགས་སངས་རྒྱས་པ་ཡི། །གོ་འཕང་མཆོག་ཏུ་འགོད་ལ་འཚེ་བ་ཅན། །མ་རུང་བདུད་དགྲའི་དཔུང་ལས་རྣམ་རྒྱལ་བའི། །སྙན་པའི་སྒྲ་དབྱངས་ཞིང་ཀུན་ཁྱབ་གྱུར་ཏེ། །ལུང་དོན་འཆད་དང་ཡང་དག་རྟོགས་པ་ཡི། །བསྟན་པས་འཇིག་རྟེན་མ་ལུས་འགེང་གྱུར་ཅིག །དེ་སྐད་ཅེས་ཕན་བདེའི་འབྱུང་གནས་གསུང་རབ་ཀྱི་ཚོགས་མང་པོ་ཤེས་གསལ་དཔེ་སྐྲུན་ཁང་དང་དཔལ་གྱི་སྟོད་ལུང་མཚུར་ཕུ་ཆོས་སྒར་གོང་ནས་པར་སྐྲུན་གྱི་སྲི་ཞུ་མངོན་པར་སྒྲུབ་པའི་ཚེ་དེ་ཡི་དགེ་ལེགས་ཀྱི་འབྲས་བུ་དཔག་མེད་དུ་འབྱུང་བའི་སྨོན་ཚིག་ཏུ་རྒྱལ་ཚབ་གྲགས་པ་མི་འགྱུར་གོ་ཆས་ཆུ་འབྲུག་ས་ཟླའི་དཀར་ཕྱོགས་ཀྱི་དགའ་བ་དང་པོའི་ཉིན་ལྷག་པའི་བསམ་པའི་རོལ་མཚོ་ལས་ཕྱུངས་ནས་བྲིས་པ་ཛཱ་ཡནྟུ།། །།