གཅོད་ཀྱི་བཀའ་ཚོམས་ཆེན་མོའི་ཊཱི་ཀ་ཟབ་དོན་སྣང་བ། 2

2014-04-28

~~ཞེས་པ་སྟེ། རྣམ་རྟོག་གཞི་མེད་དུ་ཤེས་པས། ཉོན་མོངས་པ་ལྔ་རང་སར་གྲོལ་ཞིང༌། རིགས་དྲུག་གི་སྡུག་བསྔལ་རང་སར་དག་ནས། ཡེ་ཤེས་ལྔར་འགྱུར་བ་ཡིན། དེ་ཡང་རྒྱས་པར་ཕྱེ་ན། ཉོན་མོངས་པ་ཞེ་སྡང་གིས་རྒྱུ་བྱས་ནས་དམྱལ་བའི་སྡུག་བསྔལ་ཉམས་སུ་མྱོང་བ་གྲོལ་ནས་མེ་ལོང་ལྟ་བུའི་ཡེ་ཤེས་འཐོབ། དེ་བཞིན་དུ། འདོད་ཆགས་དང༌། ཡི་དྭགས། སོ་སོར་རྟོགས་པའི་ཡེ་ཤེས་དང༌། གཏི་མུག་དང༌། དུད་འགྲོ། ཆོས་དབྱིངས་ཀྱི་ཡེ་ཤེས་དང༌། ཕྲག་དོག་དང༌། མི། བྱ་བ་གྲུབ་པའི་ཡེ་ཤེས་དང༌། ང་རྒྱལ་དང༌། ལྷ་ལྷ་མིན། མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་སྦྱར་རོ། །
གསུམ་པ་ནི། དེས་ན་ཐམས་ཅད་སྙེམས་སུ་འདུས། །གངས་དཀར་སྟོད་ཀྱི་སེང་གེ་བཞིན། །ཉམ་ང་བག་ཚ་མ་བྱས་པར། །སྙེམས་མེད་གདེངས་དང་ལྡན་གྱུར་ན། །སྣང་སྲིད་ལྷ་འདྲེས་ལྡང་མི་ནུས། །བརྒྱ་ལ་ལངས་ཀྱང་གདམས་ངག་གསལ། །རང་གི་ཆོ་འཕྲུལ་ཡིན་ཤེས་ན། །ངེས་པར་རྩལ་སྦྱོང་ཆེན་པོར་འགྲོ། །དྲན་རྒྱུན་བཅད་ནས་མི་བསྒོམས་ཏེ། །རང་ཤར་རྟོགས་པས་ཆོག་པ་ཡིན། །ནད་རིམས་ལ་སོགས་དེ་བཞིན་མཚུངས། །རྩ་བྲལ་རྟོགས་ནས་ཆོད་པ་འདི། །གདམས་ངག་ཀུན་ལ་ཁྱད་པར་འཕགས། །
ཞེས་པ་སྟེ། རྣམ་རྟོག་ཐམས་ཅད་བདུད་ཡིན་པས། གངས་ཁྲོད་ན་གནས་པའི་སེང་གེ་བཞིན་དུ་ཞུམ་པ་དང་བག་ཚ་བ་མེད་པར་སྙེམས་བྱེད་བཤིག་ཅིང་བདེན་མེད་ཀྱི་ངང་དུ་མཉམ་པར་བཞག་པས་ཕྱི་ནང་གི་བར་ཆད་གང་ཡང་མི་འབྱུང་ལ། གལ་ཏེ་བྱུང་ཡང་ངེས་པར་རྩལ་སྦྱོངས་སུ་འགྱུར་ཏེ། རང་གི་ཆོ་འཕྲུལ་ཙམ་ཡིན་པའི་ཕྱིར། དྲན་རྟོག་བཅད་ནས་བསྒོམ་པའང་མ་ཡིན་ཏེ། གང་ཤར་བདེན་མེད་དུ་བཅད་པས་ཐེག་དམན་ལ་སོགས་པ་ཟིལ་གྱིས་མནན་པར་འགྱུར་ན། ནད་གདོན་ལ་སོགས་པ་སྨོས་ཀྱང་ཅི་དགོས། དེའི་ཕྱིར་རྩ་བྲལ་དུ་གཅོད་པ་འདི་ཁྱད་པར་དུ་འཕགས་ཏེ། ཟབ་དོན་ལས། ལམ་ཁྱེར་རྐྱེན་ལ་བྱས་པས་མི་མཐུན་འགལ་རྐྱེན་བྲལ། །ཕུང་པོ་གཟན་དུ་སྐྱུར་བས་བདག་འཛིན་བློ་དང་བྲལ། །ལུས་སེམས་སོ་སོར་ཕྲལ་བས་བདག་འཛིན་མཁན་པོ་སྟོར། །འཇིགས་མཁན་རྩ་བདར་བཅད་པས་ཉམ་ང་རང་སར་གྲོལ། །ལུས་ཀྱི་བདག་འཛིན་བོར་བས་བར་ཆད་དཔལ་དུ་ཤར། །རྐྱེན་ལ་རྐྱང་དེད་བྱས་པས་བར་ཆད་སྟོང་པར་ཞི། །གདོན་ལ་སྦར་འཛིན་བྱས་པས་འཇིགས་ཡུལ་མཁན་པོ་སྟོར། །ཐམས་ཅད་སེམས་སུ་ཤེས་པས་འཛིན་མེད་རང་སར་གྲོལ། །ཞེས་སོ། །
བཞི་པ་ནི། རྟོགས་ཀྱང་ཐད་ཀར་མ་བཅད་ན། །མཚོན་རྣོན་ཚ་ངར་བོ་བ་བཞིན། །ལྟ་བས་མི་སྐྱོབས་ཉམ་ངས་འཆིང༌། །ལྟ་སྤྱོད་འཛོམས་པའི་རྣལ་འབྱོར་ནི། །དཔའ་བོ་དག་ལ་མཚོན་བསྐུར་བས། །དགྲ་དཔུང་ཐམས་ཅད་འཇོམས་པ་བཞིན། །བདུད་རྣམས་སྙེམས་མེད་དབྱིངས་སུ་འཇོམས། །
ཞེས་པ་སྟེ། གང་ཟག་རྣམས་ཀྱིས་བདེན་མེད་དུ་རྟོགས་ཀྱང༌ལྟ་སྤྱོད་ཟུང་འཇུག་ཏུ་ཉམས་སུ་མ་བླངས་ན། དངོས་པོར་འཛིན་པ་དང་ཁྱད་པར་མེད་དེ། དཔེར་ན་མཚོན་ངར་མེད་པ་དང་འདྲ་ཞིང། ལྟ་སྤྱོད་ཟུང་འཇུག་ཏུ་ཉམས་སུ་བླངས་པས་བདུད་རྣམས་འཇོམས་པ་ནི། དཔེར་ན་སྐྱེས་བུ་དཔའ་བོ་སྒྱུ་རྩལ་ཤེས་པས་དགྲ་དཔུང་འཇོམས་པ་དང་འདྲ་སྟེ། ཟབ་དོན་ལས། སེམས་ཀྱི་དཔའ་བོ་ཉམས་རྟོགས་ལྡན་པ་སྟོབས་རྩལ་རྒྱས། །རྣོ་ངར་གདེང་པའི་ལྟ་སྤྱོད་གོ་མཚོན་བདུད་དཔུང་འཇོམས། །ཐབས་ཤེས་ལམ་ཁྱེར་ཟབ་མོས་ནད་དང་དུཿཁ་ཞི། །སྐྱོན་བྲལ་ཡོན་ཏན་ཡར་ངོའི་ཟླ་ལྟར་རབ་རྒྱས་འགྱུར། །ཞེས་སོ། །
ལྔ་པ་ནི། ཨེ་མ་ཧོ། རང་སྙེམས་ཆོད་པས་བདུད་རྣམས་ཞི། །རྩ་བྲལ་རྟོགས་པས་མངོན་སངས་རྒྱས། །དེ་ཡང་རང་ཐང་ལྷུག་པར་ཞོག །ཀུན་ཀྱང་དེ་བཞིན་བཞག་པར་བྱོས། །
ཞེས་པ་སྟེ། མ་བཅོས་ལྷུག་པར་བཞག་པས་འཛིན་པ་མཐའ་དག་དང་བྲལ་བ་ན་སངས་རྒྱས་སུ་འགྱུར་བ་ཡིན་ནོ། །
གསུམ་པ་དགའ་བྲོད་སྙེམས་བྱེད་དུ་འདུས་པ་ལ་གཉིས་ཏེ། ཆགས་པས་བདུད་དང། ཡོན་ཏན་རང་ཤར་ཡིན་པའོ། །དང་པོ་ནི། དགའ་བྲོད་བདུད་ཀྱང་སྙེམས་སུ་འདུས། །ཐུན་མོང་ཆོས་ལ་དགའ་བྲོད་དང༌། །འབྲས་བུ་མཆོག་ལ་དགའ་བྲོད་པ། །རང་གི་སྙེམས་ལས་བྱུང་བ་ཡིན། །ངེས་པར་ཆགས་ན་བདུད་དུ་འགྱུར། །
ཞེས་པ་སྟེ། ཉམས་སུ་ལེན་བྱ་གཉེན་པོའི་ཆོས་དང་། ལམ་ཉམས་སུ་བླངས་པའི་དྲོད་རྟགས་དང༌། འབྲས་བུ་དག་ལ་ཆགས་པ་དེ་ཀ་བདུད་ཡིན་ནོ། །
གཉིས་པ་ནི། ཆགས་པ་མེད་པའི་རང་ཤར་ནི། །སྙེམས་མེད་ཆོས་སྐུའི་རྒྱན་དུ་གསུངས། །སྐུ་གསུམ་འབྲས་བུ་རང་ཡིན་པས། །གཞན་དུ་བྲོད་པ་བསྐྱེད་མི་དགོས། །འཁོར་བ་རང་སར་གྲོལ་བ་ལས། །མྱང་འདས་ལོགས་ནས་བཙལ་དུ་མེད། །རྟོག་པ་རང་གཟུགས་ཤར་བ་ལས། །རྟོག་མེད་ཆེད་དུ་བསྒོམ་དུ་མེད། །
ཅེས་པ་སྟེ། གཟུང་འཛིན་ཀྱིས་དབེན་པའི་བདག་ཉིད་ལ་ཆོས་དང་དྲོད་རྟགས་དང་འབྲས་བུའི་རྩལ་རྣམས་འགག་མེད་དུ་འཆར་བ་ནི་རྒྱན་དུ་གསུངས་ཤིང། འཁོར་བ་རང་སར་གྲོལ་ནས་སྐུ་གསུམ་རང་ཆས་སུ་བཞུགས་པ་གསལ་བ་ཙམ་མྱང་འདས་ཡིན་ཕྱིར་གཞན་དུ་རེ་དོགས་བྱ་མི་དགོས། དྲན་རྟོག་བདེན་མེད་དུ་གྲོལ་བ་ལས་གཉེན་པོ་གཞན་གྱིས་བསྒོམ་དུ་ཅི་ཡང་མེད་དོ། །
གསུམ་པ་དོན་བསྡུ་བ་ནི། དེ་བས་ཐམས་ཅད་སྙེམས་ཡིན་པས། །སྙེམས་ཐག་གཅོད་པ་ང་ཡིས་སྨྲས། །དྭངས་མར་བཞག་པ་ཀུན་ནས་གསུངས། །དྭངས་མའི་སེམས་ལ་ངོས་བཟུང་མེད། །
ཅེས་པ་སྟེ། རྣམ་རྟོག་གིས་བཅས་བཅོས་མི་བྱ་བར་སེམས་ཉིད་དྭངས་མའི་ངོ་བོ་ངོས་བཟུང་དང་བྲལ་བ་དྲན་རྫིས་བསྐྱངས་པས་ཀུན་གྱི་རྩ་བ་སྙེམས་ཐག་ཆོད་དེ་བདུད་ལས་གྲོལ་བར་འགྱུར་ཏེ། མ་གཅིག་རྣམ་བཤད་ལས། ཡུལ་སྙེམས་བྱ་དང་ཡུལ་ཅན་སྙེམས་བྱེད་ཅེས་པའམ། ང་དང་ངར་འཛིན་པའི་ཕྱི་ནང་གི་ཆོས་ཐམས་ཅད་བདེན་པར་གྲུབ་པ་མེད་པར་རང་རིག་པའི་ཡེ་ཤེས་ཀྱིས་རིག་པར་བྱས་པས། བདེན་འཛིན་གྱི་རྩ་བ་ཡུལ་ནས་ཐོན་ཏེ། བཟང་ངན་གྱི་རྟོག་པ་ཐམས་ཅད་ལ་སེམས་མི་འཆོར་ཞིང༌། ཡིད་བྱེད་དང་ཡིད་སྨོན་བྱེད་པའི་བློའི་སྤྲོས་པ་ཐམས་ཅད་ཀྱི་མཐའ་དང་བྲལ་ནས། བློ་བཏགས་པ་ཅན་མ་ཡིན་པའི་བུན་ནེ་བ། ངར་འཛིན་ཞིག་པའི་བློ་འབོལ་ལེ་བ་ཤིག་གེ་བ། ཉོན་མོངས་པའི་རྐྱེན་གྱིས་གཡོ་མི་ནུས་པའི་སེང་ངེ་བ། ཕྱི་ནང་གཉིས་ཀྱི་འཛིན་པ་དང་བྲལ་བའི་ཤེས་པ་ས་ལེ་བ། གང་ལ་ཡང་ཆགས་པ་མེད་པའི་རིག་པ་ཧྲིག་གེ་བ་དེ་བདེན་འཛིན་གྱི་སྙེམས་པ་དང་བྲལ་ནས། བདེན་མེད་ནམ་མཁའ་ལྟ་བུའི་དོན་དང་མཇལ་བ་ལ་ནི། སྙེམས་བྱའི་བདུད་ཆོད་པ་ཟེར་བ་ཡིན་པས། སྙེམས་བྱའི་བདུད་ཆོད་ནས་ཉོན་མོངས་པ་ལས་བྱུང་བའི་བདུད་ཐམས་ཅད་ཆོད་པ་ཡིན་ནོ། །དེས་ན་བདག་ཡོད་ཙ་ན་བདུད་ཀྱང་ཡོད། བདག་མེད་ཙ་ན་བདུད་ཀྱང་མེད་པས། བདག་མེད་པ་ལ་གཅོད་བྱའི་ཡུལ་མེད་ཅིང༌། འཇིགས་པ་མེད་ཅིང་ཡ་ང་བ་མེད་པས། མཐའ་དང་བྲལ་བའི་རིག་པ་ཡེ་ཤེས་དེ་ནི། ཤེས་བྱ་ཐམས་ཅད་ལ་བློ་གྲོས་རྒྱས་ནས། བདུད་བཞི་ལས་གྲོལ་བ་དེ་ལ་འབྲས་བུ་བྱ་བ་ཡིན། ཞེས་སོ། །
སྤྱི་དོན་གཉིས་པ་དཔེས་བསྟན་པ་ལ་ལྔ་སྟེ། གཞན་དོན། ལྟ་བ། བསྒོམ་པ། སྤྱོད་པ། འབྲས་བུའོ། །དང་པོ་ལ་གཉིས་ཏེ། རྒྱུད་ལ་མ་ཁྲེམ་ན་འཆིང་བ་དང། རང་གིས་རྟོགས་ན་གཞན་ལ་ཕན་པའོ། །དང་པོ་ནི། དཔེ་ཡིས་གཏན་ལ་དབབ་པ་ནི། །གདམས་ངག་ཐོབ་པའི་རྣལ་འབྱོར་རྣམས། །བྱ་བྱིའུས་ཕྲུ་གུ་གསོ་བ་བཞིན། །གདམས་ངག་མཆུས་སྐྱེལ་བྱས་གྱུར་ན། སྟོན་བྱེའུ་ལྟོགས་གྲིར་ཤི་བ་བཞིན། །རང་ཉིད་འཁོར་བར་འཁྱམས་པར་ངེས། །
ཞེས་པ་སྟེ། གདམས་ངག་ཐོབ་པའི་གང་ཟག་རྣམས་ཀྱིས། དམ་ཆོས་དཀོན་མཆོག་བརྩེགས་པ་ལས། བུ་རམ་ཤིང་ཤུན་སྙིང་པོ་ཅི་ཡང་མེད། །དགའ་བར་བྱ་བའི་རོ་ནི་ནང་ན་འདུག །ཤུན་པ་ཟོས་པས་མིས་ནི་བུ་རམ་རོ། །ཞིམ་པོ་རྙེད་པར་ནུས་པ་མ་ཡིན་ནོ། །ཇི་ལྟར་ཤུན་པ་དེ་བཞིན་སྨྲ་བ་སྟེ། །རོ་ལྟ་བུ་ནི་འདི་ལ་དོན་སེམས་ཡིན། །དེ་ལྟ་བས་ན་སྨྲ་ལ་དགའ་སྤོངས་ཏེ། །རྟག་ཏུ་བག་ཡོད་བྱོས་ལ་དོན་སོམས་ཤིག །ཅེས་པའི་ཁྱད་པར་ཤེས་པས་ཉམས་སུ་བླངས་ཏེ་བདག་མ་གྲོལ་གྱི་བར་གཞན་དོན་མི་བྱ་སྟེ། སྡུད་པ་ལས། གལ་ཏེ་སེམས་ཅན་འདུ་ཤེས་སྡུག་བསྔལ་འདུ་ཤེས་བསྐྱེད། །འགྲོ་བ་རྣམས་ཀྱི་དོན་བྱ་སྡུག་བསྔལ་སྤང་སྙམ་སྟེ། །བདག་དང་སེམས་ཅན་ཡོངས་རྟོག་བྱང་ཆུབ་སེམས་དཔའ་དེ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་མ་ཡིན། །ཞེས་བདག་གཞན་གྲོལ་བར་དཀའ་བའི་ཕྱིར། བྱེའུ་དང༌སྟོན་སྐྱེལ་གྱི་དཔེ་བཞིན་རང་ཉིད་འཁོར་བར་འཁྱམས་པར་ངེས་པས་ན། དཀོན་བརྩེགས་ལས། བྱིས་པ་དམ་པའི་ཆོས་བསམ་རབ་ཏུ་ཉམས། །སེམས་ནི་མི་མཉེན་ཤིན་དུ་རྩུབ་པར་འགྱུར། །ཞི་གནས་ལྷག་མཐོང་དག་དང་རབ་ཏུ་རིང་། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ །ཞེས་གསུངས་སོ། །
གཉིས་པ་ནི། འབྲི་བཟང་བེའུ་ཆུང་གསོ་བ་ལྟར། །རང་འགྲངས་རོགས་ཀྱི་དོན་བྱས་ན། །བེའུ་ཆུང་ལ་སོགས་འཚོ་བ་བཞིན། །རང་གི་སྙེམས་ཐག་ཆོད་གྱུར་ན། །སེམས་ཅན་ངེས་པར་གྲོལ་བར་འགྱུར། །གཞན་དོན་འགྲུབ་འགྱུར་ཐེ་ཚོམ་མེད། །
ཅེས་པ་སྟེ། བཤད་པ་དང༌། འགྲོ་དོན་མཚན་ཉིད་པ་བྱེད་པ་ལ། བདག་བདེན་མེད་དུ་ཤེས་ཤིང༌། སེམས་ཅན་ཡང་དེ་ལྟར་ཤེས་ལ། ཉོན་མོངས་པའི་གཉེན་པོའི་ཆོས་ཀྱང་བདེན་མེད་དུ་ཤེས་དགོས་ཏེ། སྡུད་པ་ལས། བདག་ཅི་འདྲ་བ་དེ་འདྲར་སེམས་ཅན་ཐམས་ཅད་ཤེས། །སེམས་ཅན་ཐམས་ཅད་ཅི་འདྲ་དེ་འདྲར་ཆོས་ཀུན་ཤེས། །སྐྱེ་བ་མེད་དང་སྐྱེ་བ་གཉིས་ཀར་མི་རྟོག་པ། འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་གསུངས། བདག་གིས་བདེན་མེད་རྟོགས་ན། སེམས་ཅན་གྱི་དོན་ཤུགས་ལ་བྱུང་སྟེ་བདག་གཞན་གྲོལ་བ་ནི་འབྲི་བཟང་གི་དཔེ་བཞིན་ཡིན་པས་རང་ཉིད་ཀྱིས་བདག་མེད་རྟོགས་པར་བྱའོ། །
གཉིས་པ་ལྟ་བ་ལ་གཉིས་ཏེ། བདུད་རྩ་བྲལ་དུ་རྟོགས་པར་བྱ་བ་དང་། དེ་ལྟར་ཤེས་པས་ཆོད་པའོ། །དང་པོ་ནི། ཁྱུང་ཆེན་ནམ་མཁར་ལྡིང་བ་ཡིས། །གླིང་བཞི་བྱ་རྩོལ་མེད་པར་མཐོང༌། །ངམ་གྲོགས་གཡང་སར་ཉམ་མི་ང༌། །བྱ་བྲན་ལ་སོགས་ཟིལ་གྱིས་གནོན། །དེ་བཞིན་ཉམས་ཀྱི་ཐག་ཆོད་པས། །བདུད་བཞི་རྩ་བ་མེད་པར་རྟོགས། །འདྲེ་བདུད་ལ་སོགས་ཟིལ་གྱིས་གནོན། །ངན་སོང་གནས་གསུམ་ཉམ་མི་ང༌། །ངེས་པར་རྩ་བྲལ་མ་ཤེས་པར། །རྒྱུ་འབྲས་ཆོས་ལ་སྤྱོད་པ་ནི། །སྡོང་བཞག་ཡལ་ག་བསྙབ་པ་འདྲ། །
ཞེས་པ་སྟེ། ཞེན་མེད་ཀྱི་ལྟ་བས་སྙེམས་བྱེད་རང་སར་གྲོལ་ཏེ་བདུད་བཞི་རྩ་བྲལ་དུ་རྟོགས་ཤིང་ཕྱིར་མི་ལྡོག་པའི་རྟགས་ཐོབ་ནས། བདུད་ལས་རྣམ་པར་རྒྱལ་བས་ཉམ་ང་དང་བག་ཚ་མེད་པ་ནི་ཁྱུང་ཆེན་མཁའ་དབྱིངས་སུ་ལྡིང་བ་ལྟར་ཡིན་ཅིང། རྩ་བྲལ་མ་ཤེས་པའི་སྤྱོད་པ་རྣམས་དོན་ཆུང་བར་འགྱུར་བ་ནི་སྡོང་བཞག་ཡལ་གར་བསྙབ་པ་དང་འདྲ་བའོ། །
གཉིས་པ་ནི། རྩ་བྲལ་རྟོགས་པའི་རྣལ་འབྱོར་ནི། །དྲན་རྟོག་གློ་བུར་ཡིན་ཤེས་ནས། །སྤངས་བླང་མེད་པའི་ཆོས་ལ་སྤྱོད། །གཟུགས་མཐོང་སེམས་ཀྱི་སྐུ་རུ་བལྟ། །སྒྲ་ཐོས་སེམས་ཀྱི་གསུང་དུ་བལྟ། །ཅི་སེམས་སེམས་ཀྱི་ཐུགས་སུ་བལྟ། །
ཞེས་པ་སྟེ། དབྱིངས་རིག་དབྱེར་མེད་དུ་བཞག་པས། ཆོས་ཐམས་ཅད་རང་སེམས་རིག་པའི་ངོ་བོར་རྟོགས་ཤིང༌། རིག་པ་ཉིད་ཀྱང་ངོ་བོ་མ་གྲུབ་པ་གཞི་མེད་རྩ་བྲལ་དུ་རྟོགས་པ་དེའི་ཚེ། དྲན་བྱུང་གི་རྣམ་པར་རྟོག་པ་བློ་བུར་བདེན་མེད་དུ་ཤེས་ཏེ། སྤང་བྱ་དང་གཉེན་པོ་གཉིས་མེད་དུ་གྲོལ་ནས། ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་སུ་ཤེས་པའོ། །
གསུམ་པ་བསྒོམ་པ་ལ་གསུམ་སྟེ། བསམ་དུ་མེད་པ། མ་བཅོས་ལྷུག་པར་བཞག་པ། དྲན་རྟོག་བདེན་མེད་དུ་ཤེས་པས་མྱ་ངན་ལས་འདའ་བའོ། །དང་པོ་ནི། བཞག་ཐབས་བསྒོམ་པའི་གནས་ལུགས་ནི། །ལྷ་ཁང་ནང་གི་ལྡེར་སོ་བཞིན། །འདུག་ཚུལ་བཟང་དང་ཞལ་འཛུམ་ཡང༌། །མི་སེམས་སེམས་པའི་ཚུལ་མེད་བཞིན། །རང་ལུས་གང་བདེར་འདུག་བྱས་ནས། །མི་བསམ་བསམ་པར་མི་བྱའོ། །བསམ་པ་ཡུལ་མིན་དེ་ཉིད་ཡིན། །དེས་ན་མི་བསམ་ངང་ལ་བཞག །བྱུང་ཚོར་རྟོག་པའི་རྗེས་མི་བཅད། །མཁའ་ལ་གློག་འགྱུ་རང་ལོག་བཞིན། །རྣམ་རྟོག་བྱུང་བ་དེ་བཞིན་བཞག །རྒྱ་མཚོ་ཆེན་པོའི་འཇིངས་བཞིན་དུ། །གཡོ་བ་མེད་པའི་ངང་དུ་བཞག །རྐྱེན་སྣང་རྟོག་པ་རླབས་བཞིན་དུ། །ངང་གིས་ཆོས་ཉིད་དབྱིངས་སུ་སྐྱུར། །
ཅེས་པ་སྟེ། བདག་མེད་ཀྱི་དོན་ལ་མཉམ་པར་འཇོག་པ་ལ། སྤྲོས་པ་ཐམས་ཅད་ཉེ་བར་ཞི་ཞིང༌། བསམ་དུ་མེད་པ་ལྷ་ཁང་གི་སྡེར་སོ་ལྟ་བུ་དང༌། བྱུང་ཚོར་གྱི་རྣམ་རྟོག་ཆོས་ཉིད་ཀྱི་དབྱིངས་སུ་ཡལ་བ་གློག་ལྟ་བུ་དང༌། རྣམ་རྟོག་བྱུང་ཡང་ཆོས་ཉིད་ལས་མ་གཡོས་པ་ཆུ་རླབས་ལྟ་བུ་དང༌། ཐམས་ཅད་ཡེ་ཤེས་ཀྱི་རོལ་པའི་དབྱིངས་སུ་མ་བཅོས་ལྷུག་པར་འཇོག་པ་སྟེ། ཡང་ཚོམས་ཞུས་ལན་མ་ལས། གཉན་ས་འགྲིམ་པའི་དུས་སུ་ནི། །སེམས་ཉིད་བཞག་ཐབས་ཇི་ལྟར་བཞག །ཞུས་པས། ཨེ་མ་ཧོ། རིགས་ཀྱི་བུ། ལུས་ནི་རོ་ཡི་ཚུལ་དུ་བཞག །བདག་པོ་མེད་པའི་ཚུལ་དུ་བཞག །སེམས་ནི་ནམ་མཁའི་ཚུལ་དུ་བཞག །མར་མེ་རླུང་གིས་མ་བསྐྱོད་བཞིན། །གསལ་ལ་མི་རྟོག་ཚུལ་དུ་བཞག །རྒྱ་མཚོ་རླུང་གིས་མ་བསྐྱོད་བཞིན། །མེར་རེ་དྭངས་པ་བཞིན་དུ་བཞག །ཀྱེ་རིགས་ཀྱི་བུ། ཤེས་པ་བརླིང་བར་བཞག་པ་ཡིན་ནོ། །རྩོལ་བའི་བྱ་བྱེད་མེད་པར་རང་ལུགས་སུ་བཞག་པ་ཡིན་ནོ། །སེམས་ཉིད་རང་བཞིན་མེད་པས་བསྒོམ་མི་བསྒོམ་གྱི་འཛིན་པ་མ་ཞུགས་པར་བཞག་པ་ཡིན་ནོ། །སྐྱེ་མེད་བྱ་བ་དང་བྲལ་བ་ཡིན་པས་ལྷོད་ཀྱིས་ཀློད་ནས་བཞག་པ་ཡིན་ནོ། །ཁོངས་ཤིགས་ཀྱིས་བཤིགས་ལ་བཞག་པ་ཡིན་ནོ། །ཆོས་ཉིད་རྟོག་པ་དང་བྲལ་བ་ཡིན་པས་རྩིས་གདབ་གང་ཡང་མ་ཞུགས་པར་བཞག་པ་ཡིན་ནོ། །ཆོས་ཉིད་སྐྱོན་ཡོན་གཉིས་ལས་འདས་པ་ཡིན་པས་སྐྱོན་ཡོན་གང་ལ་མི་བསམ་པར་བཞག་པ་ཡིན་ནོ། །རེས་འགའ་མི་མགོ་སྐམ་པོ་ལྟར་དབང་པོ་སྒོ་ལྔ་ཧར་བར་བཞག་པ་ཡིན་ནོ། །ཡང་ན་བུ་ཆུང་གཉིད་ལོག་པ་བཞིན་དུ་ལྷན་ནེ་ཉལ་ལེར་བཞག་གོ །ཆོས་ཉིད་ཆགས་པ་དང་བྲལ་བ་ཡིན་པས་སྐར་མདའ་འམ་སྐྱེས་པས་མདའ་འཕངས་པ་བཞིན་དུ་ཤེས་པ་རྒྱང་ཙེར་གཏད་ལ་བཞག་པ་ཡིན་ནོ། །འཁོར་བ་ལས་གྲོལ་བ་ཙམ་ལས་སངས་རྒྱས་དོན་ལ་མེད་པས་གཡས་མེད་དུ་བཞག་པ་ཡིན་ནོ། །དོན་མེད་དུ་བཞག་པ་ཡིན་ནོ། །ཞིག་པོའི་ཚུལ་དུ་བཞག་པ་ཡིན་ནོ། །དགའ་དང་མི་དགའི་གཟའ་གཏད་མེད་པའི་ཚུལ་དུ་བཞག་པ་ཡིན་ནོ། །གླེན་ཐོམ་མེ་བཞག་པ་ཡིན་ནོ། །ལར་བཞག་ཅེས་ཏེ་ཆེད་དུ་མི་རྟོག །གདམས་ངག་གི་གནད་ཀྱིས་ཟིན་ན། གང་ལྟར་བཞག །ཇི་ལྟར་བྱས་ཀྱང་ཡིན། ཡང་ནི་དོན་རྩ་བ་དང་བྲལ་བའི་གོ་བས་མ་ཟིན་ན་ཇི་ལྟར་བཞག་ཀྱང་མ་ཡིན་ནོ། །འོན་ཀྱང་དེ་ལྟར་བསླབ་བོ། །རིགས་ཀྱི་བུ་དེ་ལྟར་དུ་གོ་བར་གྱིས་ཤིག །ཅེས་གསུངས་སོ། །
གཉིས་པ་ནི། བཅོས་བསླད་མི་བྱ་རྒྱལ་བའི་བཀའ། །བཅོས་ན་འཆོས་བྱེད་བདུད་ཡིན་པས། །ངེས་པར་རང་སར་བཞག་པ་ནི། །སྐྱེས་བུ་ནད་ཀྱིས་ཟིན་པ་བཞིན། །ཚོགས་དྲུག་ལྷུག་པའི་ཚུལ་དུ་བཞག །བྱ་བ་ཟིན་པའི་སྐྱེས་བུ་བཞིན། །བློ་བདེའི་ངང་ལ་ཀད་ཀྱིས་བཞག །བུ་ཆུང་མ་མ་མཐོང་བ་བཞིན། །སྣང་ཡང་ནུས་པ་མེད་པར་བཞག །
ཅེས་པ་སྟེ། ཡང་ཚོམས་ལས། རྣམ་རྟོག་གིས་མ་བསླད་པར་བཞག་པ་ནི། རང་གི་སེམས་མ་བཅོས་པའི་ངང་ལ་ཅི་ཡང་ཡིད་ལ་མི་བྱེད་པར་འཇོག་པ་ཡིན་ཏེ། དགའ་མི་དགའ་དང༌། བདེ་སྡུག་དང༌། ཚ་གྲང་དང༌། བཟའ་བཏུང་དང༌། དགྲ་གཉེན་དང༌། བདག་གཞན་དང༌། འདོད་ཡོན་གྱི་ཞེན་པ་དང༌། འཁོར་འདས་གང་ཡང་ཡིད་ལ་མི་བྱེད་པར་འཇོག་པ་ཡིན། ཞེས་པ་བཞིན། ཡིད་ལ་མི་བྱེད་པའི་ངང་དུ་མཉམ་པར་འཇོག་པ་ལས། གཞན་རྣམ་རྟོག་གིས་འཆོས་པར་བྱེད་པ་བདུད་ཡིན་པས་མ་བཅོས་ལྷུག་པར་བཞག་པར་བྱའོ། །དེ་ཡང་ཚོགས་དྲུག་ལྷུག་པའི་དཔེ་སྐྱེས་བུ་ནད་ཀྱིས་ཟིན་པ་ལྟ་བུ། བློ་བདེ་བ་བྱ་བ་ཟིན་པའི་སྐྱེས་བུ་ལྟ་བུ། སྣང་ཡང་ནུས་པ་མེད་པ་བུ་ཆུང་གིས་མ་མ་མཐོང་བ་ལྟ་བུའོ། །
གསུམ་པ་ནི། རིག་པས་རང་ལུས་རོ་ཁུར་ལ། གཉན་ས་ལ་སོགས་མཛེ་གནས་སུ། ཆགས་མེད་ཚུལ་གྱིས་སྐྱུར་བར་བྱ། །སེམས་ཉིད་ཡུམ་ཆེན་ཀློང་དུ་བཞག །དྲན་རྟོག་ཤེས་བྱེད་ཅི་བྱུང་ཡང༌། །ཡུམ་ཆེན་སྤྲུལ་པ་ཉིད་དུ་དགོངས། །ཡུམ་སྤྲུལ་འཁོར་བའི་གནས་མི་འཆིང༌། །གླེན་པ་ལྟོ་བ་འགྲངས་པ་བཞིན། །འདུ་ཤེས་རྣམ་པར་བཤིགས་ལ་བཞག །འཁོར་སྤངས་མྱ་ངན་འདའ་བར་ངེས། ཨེ་མ་ཧོ། །བྱ་རྩོལ་མེད་དོ་དགོངས་པ་ལོངས། །
ཞེས་པ་སྟེ། རྣམ་གཡེང་གི་འཇིགས་པ་སྤངས་ཤིང༌། བསམ་གཏན་གྱི་བདེ་བ་མྱང་བའི་ཕྱིར། གཞུང་ཆུང་ལས། གཡའ་ཁང་དུར་ཁྲོད་གཉན་ས་དང༌། །གྲོང་དང་གྲོང་ཁྱེར་ཆེན་པོ་དང༌། །ཕུག་དང་དབེན་ཕུག་གནས་དག་ཏུ། །གཉིས་སུ་མེད་པ་བསྒོམ་པར་བྱ། །ཞེས་པའི་གནས་སུ་ཕུང་པོ་གཟན་དུ་བསྐྱུར་བའི་གདམས་པ་ཉམས་སུ་བླངས་ཤིང། ཇི་སྐད་དུ། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བའང་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཇི་ལྟར་མར་ལ་མར་བཞག་དང་། །ནམ་མཁའ་ལ་ནི་ནམ་མཁའ་ལྟར། །དབྱེར་མེད་ངོ་བོ་གཅིག་པར་འགྱུར། །ཞེས་པ་བཞིན། བསལ་བཞག་བྲལ་བའི་སེམས་ཉིད་ཀྱི་ཀློང་དུ་གཉིས་སུ་མེད་པར་བཞག །བཟང་ངན་གྱི་རྟོག་ཚོགས་ཅི་བྱུང་ཡང། བདེ་གཤེགས་ཕག་མོ་གྲུ་པས། སེམས་དང་རྣམ་རྟོག་ཆོས་སྐུ་གསུམ། །དང་པོ་ལྷན་ཅིག་སྐྱེས་པ་སྟེ། །གདམས་པས་གཅིག་ཏུ་སྦྱོར་བའི་ཕྱིར། །ལྷན་ཅིག་སྐྱེས་སྦྱོར་ཞེས་སུ་བཤད། །འདྲེ་དང་བདུད་ལ་སོགས་པ་ཡི། །བར་གཅོད་ལ་ཡང་བསྔགས་སོ་གསུངས། །ཞེས་པ་བཞིན། ཆོས་ཉིད་ལས་མ་འདས་པ་ཤེས་པའི་གདིང་དང་ལྡན་པས་གླེན་པ་ལྟོ་བ་འགྲངས་པ་ལྟར་དུ་འདུ་ཤེས་རྣམ་པར་བཤིགས་ན་འཁོར་བ་ལས་གྲོལ་ནས་མྱ་ངན་ལས་འདས་པ་འཐོབ་པར་འགྱུར་བས་བྱ་རྩོལ་མེད་པའི་དོན་ཤེས་པ་གལ་ཆེའོ། །
བཞི་པ་སྤྱོད་པ་ལ་གཉིས་ཏེ། ཉོན་མོངས་པ་དང་བྲལ་བའི་བརྟུལ་ཤུགས། སྤྱོད་པ་ཀློང་དུ་གྱུར་པས་ཐམས་ཅད་གྲོགས་སུ་བསྟན་པའོ། །དང་པོ་ནི། སྤྱོད་པ་དཔེ་ཡིས་བསྟན་པ་ནི། །སྒོ་སྲུང་ཁྲོ་བོ་ཀིང་དང་ཀང༌། །ཁྲོ་ཤིང་གཏུམ་པ་འདྲ་ན་ཡང༌། །རྒྱུད་ལ་ཉོན་མོངས་སྐྱེ་མེད་བཞིན། །བརྟུལ་ཞུགས་ངེས་པར་ཆེ་བ་ལ། །ཞེ་འདོད་རྟོག་པ་མོད་པར་སྤྱོད། །བརྟུལ་ཞུགས་ཆེ་བས་བར་ཆོད་འདུལ། །ཞེ་འདོད་མེད་པ་དེ་ཉིད་ལམ། །མཚོ་ལ་ཉ་མོ་འཕྱོ་བ་བཞིན། །འཛིན་ཆགས་མེད་པར་ཕྱ་ལེར་སྤྱོད། །སྐྱི་སེར་རི་རྩིབས་གཅོད་པ་བཞིན། །ཆགས་སྡང་རྗེས་མེད་རྩིས་ལས་འདས། །
ཞེས་པ་སྟེ། བདག་མེད་རྟོགས་པའི་སྐྱེས་བུ་རྣམས་ཀྱིས། སེམས་ཅན་གྱི་དོན་དུ་སྤྱོད་པ་རླབས་ཅན་སྟོན་པ་དང༌། རྣམ་རྟོག་གཅོད་པའི་སྤྱོད་པ་གང་ལྟར་ཡང་སྤྱོད་པའི་ཁྱད་པར་ནི། བརྟུལ་ཤུགས་ཆེ་ཡང་རྒྱུད་ལ་ཉོན་མོངས་པ་མེད་པ་ཁྲོ་བོའི་འབག་ལྟ་བུ། སྤྱོད་པ་ལ་འཛིན་ཆགས་མེད་པ་ཆུ་ལ་ཉ་འཕྱོ་བ་ལྟ་བུ། ཉོན་མོངས་རྗེས་མེད་པ་རླུང་རི་རྩིབས་འགྲིམ་པ་ལྟ་བུར་སྤྱད་པས། སྡུད་པ་ལས། གང་ཚེ་མཁས་པ་དེ་དག་བསམ་པ་དྲན་ལྡན་ཞིང༌། །ཉིན་མཚན་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་དོན་བལྟ། །དེ་ཚེ་ལུས་སེམས་དག་ནི་མཁའ་འགྲོའི་བྱ་ལྟར་རྒྱུ། །ནག་པོའི་རྩ་ལག་རྣམས་ཀྱིས་གླགས་རྙེད་ག་ལ་འགྱུར། །ཞེས་པ་བཞིན། བརྟུལ་ཤུགས་ཀྱིས་བར་ཆད་འདུལ་ཞིང༌། ཞེ་འདོད་མེད་པས་ལམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །
གཉིས་པ་ནི། རང་གིས་རང་ལ་སྤྱོད་པ་ལ། །སྙེམས་བྱ་སྙེམས་བྱེད་གཞུག་མི་དགོས། །རང་ལ་འཛིན་པ་མེད་པར་སྤྱོད། །རྨི་ལམ་ཡུལ་གྱི་དགྲ་དེ་ཡང༌། །རང་ལས་བྱུང་བ་མ་དགོངས་སམ། །ཡི་དམ་ལྷ་ཡི་དངོས་གྲུབ་ཀྱང༌། །སེམས་ལ་སེམས་ཀྱིས་བསྒོམ་ལས་བྱུང༌། །དེས་ན་རང་ཡིན་གཞན་མ་ཡིན། །རང་སྣང་རང་ལ་གཅོད་པ་ལས། །གཞན་ཡུལ་འབྲེལ་མེད་གནོད་མ་ནུས། །དཔེར་ན་རྒྱ་གར་དུག་སྦྲུལ་བཞིན། །
ཞེས་པ་སྟེ། བཟང་ངན་གྱི་སྣང་བ་ཐམས་ཅད་རྨི་ལམ་གྱི་ལྷ་འདྲེ་བཞིན་དུ་རང་སེམས་ལས་ལོགས་སུ་མེད་པས་བདག་མེད་རྟོགས་པའི་སྤྱོད་པ་ཐམས་ཅད་སྙེམས་བྱེད་འཛིན་པ་དང་བྲལ་བར་སྤྱད་པར་བྱ་སྟེ། ཡང་ཚོམས་ཞུས་ལན་མ་ལས། དོན་ལ་སྤྱོད་རྒྱུ་མི་དམིགས་ཏེ། །རྐྱེན་སྣང་འཁོར་བའི་རང་སྤྱོད་ནི། །རྟོག་མེད་ཕག་པ་བཞིན་དུ་སྤྱད། །རྩིས་མེད་སྨྱོན་པ་བཞིན་དུ་སྤྱད། །སྙེམས་བྱེད་རྟོག་པ་བྱུང་བ་ན། །བྱིས་པ་མགོ་ཐུག་བྱེད་པ་བཞིན། །སླར་ཡང་དེ་ཡི་ཐོག་ཏུ་སྐྱུར། །རྐྱེན་སྣང་རྩལ་ཤར་ཅི་བྱུང་ཡང༌། །རང་གྲོལ་དགོངས་པས་ཟིན་པར་སྤྱད། །འདི་སྤྱད་ཁོ་ནའི་ཕྱོགས་མ་བཙལ། །འདི་ཀ་ཡིན་གྱི་གདམས་ཁ་མེད། །ཅེས་གསུངས། གཟུང་འཛིན་ཨ་འཐས་སུ་བརྟགས་པའི་ཕྱིར་རང་གིས་རང་ལ་གནོད་པ་ཡིན་གྱི། རང་གིས་བདེན་མེད་དུ་རྟོགས་ན། ཡུལ་སྣང་འབྲེལ་མེད་ཀྱིས་གནོད་པར་མི་ནུས་ཏེ། རྒྱ་གར་གྱི་དུག་སྦྲུལ་བོད་ལ་མི་གནོད་པ་བཞིན་ནོ། །
ལྔ་པ་འབྲས་བུ་ལ་གཉིས་ཏེ། དོན་རྟོགས་པས་འབྲས་བུ་བསྒྲུབ་ཏུ་མེད་པ། བདག་སངས་རྒྱས་སུ་ངེས་པའོ། །དང་པོ་ནི། འབྲས་བུ་དཔེ་ཡིས་བསྟན་པ་ནི། །མར་ལ་དཀར་པོར་མ་བསྒྲུབས་ཀྱང༌། །མར་ངོ་ཤེས་པས་དཀར་པོ་གྲུབ། །ངེས་པར་མར་ངོ་ཤེས་ཙམ་ནས། །དཀར་པོ་གཞན་ནས་སྒྲུབ་མི་དགོས། །དེ་བཞིན་སངས་རྒྱས་མ་བསྒྲུབས་ཀྱང༌། སེམས་ངོ་ཤེས་པས་སངས་རྒྱས་འགྲུབ། །ངེས་པར་རང་སེམས་ངོ་ཤེས་ནས། །སངས་རྒྱས་གཞན་ནས་བསྒྲུབ་མི་དགོས། །
ཞེས་པ་སྟེ། ཡང་ཚོམས་ཞུས་ལན་མ་ལས། ཕ་རོལ་ཕྱིན་པའི་འབྲས་བུ་ལ། །བསྒྲུབ་རྒྱུ་རྡུལ་ཙམ་ཡོད་མིན་པས། །སྒྲུབ་བྱེད་གྲོལ་བའི་གང་ཟག་དེ། །མ་ནོར་འབྲས་བུ་ཡིན་པར་གསུངས། །ཞེས་པ་ལྟར། བདག་མེད་མངོན་དུ་གྱུར་ཅིང༌། སྙེམས་བྱེད་རང་སར་གྲོལ་བ་ལས་གཞན་པའི་སངས་རྒྱས་བསྒྲུབ་ཏུ་མེད་དེ། ཆོས་ཅན་ཆོས་ཉིད་རང་བྱུང་གི་ཡེ་ཤེས་སུ་རྟོགས་པའི་ཕྱིར། དཔེར་ན་རྩི་མར་བཟང་པོ་མཐོང་ཟིན་གྱི་སྐྱེས་བུ་ལ་མར་ཞེས་བརྗོད་པས་དཀར་པོ་ལ་སོགས་པ་གྲུབ་པ་བཞིན་དུ། བདག་མེད་མངོན་དུ་རྟོགས་པའི་གང་ཟག་ལ། སྐུ་དང་ཡེ་ཤེས་མཛད་པ་དང་ཕྲིན་ལས་གཞན་ནས་བཙལ་དུ་མེད་པའོ། །
གཉིས་པ་ནི། སྙེམས་སངས་རྩ་བྲལ་ཀུན་ལས་རྒྱལ། །དེས་ན་ལོགས་ནས་བསྒྲུབ་ཏུ་མེད། །དེ་ལྟར་རྟོགས་ན་བདུད་རྣམས་ཞི། །དེ་ཡང་རང་བྱུང་རང་ཞི་ཡིན། །
ཞེས་པ་སྟེ། འཁོར་འདས་ཞེས་པ་ནི། ཆོས་དབྱིངས་བསྟོད་པ་ལས། སེམས་ཉིད་རྣམ་པ་གཉིས་སུ་མཐོང་། །ཇི་ལྟར་འཇིག་རྟེན་འཇིག་རྟེན་འདས། །བདག་ཏུ་འཛིན་ལས་འཁོར་བ་སྟེ། །སོ་སོར་རིག་ན་དེ་ཉིད་དེ། །འདོད་ཆགས་ཟད་པས་མྱ་ངན་འདས། །ཞེ་སྡང་གཏི་མུག་ཟད་པ་དང་། །དེ་དག་འགགས་པས་སངས་རྒྱས་ཉིད། །ལུས་ཅན་ཀུན་གྱི་སྐྱབས་ཉིད་དོ། །ཞེས་པ་ལྟར། རང་ངོ་ཤེས་དང་མ་ཤེས་ཙམ་ཡིན་ཕྱིར། སེམས་ཉིད་ཀྱི་ངོ་བོ་མཐོང་བས་བདུད་དང་ཉོན་མོངས་ལས་རྒྱལ་ཏེ་རང་ཞིར་གྱུར་པ་ལ་སངས་རྒྱས་ཞེས་བཏགས་པ་ཙམ་ལས་གཞན་ཞིག་ནས་བསྒྲུབ་ཏུ་མེད་པ་ནི། རྒྱུད་བརྟག་གཉིས་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་ཉིད་བསལ་ན་སངས་རྒྱས་ཉིད། །ཅེས་གསུངས་སོ། །
སྤྱི་དོན་གསུམ་པ་དཔེ་དང་བྲལ་བ་ལ་ལྔ་སྟེ། རིག་པ་འཁྲུལ་པ། མ་རིག་པ་ཡེ་ཤེས། །མ་བྱས་པ་གཞི། མི་བྱེད་པ་ལམ། མ་གྲུབ་པ་འབྲས་བུའོ། །དང་པོ་ལ་གཉིས་ཏེ། རང་བཞིན་འཁྲུལ་པ་དང། གྲུབ་མཐའ་ལ་ལྟོས་ཏེ་འཁྲུལ་པའོ། །དང་པོ་ནི། རིག་མེད་གཏི་མུག་ཆོས་དབྱིངས་ལ། །ཡུལ་དུ་རིག་ཅིང་བཟུང་བས་འཁྲུལ། །
ཞེས་པ་སྟེ། མདོ་སྡེ་རྒྱན་ལས། གང་ཕྱིར་ཡོད་པ་མི་མཐོང་མེད་མཐོང་བ། །འདི་འདྲའི་མུན་ནག་རྣམ་པ་དེ་གང་ཞིག །ཅེས་པ་བཞིན། ཆོས་ཉིད་བཟུང་ཡུལ་དུ་མ་གྲུབ་ཀྱང། སྣང་བ་ཙམ་ལ་ངེས་པར་ཞེན་པའི་བློས་རིག་བྱ་རིག་བྱེད་ལ་སོགས་པ་སྣ་ཚོགས་སུ་བརྟགས་པས་གཟུང་འཛིན་དུ་གྱུར་པ་ནི་འཁྲུལ་པའོ། །
གཉིས་པ་ནི། དབྱེར་མེད་གཅིག་ལ་རིག་བྱུང་བས། །ཁམས་གསུམ་གནས་སུ་འཁོར་བ་ཡིན། །རིགས་དྲུག་གནས་སུ་འཁྲུལ་པ་ཡིན། །དེ་ཡང་རང་བཞིན་རིག་འཁྲུལ་ལ། །ལྟོས་ཆོས་ཐེག་པའི་རིམ་པ་ཡང༌། །ལྟ་སྒོམ་འབྲས་བུར་རིག་པ་འཁྲུལ། །ཆད་པས་ཅང་མེད་ཡུལ་དུ་རིག །རྟག་པས་འགྱུར་མེད་ཡུལ་དུ་རིག །ཉན་ཐོས་གཟུང་འཛིན་ཡུལ་དུ་རིག །རང་རྒྱལ་རྟེན་འབྲེལ་སྟོང་པར་རིག །སེམས་ཙམ་རང་རིག་སེམས་སུ་རིག །དབུ་མ་སྤྲོས་བྲལ་ཡིན་པར་རིག །ཕ་རྒྱུད་བདེ་གསལ་རླུང་དུ་རིག །མ་རྒྱུད་བདེ་སྟོང་རྒྱས་འདེབས་རིག །ཐབས་དང་ཤེས་རབ་གཉིས་མེད་རིག །ཕྱག་ཆེན་བློ་ལས་འདས་པར་རིག །རྫོགས་ཆེན་ཡེ་ཡིན་ཆེན་པོར་རིག །དེ་ལྟར་རིག་པ་ཐམས་ཅད་ནི། །ཡུལ་དུ་རིག་པའི་རིག་པ་ཡིན། །ཡུལ་ཅན་རྣམས་ནི་དེ་ཉིད་མིན། །ཡུལ་མེད་སེམས་ལ་རིག་པ་མེད། །གང་རིག་པ་ཡི་རིག་པས་བཅིངས། །
ཞེས་པ་སྟེ། བདག་མེད་ཀྱི་དོན་ལ་ཐ་དད་དུ་མེད་ཀྱང༌། ཕྱག་ཆེན་སྨོན་ལམ་ལས། ཡོད་མ་མྱོང་བའི་རང་སྣང་ཡུལ་དུ་འཁྲུལ། །མ་རིག་དབང་གིས་རང་རིག་བདག་ཏུ་འཁྲུལ། །གཉིས་འཛིན་དབང་གིས་སྲིད་པའི་ཀློང་དུ་འཁྱམས། །མ་རིག་འཁྲུལ་པའི་རྩད་བདར་ཆོད་པར་ཤོག །ཅེས་པ་བཞིན། ལྷན་ཅིག་སྐྱེས་པའི་མ་རིག་པས་རྐྱེན་བྱས་ཏེ་གཉིས་སུ་སྣང་བའི་ཞེན་པ་ལ་བརྟེན་ནས་སེམས་ཅན་དུ་འཁྲུལ་པ་ལས་ལྟོས་ཆོས་ཐེག་པའི་རིམ་པ་ལྟ་སྒོམ་འབྲས་བུར་རིག་པ་ཡང་འཁྲུལ་ལ། ཕྱི་རོལ་པ་ཆད་པ་སྨྲ་བ་སྔ་ཕྱིའི་རྒྱུ་འབྲས་མེད་པར་འཛིན་པ་རྣམས་དང་། རྟག་པ་སྨྲ་བ་བདག་རྟག་པ་དང༌། གཅིག་པུ་རང་དབང་ཅན། འགྱུར་མེད་ལ་སོགས་པའི་ལྟ་བ་རྣམས་དང༌། ཉན་ཐོས་པས་གཟུང་བ་རྡུལ་ཕྲན་དང༌། འཛིན་པ་སྐད་ཅིག་ཆ་མེད་དོན་དམ་དུ་འདོད་པ་དང༌། རང་རྒྱལ་གཟུང་བ་མེད་ཅིང་འཛིན་པ་དོན་དམ་དུ་སྨྲ་བ་དང༌། སེམས་ཙམ་པ་གཟུང་འཛིན་གཉིས་མེད་ཀྱི་རང་རིག་དོན་དམ་དུ་རྟོག་པ་དང༌། སེམས་ཙམ་རྣམ་བདེན་པས་དཀར་དམར་ལ་སོགས་པའི་རྣམ་པར་སྣང་བ་རྣམས་ཤེས་པ་ཉིད་དུ་བདེན་པར་འདོད་ཅིང༌། རྣམ་བརྫུན་པས་རྣམ་པ་དེ་རྣམས་རྫུན་ཡང༌། རྣམ་མེད་ཀྱི་ཤེས་པ་བདེན་པར་འདོད་པ་རྣམས་ཀྱང་འཁྲུལ་པ་སྲབ་མཐུག་ལས་རྣམ་རྟོག་གི་དྲ་བ་ལས་མ་འདས་སོ། །གཞན་ཡང་ཕྱག་ཆེན་གངྒཱ་མ་ལས། སྔགས་སུ་སྨྲ་དང་ཕ་རོལ་ཕྱིན་པ་དང༌། །འདུལ་བ་མདོ་སྡེ་མངོན་པ་ལ་སོགས་པ། །རང་རང་གཞུང་དང་གྲུབ་པའི་མཐའ་ཡིས་ནི། །འོད་གསལ་ཕྱག་རྒྱ་ཆེན་པོ་མཐོང་མི་འགྱུར། །ཞེ་འདོད་བྱུང་བས་འོད་གསལ་མ་མཐོང་བསྒྲིབས། །ཞེས་པ་ལྟར། དབུ་མ་པ་སྤྲོས་པའི་མཐའ་དང་བྲལ་བ་ཡིན་ནོ། །ཞེས་ཚིག་གི་རྗེས་སུ་འབྲང་བ་དང༌། གསང་སྔགས་ཀྱི་ཕ་རྒྱུད་རྩ་རླུང་ལ་བརྟེན་ནས་ཉམས་མྱོང་བདེ་གསལ་སྐྱེས་པ་བདེ་ཆེན་དུ་འདོད་པ་དང༌། མ་རྒྱུད་པ་བདེ་སྟོང་གི་ཡེ་ཤེས་ཐབས་དང་ཤེས་རབ་ཏུ་འདོད་པ་དང༌། གཉིས་ཀའི་མཐར་ཐུག་ཕྱག་རྒྱ་ཆེན་པོ་ཞེས་ཁ་ཅིག་བློ་འདས་སུ་འདོད་པ་དང༌། རྫོགས་ཆེན་པ་ཁ་ཅིག་ཀུན་རྫོབ་ཀྱི་བདེན་པའང་ཆོས་ཉིད་དུ་འདོད་པ་དང༌། གཞན་ཡང་དེ་ལ་སོགས་པ་གྲུབ་མཐའི་འདོད་པ་ཡོད་པ་ཐམས་ཅད་ཀྱིས་བདག་མེད་ཀྱི་དོན་མཐོང་བར་མི་འགྱུར་ཏེ། གྲུབ་མཐའི་འཛིན་པ་དང་བཅས་པའི་ཕྱིར་རོ། །ཡུལ་ཡུལ་ཅན་དུ་རིག་པའི་དོན་དེ་མ་ཡིན་ལ། ཡུལ་ཡུལ་ཅན་བདེན་མེད་དུ་གྱུར་པས་རིག་བྱ་རིག་བྱེད་གཉིས་མེད་དུ་གྱུར་པ་ནི་ཆོས་ཉིད་དེ་བཞིན་ཉིད་ཡིན་ནོ། །
གཉིས་པ་མ་རིག་པ་ཡེ་ཤེས་ལ་གཉིས་ཏེ། གཏི་མུག་ཡེ་ཤེས་སུ་བསྒྱུར་བ། ཅི་ཤར་རང་བྱུང་དུ་བསྟན་པའོ། །དང་པོ་ནི། དེས་ན་རིག་མེད་གཏི་མུག་འདི། །ཡེ་ཤེས་ཆེན་པོར་རྒྱལ་བས་གསུངས། །མ་རིག་ཡུལ་མེད་འཁྲུལ་པ་སངས། །ཡུལ་སྣང་བློ་ཡིས་བཏང་ཙམ་ན། །སྙེམས་ཐག་མ་ལུས་ཆོད་པ་ཡིན། །ཡུལ་མེད་རིག་པ་ཅི་ལ་སྙེམས། །
ཞེས་པ་སྟེ། ཡང་དག་པར་སྡུད་པ་ལས། སྟོང་པ་ཉིད་མཐོང་བ་ནི་མཐོང་བ་མ་མཆིས་པའོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་མ་མཐོང་བ་ནི་ཡང་དག་པ་མཐོང་བའོ། །ཞེས་པས་གཉིད་དང་སྣང་བ་བར་མཚམས་མེད་པར་འོད་གསལ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་གྱུར་ན། སྙེམས་བྱེད་རང་སར་གྲོལ་ཞིང་ཡུལ་སྣང་གི་འཁྲུལ་པ་ཡེ་ཤེས་སུ་ཤར་བ་ནི་སངས་རྒྱས་དངོས་སོ། །
གཉིས་པ་ནི། རིག་པ་འཁྲུལ་པར་ཤེས་ཙམ་ན། །འཁྲུལ་པའི་ཆོས་ལ་མི་འཛིན་པས། །འཛིན་མེད་རིག་པ་ཅིར་ཡང་སྣང༌། །ཆེད་དུ་མ་བྱས་རང་བྱུང་ཡིན། །དེ་ལྟར་དགོངས་ན་ནམ་ཡང་ཡིན། །
ཞེས་པ་སྟེ། རིག་བྱ་རིག་བྱེད་བདེན་མེད་དུ་ཤེས་པས། ཡུལ་ཡུལ་ཅན་གྱི་འཛིན་པ་རང་དག་ལ། མཛད་པ་དང་ཕྲིན་ལས་ཆེད་དུ་མ་བྱས་པར་རང་བྱུང་དུ་བྱུང་བ་ཡིན་པས། དེ་ལྟ་བུའི་དོན་མངོན་དུ་གྱུར་ཚེ། ནམ་དུ་ཡང་ཨ་འཐས་སུ་སྤྱོད་པ་མ་ཡིན་ནོ། །