གཅོད་ཀྱི་བཀའ་ཚོམས་ཆེན་མོའི་ཊཱི་ཀ་ཟབ་དོན་སྣང་བ། 1

2014-04-28

~~གཅོད་ཀྱི་བཀའ་ཚོམས་ཆེན་མོའི་ཊཱི་ཀ་ཟབ་དོན་སྣང་བ་ཞེས་བྱ་བ་བཞུགས་སོ། །
མཛད་པ་པོ། སྐྱོ་བྲག་དགའ་དབང་།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་གཅོད་ཀྱི་མན་ངག་གི་གཞུང་བཀའ་ཚོམས་ཆེན་མོའི་ཊཱི་ཀ་ཟབ་དོན་སྣང་བ་ཞེས་བྱ་བ་བཞུགས་སོ། །
སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །
སེམས་ཀྱི་ངོ་བོ་འོད་གསལ་གཉུག་མའི་གཤིས། །སྐྱེ་འགག་འགྲོ་འོང་བྲལ་བ་ཆོས་དབྱིངས་ཀློང། །དག་པའི་སྣང་བར་སྒྱུ་མའི་སྐུར་བཞེངས་པ། །དུས་གསུམ་རྒྱལ་བའི་ཡུམ་ལ་གུས་ཕྱག་འཚལ། །གཞི་རྩ་ཆོད་པས་བདུད་བཞི་རང་སར་གྲོལ། །སེམས་ཉིད་རྟོགས་པས་འབྲས་བུ་རང་ལ་རྙེད། །བྱང་སེམས་འབྱོངས་པས་ཕྲིན་ལས་ལྷུན་གྲུབ་པའི། །གདམས་ཟབ་བཀའ་ཚོམས་ཆེན་མོ་བཤད་པར་བྱ། །
དེ་ལ་བསྟན་བཅོས་འདི་ཉིད་རྩིས་འགོ་ལྔས་འཆད་པ་ལ། དང་པོ་སློབ་དཔོན་གང་གིས་མཛད་པ་ནི། ཡུམ་ཆེན་མོའི་སྤྲུལ་པར་གྲགས་ཤིང། ཤེར་ཕྱིན་བཀླགས་པས་སྟོང་ཉིད་ཀྱི་ལྟ་བ་སྐྱེས། དམ་པས་སྙིང་གཏམ་ཚིག་གཅིག་གསུངས་པས་རྒྱུད་གྲོལ་ཏེ། ཕྲིན་ལས་ཀྱིས་བོད་ཁམས་ཁྱབ་པའི་རྣལ་འབྱོར་མ་ལབ་སྒྲོན་ཡིན། གཉིས་པ་དགོས་པ་གང་གི་ཆེད་དུ་མཛད་པ་ནི། བློ་དང་ལྡན་པ་འགའ་ཞིག་ཁམས་གསུམ་འཁོར་བ་སྡུག་བསྔལ་གྱི་རང་བཞིན་དུ་མཐོང་ནས། རང་གཞན་ཐམས་ཅད་དེ་ལས་ཐར་པའི་ཐབས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉམས་སུ་ལེན་འདོད་པ་ལ། ཚེ་ཐུང་ཞིང་བརྩོན་འགྲུས་ཆུང་བས་ཡུམ་གྱི་དོན་རྟོགས་མི་ནུས་ཤིང༌། ཡུམ་གྱི་སྦས་དོན་མངོན་པར་རྟོགས་པའི་རྒྱན་ལ་སོགས་པ་ལྟར་བསླབས་ཀྱང་དོན་རྒྱུད་ལ་སྐྱེ་དཀའ་བས། དེ་དག་གིས་ཚེགས་ཆུང་ངུས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟོགས་པའི་དོན་དུ་མཛད། གསུམ་པ་ལུང་གང་ལས་བཏུས་པ་ནི། ཤེར་ཕྱིན་གྱི་དགོངས་དོན་མ་གཅིག་ཉིད་ཀྱི་དགོངས་ཉམས་ལས་འཁྲུངས་པའི་རྟོགས་ཆོས་ཡིན། བཞི་པ་ཕྱོགས་གང་དུ་གཏོགས་པ་ནི། ངོ་བོ་ཕ་རོལ་ཏུ་ཕྱིན་པ། སྔགས་དང་རྗེས་སུ་མཐུན་པ་ཡིན་པས་ཐེག་པ་ཆེན་པོའི་ཕྱོགས་སུ་གཏོགས། ལྔ་པ་དབུ་ཞབས་སུ་བསྡུས་པའི་དོན་ནི། སྟོང་པ་ཉིད་ལ་གནས་པའི་ལྟ་བ། སེམས་ཅན་ཡོངས་སུ་མི་གཏོང་བའི་སྙིང་རྗེ། ཇི་སྐད་གསུངས་པ་བཞིན་བྱེད་པའི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས། བདེ་བར་གཤེགས་པས་བྱིན་གྱིས་བརླབས་པ་བཞི་ཡིན། དེ་ཡང་སྟོང་པར་གནས་པའི་ལྟ་བ་ནི། ཐོག་མར་རང་རྒྱུད་ཀྱིས་བསྡུས་པའི་ཕུང་པོ་ལ་བདག་ཏུ་ལྟ་བ་སྤངས་ནས་སེམས་ཅན་གཞན་གྱི་ཡུལ་གང་ལའང་དངོས་པོ་གང་མཚན་མའི་འདུ་ཤེས་མི་བྱེད་པར་བདག་མེད་ཀྱི་དོན་ལ་རྟག་ཏུ་གནས་པ་དང༌། སེམས་ཅན་ཡོངས་སུ་མི་གཏོང་བ་ནི། གཟུགས་ཅན་ཉམ་ཐག་དང་ནད་པ་སོགས་ལ་ལྷག་པར་བརྩེ་ཞིང་གཟུགས་མེད་ལྷ་འདྲེ་ལའང་གནོད་སེམས་ཀྱིས་འཚེ་བ་མི་བྱེད་པར་སྙིང་རྗེ་ཆེན་པོས་སེམས་ཅན་འཚེ་བའི་སྤྱོད་པ་དེ་ལས་ཟློག་ནས་བྱང་ཆུབ་ཀྱི་ལམ་ལ་འཛུད་པར་བྱེད་པ་དང༌། ཇི་སྐད་སྨྲས་བཞིན་བྱེད་པ་ནི། ཐོ་ཅོའི་སྤྱོད་པ་སྤངས་ཏེ་བྱང་ཆུབ་ཏུ་སེམས་བསྐྱེད་ནས། དེའི་ཁས་བླངས་དང་འགལ་བ་མི་བྱེད་པ་དང༌། བདེར་གཤེགས་ཀྱིས་བྱིན་གྱིས་བརླབས་པ་ནི། སྐྱབས་སུ་སོང་ནས་རྩ་བརྒྱུད་བླ་མ་རྣམས་ལ་མོས་གུས་དྲག་པོས་གསོལ་བ་འདེབས་པ་སྟེ། མདོ་སྡུད་པ་ལས། རྒྱུ་རྣམ་བཞི་ཡིས་བྱང་ཆུབ་སེམས་དཔའ་མཁས་སྟོབས་ལྡན། །བདུད་བཞིས་ཐུབ་པར་དཀའ་ཞིང་སྐྱོད་པར་མི་ནུས་ཏེ། །སྟོང་པར་གནས་དང་སེམས་ཅན་ཡོངས་སུ་མི་གཏོང་དང༌། །ཇི་སྐད་སྨྲས་བཞིན་བྱེད་དང་བདེ་གཤེགས་བྱིན་རླབས་ཅན། །ཞེས་པའི་གདམས་པ་སྟོན་པའི་གཞུང་ཟབ་མོ་འདི་ལ་གསུམ་སྟེ།
ཐོག་མར་དགེ་བ་ཀླད་ཀྱི་དོན། བར་དུ་དགེ་བ་གཞུང་གི་དོན། ཐ་མར་དགེ་བ་མཇུག་གི་དོན་ནོ། །དང་པོ་ལ་གསུམ་སྟེ། མཚན་སྨོས་པ། མཆོད་པར་བརྗོད་པ། བཤད་པར་དམ་བཅའ་བའོ། །དང་པོ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་གཅོད་ཀྱི་མན་ངག་གི་གཞུང་བཀའ་ཚོམས་ཆེན་མོ་བཞུགས་སོ། །
ཞེས་པ་སྟེ། སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་ཆོས་ཀྱི་དབྱིངས་ལ་གསལ་སྣང་ཐོབ་པ་ནི་དོན་དམ་རྟོགས་པའི་ཤེས་རབ། སྟོང་པ་སྙིང་རྗེ་ཟུང་འཇུག་གི་ལམ་གྱིས་སྲིད་ཞི་གཉིས་ཀྱི་མཐར་མ་ལྷུང་བ་ནི་ཕ་རོལ་ཏུ་ཕྱིན་པ། ཟབ་མོའི་གདམས་པས་འཁོར་བར་འཆིང་བྱེད་ཀྱི་བདུད་རྣམས་སེམས་ཀྱི་སྙེམས་རྟོག་ངར་འཛིན་ཁོ་ནའི་སྟེང་དུ་གཅོད་པར་བྱེད་པ་ནི་ཟབ་མོ་གཅོད། ཡུམ་ཤེར་ཕྱིན་རྟོགས་པའི་ཐབས་བྱ་སླ་ལ་ཚེགས་ཆུང་ངུས་ཉེ་བར་ཕན་འདོགས་པ་ནི་མན་ངག །གཞུང་འདི་ཡི་མིང་ནི་བཀའ་ཚོམས་ཆེན་མོ་བྱ་བའོ། །
གཉིས་པ་ནི། མི་སྨྲ་མི་བསམ་བསམ་དུ་མེད་པའི་ངང༌། །ཡུལ་འདས་དམིགས་མེད་དབྱིངས་ལ་ཕྱག་འཚལ་ལོ། །
ཞེས་པ་སྟེ། མདོ་ལས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་པ་དང་མཐུན་པར་སྤྲོས་པའི་མཐའ་དང་བྲལ་བ་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་བ་སྟེ། གང་འཕགས་པ་རྣམས་ཀྱིས་མངོན་སུམ་དུ་གྱུར་པ། སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་བདག་ཉིད་ཅན་ནི་བརྗོད་པར་མི་འགྱུར་ལ། སོ་སོའི་སྐྱེ་བོ་རྣམས་ཀྱིས་བསམ་པས་རྗེས་སུ་དཔག་པར་མི་ནུས་པའི་ཕྱིར། ཡུལ་ཡུལ་ཅན་ལས་འདས་པ་སྟེ། དམིགས་པའི་སྒྲིབ་གཡོགས་ཅན་ཐམས་ཅད་ཀྱིས་དབེན་པའི་བདག་ཉིད་ཅན་ལ་གུས་པས་འདུད་པའི་དགོས་པ་ནི། ཡུལ་མཆོག་ཏུ་གྱུར་པ་ལ་བསོད་ནམས་བསགས་པས་བསམ་པའི་དོན་ཡིད་བཞིན་དུ་འགྲུབ་པའོ། །
གསུམ་པ་ནི། གཅོད་ཀྱི་བཀའ་ཚོམས་ཆེན་མོ་འདི། །འགའ་ལ་ཕན་སྙམས་ཡི་གེར་བཀོད། །
ཅེས་པ་སྟེ། ཤེས་རབ་སྐྲ་རྩེ་ལས། བློ་ལྡན་གང་ཞིག་སུ་ཡང་རུང༌། །འཁོར་བའི་ཆོས་ལ་ཡིད་དབྱུང་ཞིང༌། །ངེས་པར་ཐར་པ་ཐོབ་འདོད་པས། །སྤང་བླང་ཐབས་ཀྱིས་འདི་ལྟར་སྤྱད། །ཅེས་པ་ལྟར། ཐེག་པ་ཆེན་པོའི་རིགས་ཅན་ངེས་འབྱུང་གི་བསམ་པས་ཐར་པ་དང༌། ཐམས་ཅད་མཁྱེན་པ་ཐོབ་པར་འདོད་པ་རྣམས་ཀྱི་ཆེད་དུ་གཅོད་ཀྱི་བཀའ་ཚོམས་ཆེན་མོ་ཡི་གེར་བཀོད་པའོ། །
གཉིས་པ་གཞུང་གི་དོན་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ལ་ཡང་གཉིས་ཏེ། ངོ་བོ་ངོས་བཟུང། དབྱེ་བ་གྲངས་སུ་བསྟན་པའོ། །དང་པོ་ནི། བདུད་ཀྱི་རྩ་བ་རང་གི་སེམས། །ཡུལ་སྣང་ཅིར་ཡང་རིག་པ་ལ། །ཞེན་ཅིང་ཆགས་པས་བདུད་ཀྱིས་ཟིན། །སེམས་ལ་ཡུལ་དུ་བཟུང་བས་བསླད། །
ཅེས་པ་སྟེ། དྲི་མེད་འོད་ལས། བདུད་ཅེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་འཁོར་བའི་སེམས་ཀྱི་བག་ཆགས་ཀྱི་དྲི་མའོ། །སངས་རྒྱས་ཉིད་ཅེས་བྱ་བ་ནི་འཁོར་བའི་བག་ཆགས་དང་བྲལ་བའི་སེམས་སོ། །ཞེས་པ་ལྟར། སེམས་ཀྱི་རང་རྩལ་ལས་ཉེ་བར་སྣང་བའི་ཆོས་འདི་དག་སེམས་ཉིད་ཀྱི་རང་གཤིས་ལ་གདོད་ནས་ཡོད་མ་མྱོང་ཞིང་ཡོད་པར་འགྱུར་བ་མི་སྲིད་ཀྱང་། དེ་ལྟར་མ་རྟོགས་པས་སེམས་ཉིད་རང་གིས་རང་ལ་ཡུལ་དུ་བཟུང་བས་འཁྲུལ་ཞིང། འཁྲུལ་པ་དེའི་དབང་གིས་རང་རིག་གཞི་མེད་རྩ་བྲལ་དུ་མ་རྟོགས་པས་ཡུལ་བཟུང་བ་པོ་ལ་བདག་ཡིན་པར་ཞེན་ཅིང་ཆགས་པས་ན་གཟུང་འཛིན་གཉིས་བསྡུས་ཀྱི་ཆོས་མཐའ་དག་འཁྲུལ་པ་འབའ་ཞིག་ཡིན་ལ། འཁྲུལ་པའི་གཞིའང་སེམས་ཡིན་པས་སེམས་ལས་ལོགས་སུ་རྡུལ་ཙམ་ཡང་མ་གྲུབ་སྟེ་སྟོང་པ་ལ་སྔགས་ཀྱི་སྦྱོར་བས་རྟ་གླང་དུ་སྣང་བའང་སྟོང་པ་དེ་ཉིད་ལས་ལོགས་སུ་ཅིའང་མ་གྲུབ་པ་བཞིན་ནོ། །སེམས་ཉིད་ངོ་བོ་ཡེ་ནས་སྟོང་ཞིང༌། རང་བཞིན་གྱིས་འོད་གསལ་བ་དེ་ལ་གནས་པ་ནི། སངས་རྒྱས་ཀྱི་ཡེ་ཤེས་དང་ཁྱད་པར་མེད་དེ། མདོ་ལས། སེམས་རྟོགས་ན་སངས་རྒྱས་ཡིན་པས། སངས་རྒྱས་གཞན་དུ་མི་བཙལ་བའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །
གཉིས་པ་ནི། བདུད་ལ་རྣམ་པ་བཞི་རུ་དབྱེ། །ཐོགས་བཅས་བདུད་དང་ཐོགས་མེད་བདུད། །དགའ་བྲོད་བདུད་དང་སྙེམས་བྱེད་བདུད། །དེ་ཡང་སྙེམས་བྱེད་བདུད་དུ་འདུས། །
ཞེས་པ་སྟེ། སེམས་རང་རིག་རང་གསལ་ཆོས་ཀྱི་སྐུ་ལ་སྒྲིབ་བྱེད་ཀྱི་བདུད་ནི། ཐོགས་བཅས་དང༌། ཐོགས་མེད་དང༌། དགའ་བྲོད་དང༌། སྙེམས་བྱེད་དེ་བཞི་ལས། གཞན་གསུམ་པོའང་རྩ་བ་སྙེམས་བྱེད་ཀྱི་བདུད་ལས་བྱུང་ངོ། །མ་གཅིག་རྣམ་བཤད་ལས། བདུད་ཅེས་པའི་གཟུགས་ཆེ་ཞིང་ཁ་དོག་ནག་པོ་གང་གིས་མཐོང་ཡང་འཇིགས་ཤིང་ཡ་ང་བ་ཅན་ནི་དངོས་སུ་ཡོད་པ་མ་ཡིན་ནོ། །བདུད་ཅེས་བྱ་བ་ནི་ཐར་པ་བསྒྲུབ་པའི་བགེགས་སུ་གྱུར་པ་གང་ཡིན་པ་དེ་བདུད་ཡིན་ནོ། །དེས་ན་བརྩེ་ཞིང་གདུང་བའི་གཉེན་མདུན་རྣམས་ཀྱང་ཐར་པའི་བདུད་དུ་འགྱུར་བ་ཡོད་ལ། ཁྱད་པར་དུ་བདག་འཛིན་གྱི་བདུད་གཅོད་པའི་ཐབས་ལ་མཁས་ཤིང་བརྩོན་དགོས་པས། དེའི་ཞོར་ལ་བདག་འཛིན་ལས་སྐྱེས་པའི་བདུད་གསུམ་གཅོད་དགོས་པས་བདུད་ལ་བཞི་སྟེ། མིང་དུ་བཏགས་ན། ཐོགས་བཅས་ཀྱི་བདུད། ཐོགས་མེད་ཀྱི་བདུད། དགའ་བྲོད་ཀྱི་བདུད། སྙེམ་བྱེད་ཀྱི་བདུད་དང་བཞིའོ། །ཞེས་སོ། །
གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། བདུད་བཞི་བྱེ་བྲག་ཏུ་བསྟན་ནས་ཉམས་སུ་བླངས་པ། དཔེའི་སྒོ་ནས་བདེན་མེད་དུ་སྤྱད་པ། དཔེ་དང་བྲལ་བའི་ཉམས་ལེན་བསྟན་པའོ། །དང་པོ་ལ་བཞི་སྟེ། ཐོགས་བཅས་ཀྱི་བདུད། ཐོགས་མེད་ཀྱི་བདུད། དགའ་བྲོད་ཀྱི་བདུད། སྙེམ་བྱེད་ཀྱི་བདུད་དོ། །དང་པོ་ཐོགས་བཅས་ཀྱི་བདུད་ལ་གཉིས་ཏེ། བདུད་རང་ལས་བྱུང་བ་ངོས་བཟུང་། ངོ་བོ་སྟོང་པར་གཏན་ལ་འབེབས་པའོ། །དང་པོ་ནི། ཐོགས་བཅས་བདུད་ལ་གྲངས་མང་ཡང༌། །དབང་པོའི་ངོ་ལ་སྣང་བ་ལ། །དགག་སྒྲུབ་དཔྱད་པས་ཐོགས་བཅས་བདུད། །ངེས་པར་བཟུང་བས་འཁོར་བར་བཅིངས། །
ཞེས་པ་སྟེ། མིག་གིས་གཟུགས་མཐོང་སྟེ། གཟུགས་བཟང་པོ་ལ་ཆགས་པ་སྐྱེ། གཟུགས་ངན་པ་ལ་སྡང་སེམས་སྐྱེ། དེ་བཞིན་དུ་རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། དེ་རྣམས་ཀྱི་ཡུལ་དུ་སྣང་བའི་སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་རྣམས་ཀྱི་བཟང་པོ་ལ་ཆགས་ཤིང༌། ངན་པ་ལ་སྡང་སེམས་སྐྱེ་བས་ཆགས་སྡང་གཉིས་སུ་བཟུང་བའི་བདུད་དེ། དབང་པོའི་ཡུལ་དུ་དངོས་སུ་ཡོད་པའི་ཡུལ་བཟང་ངན་ལ་ཆགས་ཤིང་སྡང་བས། དངོས་སུ་དབང་པོ་ཐོགས་པས་རྐྱེན་བྱས་ནས། སེམས་ཅན་ལ་གནོད་པས་འཁོར་བར་འཆིང་བའི་རྒྱུ་བྱེད་པའི་ཕྱིར་ན་ཐོགས་བཅས་ཀྱི་བདུད་ཅེས་བྱའོ། །
གཉིས་པ་ནི། གཟུགས་ནི་གཟུགས་ཀྱི་ངོ་བོས་སྟོང༌། །གཟུགས་ལ་མ་ཆགས་སྟོང་པར་བསྒོམ། །གཟུགས་ལ་ངེས་པར་མ་ཆགས་པས། །རྟག་པར་འཛིན་པའི་བདུད་ལས་གྲོལ། སྟོང་པ་ཡིད་ལ་མ་བསྒོམས་པས། །ཆད་པའི་བདུད་ལས་ངེས་པར་གྲོལ། གཟུགས་སྣང་དགག་ཏུ་མི་བཏུབ་སྟེ། །ངེས་པར་མ་བཟུང་རང་སྣང་འོད། །སྒྲ་དང་དྲི་དང་རོ་དང་རེག །ཡིད་ལ་སོགས་པ་དེ་བཞིན་གྲོལ། །ཡིད་ནི་ཐོགས་མེད་བདུད་ཡིན་ཏེ། །དབང་པོའི་སྒོ་ལས་བྱུང་བས་ན། །ཐོགས་བཅས་བདུད་དུ་བསྟན་པ་ཡིན། །དབང་པོའི་ངོས་ལ་སྣང་བ་རྣམས། །རང་གྲོལ་དགོངས་པས་ཐད་ཀར་བཅད། །དབྱེར་མེད་གཏི་མུག་ཆེན་པོར་བསྒྱུར། །
ཞེས་པ་སྟེ། བཟང་ངན་གང་ལ་ཆགས་ཤིང་ཞེན་པ་དེ་བདུད་ཡིན་པས། གང་ལ་ཡང་ཆགས་ཞེན་སྤང་བར་བྱ་སྟེ། གཟུགས་ནི་གཟུགས་ཀྱི་ངོ་བོ་ཉིད་ཀྱིས་རང་བཞིན་དུ་སྟོང་པ་ཡིན་པས། གཟུགས་དེ་ཡང་རང་བཞིན་གྱིས་གྲུབ་པ་མེད་པའི་ཕྱིར། གཟུགས་ལ་ཆགས་པ་དང་སྡང་བ་མེད་པར་རང་བཞིན་གྱི་སྟོང་པ་ཉིད་དུ་བསྒོམས་པས་རྟག་པའི་མཐའ་དང་། སྟོང་ཡང་ཡིད་ལ་མ་བྱས་པས་ཆད་པའི་མཐའ་ལས་གྲོལ། དེ་ལྟ་བུའི་བདེན་མེད་ལ་གཟུགས་སྣང་དགག་ཏུ་མ་བཏུབ་ཀྱང༌། སྣང་བ་རང་བཞིན་མེད་པར་རྟོགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། དེ་ལྟར་བསྒོམས་པ་ནི་ལམ་གྱི་མཆོག་ཡིན་ལ། དེ་བཞིན་དུ་སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་རྣམས་ཀྱི་བཟང་ངན་ཡང་ཤེས་ཤིང་བསྒོམས་པས་ཞེན་པ་རང་འགགས་སུ་བཏང་། རྣམ་པར་རྟོག་པ་ཐོགས་མེད་ཀྱི་བདུད་ཡིན་ནའང༌འཁྲུལ་པའི་བློས་ཞེན་པས་ཨ་འཐས་སུ་གྱུར་པ་ནི་ཐོགས་བཅས་ཡིན་པས་འདི་དག་ཀྱང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་བསྒྱུར་བར་བྱའོ། །
གཉིས་པ་ཐོགས་མེད་ཀྱི་བདུད་ལ་གཉིས་ཏེ། བྱུང་ཚོར་ངོས་བཟུང་། རྟོགས་ན་རང་གྲོལ་དུ་འགྱུར་བའོ། །དང་པོ་ནི། ཐོགས་མེད་བདུད་ཀྱི་བྱུང་ཚུལ་ནི། །ཡིད་ཡུལ་བྱུང་ཚུལ་བཟང་དང་ངན། །རང་གི་རྟོག་པས་ཕྱེ་བ་རྣམས། །ཐོགས་མེད་བདུད་དུ་བསྟན་པ་ཡིན། །རང་བྱུང་སེམས་ལས་མ་གཏོགས་པ། །ལྷ་བཟང་ལྷ་རུ་འཛིན་པ་དང༌། །འདྲེ་ངན་འདྲེ་རུ་འཛིན་པ་དང༌། ཡིད་ཀྱི་རེ་དོགས་འགྱུ་བྱེད་རྣམས། །རང་བདུད་རང་ལ་ལོངས་པ་ཡིན། །
ཞེས་པ་སྟེ། དབང་པོའི་ཡུལ་དུ་དངོས་སུ་མི་སྣང་ཡང༌། རང་གི་ཡིད་ལ་བཟང་ངན་གྱི་རྟོག་པ་གང་སྐྱེས་པ་དེ་ལ་འདྲེ་ཞེས་པའི་འཇིགས་སྣང་བཟུང་བའི་ཡ་ང་བ་དང༌། ལྷ་ཞེས་པའི་དག་སྣང་བཟུང་བས་བག་བྲོ་ཞིང་ཉམས་དགའ་བ་སྐྱེས་ཏེ། དེ་ལྟར་བཟང་ངན་གྱི་རྟོག་པ་གཉིས་ཡིད་ལ་བཟུང་བས། དེའི་རྐྱེན་གྱིས་ཡིད་ཉོན་མོངས་ཅན་དུ་གྱུར་ཅིང༌། ཉོན་མོངས་དེ་ལ་དངོས་སུ་ཐོགས་པ་མེད་ཅིང༌། དངོས་པོའི་ཡུལ་དུ་གྲུབ་པ་མེད་ཀྱང༌། དགེ་བའི་ལས་འཆོར་བར་བྱེད་པའི་གནོད་པ་བྱེད་པར་ནུས་པས་ན་ཐོགས་མེད་ཀྱི་བདུད་ཅེས་བྱའོ། །
གཉིས་པ་ནི། ཆོས་དབྱིངས་ཀློང་ཆེན་ངང་གསལ་ལས། །དྲན་རྟོག་ཅིར་ཡང་འཆར་བ་ཡིན། །དཔེར་ན་རྒྱ་མཚོ་གཡོ་མེད་ལས། །རྦ་རླབས་ལ་སོགས་འབྱུང་བ་བཞིན། །དེ་ལྟར་རྟོགས་པའི་སྐྱེས་བུ་ཡིས། །བཅས་བཅོས་མི་དགོས་རང་སར་ཞོག །ཕན་གནོད་མི་འབྱུང་དབྱིངས་སུ་གྲོལ། །ཆོས་ཉིད་དབྱིངས་ནས་རང་ཤར་ལ། །ཕྲག་དོག་དགག་བསྒྲུབ་བྱར་མི་རིགས། །དགག་བསྒྲུབ་མ་བྱས་རང་བྱུང་སེམས། །
ཞེས་པ་སྟེ། ལྷ་ཞེས་བྱ་བའི་བཟང་པོ་དང༌། འདྲེ་ཞེས་བྱ་བའི་ངན་པ་ཉིད་དང༌། དེ་ལ་སོགས་པའི་སྐྱོན་དང་ཡོན་ཏན་གཉིས་སུ་འཛིན་པའི་སེམས་ཉིད་དེ་ལ་གཞི་གདོད་མ་ནས་དངོས་པོར་གྲུབ་པའི་སྐྲའི་རྩེ་མོ་ཙམ་ཡང་མེད་པས་ན་གཞི་མེད་རྩ་བྲལ་སྟོང་པ་ཉིད་དུ་ཤེས་པར་བྱ་ལ། བཟང་ངན་གྱི་རྟོག་པ་སྣ་ཚོགས་པ་ཅི་བྱུང་ཡང་འགོག་པར་མི་བྱེད། དེ་ལ་འདུ་ཤེས་ཀྱང་འཇུག་པར་མི་བྱེད་ཅིང༌། དྲན་རྟོག་ཅི་བྱུང་ཅི་ཤར་ཡང༌། ཆེས་ཆེར་གང་ལ་ཡང་ཡིད་ལ་བརྟེན་ཅིང་རྟོག་པས་བཟུང་བར་མི་བྱ་སྟེ། སེམས་ཉིད་ཀློང་ཆེན་པོའི་རང་བཞིན་གསལ་བ་ལ་དྲན་རྟོག་ཅི་ཡང་འཆར་བ་ཡིན་པ་ནི། དཔེར་ན་རྒྱ་མཚོ་ལ་གཡོ་མཁན་མེད་ཀྱང་རྦ་རླབས་ལ་སོགས་འབྱུང་བ་དེ་བཞིན་དུ་ཡིད་ལ་རྟོག་པ་བཟང་ངན་ཅི་འཆར་མོད་ཀྱང༌། བཅས་བཅོས་དགག་བསྒྲུབ་མེད་པར་རང་རིག་རང་གསལ་གྱི་ངང་ལ་མཉམ་པར་བཞག་པས་གྲོལ་བར་འགྱུར་ཏེ། ཐུན་མོང་གི་ལེ་ལག་ལས། བདུད་རྣམས་ཐམས་ཅད་སེམས་ལས་བྱུང༌། །སེམས་ནི་ངོ་བོ་མ་གྲུབ་པ། །སྣང་དང་སྲིད་དང་ལྷ་དང་འདྲེ། །ངོ་བོ་མ་གྲུབ་རང་སར་གྲོལ། །ཞེས་སོ། །
གསུམ་པ་དགའ་བྲོད་ཀྱི་བདུད་ལ་གཉིས་ཏེ། མདོར་བསྟན་པ་དང། རྒྱས་པར་བཤད་པའོ། །དང་པོ་ནི། དགའ་བྲོད་བདུད་ཀྱི་བྱུང་ཚུལ་ནི། །ཐུན་མོང་བདུད་དང་མཆོག་གི་བདུད། །རིག་འཁྲུལ་སེམས་ལས་བྱུང་བ་ཡིན། །
ཞེས་པ་སྟེ། ཐུན་མོང་དང་མཆོག་གི་བདུད་གཉིས་ནི་རང་རིག་འཁྲུལ་པ་ལས་བྱུང་བ་ཡིན་ནོ། །
གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། ཐུན་མོང་དང༌། མཆོག་གོ །དང་པོ་ལ་གཉིས་ཏེ། ཡོན་ཏན་ལ་ཆགས་ན་བདུད་ཡིན་པ་དང། རྨི་ལམ་ལྟ་བུར་བསྟན་པའོ། །དང་པོ་ནི། གཉན་སར་འདྲེ་ཡིས་མ་ཚུགས་པས། །རློམས་སེམས་སྐྱེས་པ་དགའ་བྲོད་བདུད། །བྱིན་བརླབས་ནུས་པའི་རྟགས་བྱུང་བས། །བསོད་ནམས་ནོར་རྫས་གཡེང་བའི་བདུད། །ཁེ་གྲགས་དགྲ་གཉེན་སྤྲོ་བའི་བདུད། །ལྷ་འདྲེས་དངོས་གྲུབ་སྟེར་བ་དང༌། །བུ་དང་མཛའ་བཤེས་འཁོར་འདུས་ལ། །དགའ་ཞིང་བྲོད་པས་དགའ་བྲོད་བདུད། །
ཅེས་པ་སྟེ། བླ་མའི་གདམས་ངག་ཉམས་སུ་བླངས་པས་རྐྱེན་ཕྲའུ་ལམ་དུ་སློང་བ་ལས། ལྷ་འདྲེ་མི་གསུམ་རང་དབང་མེད་པར་འཁོར་དུ་འདུ་བ་དང། ངག་ནུས་ཀྱིས་འདྲེ་གདོན་ཐུལ་ཞིང་ན་ཚ་ཟུག་རྔུ་ཞི་བར་བྱེད་པ་དང༌། ཡི་དམ་ལྷའི་ཞལ་མཐོང་བ་དང༌། ཉམས་ཁྱད་པར་ཅན་རྒྱུད་ལ་སྐྱེས་པ་དང༌། རྨི་ལམ་རྣོ་ཞིང་མངོན་ཤེས་འཆར་བ་དང༌། ལུས་ངག་ཡིད་གསུམ་ལ་བདེ་བ་དང་ནུས་པ་འབར་བ་དང༌། འཇིག་རྟེན་གྱི་རྙེད་བཀུར་སྙན་གྲགས་ཕུན་སུམ་ཚོགས་པ་སོགས་ལ་དགའ་ཞིང་བྲོད་ནས་དྲེགས་པ་ཆེན་པོ་དང་ང་རྒྱལ་ཆེན་པོའི་རློམས་སེམས་སྐྱེ་བ་ཐར་པའི་ལམ་གྱི་བར་ཆད་དུ་འགྱུར་བས་ན་དགའ་བྲོད་བདུད་ཅེས་བྱའོ། །
གཉིས་པ་ནི། ཡོན་ཏན་ཅི་བྱུང་ཅི་ཤར་ཡང༌། །ཡུལ་སེམས་གཉིས་སུ་མེད་པའི་བློས། །ཡོན་ཏན་དག་ཏུ་མི་གཟུང་བར། །རྨི་ལམ་དག་གི་ཡུལ་བཞིན་དུ། །རང་བཞིན་ཞེན་པ་མེད་པར་སྤྱད། །མཚར་མོའི་བྱད་ཀྱིས་རང་མཛེས་ལྟར། །རང་བྱུང་རང་ལ་བརྒྱན་པ་ཡིན། །དེ་ལ་རློམས་སེམས་སྐྱེ་རྒྱུ་མེད། །སྐྱེས་ན་རིག་འཁྲུལ་འཛིན་པས་བསླད། །འཛིན་མེད་རང་ལུགས་སྤྱོད་མཆོག་འདི། །བློ་ལྡན་རྣམས་ཀྱི་ཐུགས་ལ་སྦོས། །
ཞེས་པ་སྟེ། ཡོན་ཏན་ཅི་བྱུང་ཞིང་ཇི་ལྟར་ཤར་ན་ཡང་སྣང་སེམས་གཉིས་སུ་མེད་པའི་ངོར་ཡོན་ཏན་དེ་རྣམས་ཡོན་ཏན་དུ་མི་བཟུང་ཞིང༌། དགའ་ཞིང་བྲོད་པའི་བློ་དང༌། བློ་ཡི་ཡུལ་དུ་གྱུར་པ་དེ་རྣམས་ཀྱང་རྟག་པ་བདེན་པར་གྲུབ་པ་སྐྲའི་རྩེ་མོ་ཙམ་ཡང་མེད་པའི་ཕྱིར། ཐམས་ཅད་རྨི་ལམ་དང་སྒྱུ་མ་ལྟ་བུར་ཤེས་པས་ཉམས་སུ་བླངས་ན་ཡོན་ཏན་ཐམས་ཅད་ལ་དགའ་བྲོད་ཀྱི་བདུད་ཆོད་ནས། རྨི་ལམ་སྒྱུ་མ་ལྟ་བུའི་འགྲོ་དོན་འབྱུང་ཞིང། བཞིན་བཟང་གི་སྙིམ་པ་ཆུས་བཀང་བ་ལྟར་ཡོན་ཏན་གྱི་རྣམ་པ་ལ་སོགས་པ་རྣམས་ཀྱང༌རང་གི་རྣམ་པར་རྟོག་པས་བསྡུས་པ་ཡིན་པས་རློམས་སེམས་བསྐྱེད་པར་མི་བྱ། དེ་བཞིན་དུ་སྡུག་བསྔལ་གྱི་རྣམ་པ་ཅི་སྙེད་པའང་ཤེས་པར་བྱས་ལ། ཤེས་ནས་ཀྱང་ཐད་ཀར་བཅད་པར་བྱའོ། །
གཉིས་པ་མཆོག་ལ་གཉིས་ཏེ། མདོར་བསྟན་པ་དང། རྒྱས་པར་བཤད་པའོ། །དང་པོ་ནི། མཆོག་གི་བདུད་ལ་རྣམ་པ་གཉིས། །ལམ་དང་འབྲས་བུ་གཉིས་སུ་བསྟན། །
ཞེས་པ་སྟེ། ལམ་དང་འབྲས་བུ་གང་ལ་ཞེན་ནའང་འཆིང་བ་ཡིན་ནོ། །
གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། ལམ་དང། འབྲས་བུའོ། །དང་པོ་ལ་གཉིས་ཏེ། བདུད་ངོས་བཟུང་བ་དང། བརྡ་རུ་ཤེས་ན་གྲོལ་བའོ། །དང་པོ་ནི། སྤྲོས་བྲལ་ལྟ་བས་བྲོད་པ་དང༌། །མཉམ་ཉིད་སྒོམ་པས་བྲོད་པ་དང༌། །རྟོག་མེད་སྤྱོད་པས་བྲོད་པ་དང༌། །ཉམས་ལེན་ལམ་གྱིས་བྲོད་པ་རྣམས། །བག་ཙམ་ཡུལ་དུ་སྤྱད་པས་ན། །ལམ་དུ་མི་འགྲོ་བདུད་ཀྱི་ལས། །
ཞེས་པ་སྟེ། སྤྲོས་བྲལ་དུ་ལྟ་བ་དང༌། མཉམ་ཉིད་དུ་བསྒོམ་པ་དང༌། རྟོག་མེད་དུ་སྤྱོད་པ་དང༌། ཉམས་ལེན་མྱོང་ཆ་དང་བཅས་པར་འཛིན་པ་ནི། ཡུལ་སེམས་གཉིས་མེད་དུ་མ་ཤེས་པར། བདག་མེད་རྟོགས་པར་བྱེད་པའི་ལམ་ཁྱད་པར་ཅན་དུ་མི་འགྱུར་ཏེ། འཛིན་པ་དང་བཅས་པའི་ཕྱིར། ཕྱག་ཆེན་གངྒཱ་མ་ལས། ཀྱེ་ཧོ། །བློ་ཡི་ཆོས་ཀྱིས་བློ་འདས་དོན་མི་མཐོང༌། །བྱས་པའི་ཆོས་ཀྱིས་བྱར་མེད་དོན་མི་རྟོགས། །བློ་འདས་བྱར་མེད་དོན་དེ་ཐོབ་འདོད་ན། །རང་སེམས་རྩད་ཆོད་རིག་པ་གཅེར་བུར་ཞོག །རྟོག་པ་དྲི་མའི་ཆུ་དེ་དྭངས་སུ་ཆུག །སྣང་བ་དགག་སྒྲུབ་མི་བྱ་རང་སར་ཞོག །སྤང་ལེན་མེད་པར་སྣང་སྲིད་ཕྱག་རྒྱར་གྲོལ། །ཀུན་གཞི་སྐྱེ་བ་མེད་པར་བག་ཆགས་སྡིག་སྒྲིབ་སྤོང༌། །སྙེམ་བྱེད་རྩིས་གདབ་མི་བྱ་སྐྱེ་མེད་སྙིང་པོར་ཞོག །སྣང་བ་རབ་སྣང་བློ་ཡི་ཆོས་རྣམས་ཟད་དུ་ཆུག །མུ་མཐའ་ཡོངས་གྲོལ་ལྟ་བའི་རྒྱལ་པོ་མཆོག །མུ་མེད་གཏིང་ཡངས་སྒོམ་པའི་རྒྱལ་པོ་མཆོག །མཐའ་ཆོད་ཕྱོགས་བྲལ་སྤྱོད་པའི་རྒྱལ་པོ་མཆོག །རེ་མེད་རང་གྲོལ་འབྲས་བུའི་མཆོག་ཡིན་ནོ། །ཞེས་སོ། །
གཉིས་པ་བརྡ་རུ་ཤེས་ན་གྲོལ་བ་ལ་བཞི་སྟེ། ལྟ་བ། བསྒོམ་པ། སྤྱོད་པ། ཉམས་ལེན་ནོ། །དང་པོ་ནི། ལྟ་སྒོམ་བརྡའ་རུ་བསྟན་པ་ལས། །ངེས་པར་ཡིད་ལ་བྱ་རྒྱུ་མེད། །མ་འགགས་ཅིར་ཡང་འཆར་བ་ལ། །ལྟ་བའི་བསམ་པ་མ་འཆའ་བར། །མཉམ་ཤར་ཕྱོགས་མེད་དབྱིངས་སུ་བསྒྱུར། །མི་ལྟ་བ་ནི་གཅོད་ཀྱི་མཆོག །
ཅེས་པ་སྟེ། དབང་པོ་རྣོན་པོའི་རྟེན་གྱི་གང་ཟག་འགའ་ཞིག་ལ། ལྟ་བ་སྒོམ་པའི་བྱེ་བྲག་དཔག་ཏུ་མེད་པ་བཤད་པ་རྣམས་ཀྱང་དོན་དམ་པར་ཡིད་ལ་བྱར་མེད་པ་ཡིན་པས། ཨ་འཐས་ཀྱི་བློ་ཡང་སྤང་ཞིང༌། མ་འགགས་པའི་རྩལ་སྣང་བདེན་མེད་དུ་རྒྱས་བཏབ་པ་ནི་གཅོད་ཀྱི་མཆོག་ཡིན་ནོ། །
གཉིས་པ་ནི། ཀུན་ཀྱང་རང་བྱུང་སེམས་ཡིན་པས། །སྒོམ་མཁན་གཅིག་གིས་བསྒོམ་དུ་མེད། །ཅི་བྱུང་རང་ཤར་བྱུང་ཚོར་རྣམས། །ལྷན་ནེ་ལྷང་ངེ་ལྷམ་མེར་བཞག །དོན་མི་འགྱུར་བས་ལྷན་ནེ་བ། །ངེས་པར་རྟོགས་པས་ལྷང་ངེ་བ། །རང་སར་གྲོལ་བས་ལྷམ་མེ་བ། །དཔེར་ན་མར་ལ་མར་བཞག་བཞིན། །མ་བསྒོམས་པ་ཡི་བསམ་གཏན་ཏེ། །དེ་ནི་བསྒོམ་པའི་མཆོག་ཡིན་ནོ། །
ཞེས་པ་སྟེ། ཕྱག་ཆེན་ཡེ་ཤེས་གསལ་བྱེད་ལས། ཕྱི་རོལ་ཡུལ་སེམས་ཆོས་རྣམས་ཇི་སྙེད་པ། །རང་སེམས་ཡིན་ཕྱིར་གཞན་ན་གྲུབ་པ་མེད། །འཁྲུལ་རྟོག་གཉིས་འཛིན་སྣ་ཚོགས་གང་ཤར་རྣམས། །ཅིར་སྣང་གཞི་མེད་རང་བྱུང་རང་བརླག་ལྟོས། །ཞེས་པ་ལྟར་ཀུན་ཀྱང་རང་སེམས་ཡིན་པས། གཉེན་པོ་རྩོལ་བཅས་ཀྱིས་བསྒོམ་དུ་མེད་ལ། ལྷང་ངེ་ལྷན་ནེ་ལ་སོགས་པ་བསམ་གཏན་གྱི་བྱེ་བྲག་རྣམས་ཀྱང༌བསྒོམ་བྱ་སྒོམ་བྱེད་གཉིས་སུ་མེད་པ་ཆུ་དང་མར་གྱི་དཔེ་བཞིན་ནོ། །
གསུམ་པ་ནི། རང་སྤྱོད་ཤུགས་འབྱུང་རང་གྲོལ་ལ། །ཆེད་དུ་བྱས་ནས་སྤྱད་དུ་མེད། །མཉམ་ཤར་གཉེན་པོས་བཟུང་དུ་མེད། །བཅུག་ཀྱང་རང་བྱུང་ཡིན་ཤེས་ན། །རང་ལ་རང་གྲོལ་བཀག་པ་མེད། །རྟོགས་པའི་ཁྱད་པར་བཙན་པས་ན། །ངེས་པར་སྤྱོད་པ་དགག་ཏུ་མེད། །མ་རྟོགས་སྤྱོད་པ་མི་བྱ་སྟེ། །གདམས་ངག་འདི་ཡི་བཞེད་ལུགས་ཀྱིས། །དམ་པའི་བྱིན་རླབས་གདིང་ལྡན་གྱིས། །རྣམ་རྟོག་དག་ལ་ཐོག་བརྫིས་བྱ། །རིམ་གྱིས་བྱིན་རླབས་ཞུགས་ནས་ནི། །ངེས་པར་རྟོགས་པ་འཆར་བར་འགྱུར། །ངེས་པར་གསུངས་པའི་གདམས་ངག་འདི། །སྤྱོད་ཡུལ་ཀུན་ལས་འདས་པ་ཡིན། །མི་སྤྱོད་སྤྱོད་པའི་མཆོག་ཏུ་གསུངས། །
ཞེས་པ་སྟེ། བདེན་མེད་ཀྱི་དོན་ལ་ཆེད་དུ་གཉེར་བའི་སྤྱོད་པས་སྤྱད་དུ་མེད་ཅིང༌། ཉམས་ཀྱི་སྣང་བ་ཨ་འཐས་ཀྱི་གཉེན་པོས་བཟུང་དུ་མེད་དེ། རང་གྲོལ་དུ་མ་གོ་ན་འཆིང་བའི་ཕྱིར། གཉེན་པོ་བཅུག་ཀྱང་རང་གྲོལ་དུ་གྱུར་ན་ནི་གང་ཡང་བཀག་པ་མེད། འོན་ཀྱང་མ་རྟོགས་པའི་སྤྱོད་པ་མི་བྱ་སྟེ། ཁ་འཐོར་ལས། གང་ལ་བཅད་པར་དཀའ་བ་ལ། །ཉམ་ང་མེད་པར་ཐོག་བརྫིས་ཀྱིས། །ཉམས་དང་རྟོགས་པ་བོགས་ཐོན་ནས། །རྩལ་དང་ཡོན་ཏན་རྫོགས་པར་འགྱུར། །ཞེས་པ་བཞིན་ཉོན་མོངས་པ་ལ་སོགས་པའི་རྣམ་རྟོག་ལ། གཉེན་པོ་སྟོབས་ཅན་གྱིས་ཐད་ཀར་བཅད་ཅིང༌། གཅོད་བྱེད་ཀྱི་ཤེས་པ་བདེན་མེད་དུ་རྒྱས་འདེབས་པ་ནི་སྤྱོད་པའི་མཆོག་ཡིན་ནོ། །
བཞི་པ་ནི། ཉམས་སུ་གང་ཡང་མི་ལེན་ན། །དེ་ཡིས་ཉམས་སུ་བླངས་པ་ཡིན། །ཉམས་ནི་ཤེས་བྱ་བློ་ཡི་ཉམས། །ཡང་དག་དོན་དུ་མྱང་དུ་མེད། །སྐྱེ་མེད་ལོགས་ནས་བླང་དུ་མེད། །ཉམས་སུ་བླངས་པས་ཆོས་ཉིད་ཉམས། །བློ་སྣང་ཡུལ་དུ་བཅད་པས་བློ། །ཡུལ་དུ་མ་ཆགས་ཉམས་ལེན་ནི། །ཐར་པའི་ལམ་མཆོག་བླ་མའི་ཞལ། །
ཞེས་པ་སྟེ། བདུད་ཀྱི་རྩ་བ་དམིགས་བཅས་ཡིན་པས། བསྐལ་པ་བྱེ་བ་ལ་སོགས་པར་ཡུལ་ཡུལ་ཅན་གྱི་དམིགས་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་མ་ཡིན་ནོ། །འོ་ན་གང་ཡིན་ཞེ་ན། ཡང་ཚོམས་ཞུས་ལན་མ་ལས། ཡེ་ནས་ཆོས་ཉིད་བྱར་མེད་ལ། །རྩོལ་བས་ཉམས་སུ་མ་ལེན་ཞིག །ཆོས་ཉིད་གདལ་པ་ཆེན་པོ་ལ། །དམིགས་པས་བསྡུད་པར་མ་བྱེད་ཅིག །ཅེས་པ་བཞིན། བསྒོམ་བྱ་སྒོམ་བྱེད་དང་བྲལ་བ། འཛིན་པ་མཐའ་དག་གིས་དབེན་པའི་བདག་ཉིད་ཅན། སྣང་སེམས་འཛིན་མེད་དུ་བཞག་པ་ལས། ཉམས་ཀྱི་བྱེ་བྲག་མཐའ་དག་ཀྱང་བདེན་མེད་དུ་བཤིག་ནས་བདེན་མེད་རྟོགས་པའི་སྐད་ཅིག་ལ། བདུད་ཐམས་ཅད་རང་སར་གྲོལ་བར་འགྱུར་རོ། །
གཉིས་པ་འབྲས་བུ་ལ་གཉིས་ཏེ། འདོད་པ་དང་བཅས་པས་འབྲས་བུའི་བདུད། རང་ཡིན་ན་བསྒྲུབ་ཏུ་མེད་པའོ། །དང་པོ་ནི། འབྲས་བུའི་བདུད་ནི་འདི་བཞིན་ནོ། །ཉན་ཐོས་རང་རྒྱལ་ལ་སོགས་པའི། །གྲུབ་མཐའ་ཐེག་པའི་འབྲས་བུ་ནི། །སྐུ་གསུམ་ངེས་པར་ཐོབ་འདོད་པས། །འདོད་པ་དང་བཅས་བྲོད་པས་བདུད། །
ཅེས་པ་སྟེ། ཐེག་པ་གསུམ་གྱི་ལམ་གྱི་དྲོད་རྟགས་དང༌འབྲས་བུ་ལ་འདོད་པ་དང༌འཛིན་པ་རྣམས་ནི་བདུད་ཡིན་ནོ། །
གཉིས་པ་ནི། ལུས་ངག་ཡིད་གསུམ་རང་བཞིན་ལ། །སྐུ་གསུམ་འབྲས་བུར་བསྟན་པ་ལས། །སངས་རྒྱས་ལོགས་ནས་བསྒྲུབ་ཏུ་མེད། །རང་ལས་སྤངས་ཏེ་བཙལ་གྱུར་ན། །བསྐལ་པ་བྱེ་བ་དུ་མར་ཡང༌། །བསྒྲུབས་པས་ཐོབ་པར་མི་འགྱུར་བས། །མི་བཙལ་མི་བསྒྲུབ་རང་བཞིན་བཞག །མི་རེ་དོགས་པའི་མཐའ་དང་བྲལ། །འཛིན་པའི་ཐག་པ་བཅད་པ་ལས། །ངེས་པར་སངས་རྒྱས་ག་ལ་མཆིས། །
ཞེས་པ་སྟེ། རང་གི་ལུས་ངག་ཡིད་གསུམ་རྟོགས་ན་སྐུ་གསུམ་ཡིན་པས་སངས་རྒྱས་གཞན་ནས་བསྒྲུབ་ཏུ་མེད་དེ། སློབ་དཔོན་ནཱ་རོ་པས། ཆོས་ཀུན་སེམས་ལ་གནས་ཞེས་གསུངས། །ཆོས་ཀྱི་རྩ་བ་སེམས་ཉིད་དེས། །ཞེས་བཤད་པའི་ཕྱིར། སེམས་ཉིད་དེ་བཞིན་རྟོགས་པར་མ་གྱུར་ན། བསྐལ་པ་ལ་སོགས་པར་བསྒྲུབས་ཀྱང་ཐོབ་པར་མི་འགྱུར་ཞིང༌། ལམ་དང་འབྲས་བུ་ལ་རེ་བ་མེད་པར་ཆོས་དང་གང་ཟག་གི་བདག་འཛིན་མཐའ་དག་བཅད་པ་ལ་སངས་རྒྱས་བྱ་བ་སྟེ། ཡང་ཚོམས་ཞུ་ལན་མ་ལས། སངས་རྒྱས་བྱ་བའི་མཚོན་པ་ནི། །འཁོར་བ་འཇིག་པའི་ཐབས་སུ་བསྟན། །སངས་རྒྱས་སྐྱེ་མེད་བླ་དྭགས་ཡིན། །སྔ་རབས་འདས་པ་རྣམས་ཀྱིས་ཀྱང༌། །འཛིན་པ་རང་སར་གྲོལ་བ་ལས། །སངས་རྒྱས་ས་ལ་ཕྱིན་པ་མེད། །ད་ལྟར་བཞུགས་པ་རྣམས་ཀྱིས་ཀྱང༌། །འཛིན་པ་རང་སར་གྲོལ་བ་ལས། །སངས་རྒྱས་ས་ལ་འགྲོ་རྒྱུ་མེད། །སླད་ནས་འབྱོན་པ་རྣམས་ཀྱིས་ཀྱང༌། །སངས་རྒྱས་ས་ལ་འགྲོ་མ་མནོས། །བྱིས་པའི་བློ་ཕྱིར་མ་འབྲེང་ཞིག །སངས་རྒྱས་ཐོབ་ཕྱིར་མ་བྱེད་ཅིག །ཅེས་སོ། །
བཞི་པ་སྙེམས་བྱེད་ཀྱི་བདུད་ལ་གསུམ་སྟེ། མདོར་བསྟན་པ། རྒྱས་པར་བཤད་པ། དོན་བསྡུ་བའོ། །དང་པོ་ནི། བདུད་ལ་བཞི་རུ་ཕྱེ་ལགས་ཀྱང༌། །སྙེམས་བྱེད་བདུད་དུ་འདུས་པ་ཡིན། །
ཞེས་པ་སྟེ། བདུད་ལ་བཞི་རུ་ཕྱེ་ཡང་དོན་སྙེམས་བྱེད་ལ་འདུས་ཤིང། དེ་ཡང་སྙེམས་བྱེད་ཅེས་པ་ནི་བདག་འཛིན་ལ་ཟེར་ཏེ། ཚད་མ་རྣམ་འགྲེལ་ལས། བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལས་འཛིན་དང་སྡང་། །འདི་དག་དང་ནི་ཡོངས་འབྲེལ་ལས། །ཉེས་པ་ཐམས་ཅད་འབྱུང་བར་འགྱུར། །ཞེས་པ་ལྟར། འཁོར་བར་འཁྱམས་པའི་རྒྱུ་ཉེས་པ་ཐམས་ཅད་ཀྱི་རྩ་བ་བདག་འཛིན་གྱིས་བྱས་ནས་ཐར་པ་འཐོབ་ཏུ་མི་སྟེར་བའི་བདུད་བྱས་པའི་ཕྱིར་བདག་འཛིན་གྱི་བདུད་དང་། བདག་མེད་པ་ལ་བདག་ཏུ་བཟུང་བས་སེམས་ཉོན་མོངས་པ་ཅན་དུ་སོང་ནས་སེམས་ལ་བཟང་ངན་གང་ཤར་ཐམས་ཅད་རྟོག་པས་བཟུང་ཞིང་བདེན་འཛིན་བྱས་པ་ལ་སྙེམས་བྱེད་ཅེས་ཟེར་བ་ཡིན་ནོ། །
གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། ཐོགས་བཅས་སྙེམས་བྱེད་དུ་འདུས་པ། ཐོགས་མེད་སྙེམས་བྱེད་དུ་འདུས་པ། དགའ་བྲོད་སྙེམས་བྱེད་དུ་འདུས་པའོ། །དང་པོ་ལ་གཉིས་ཏེ། སྙེམས་པས་བདུད་དང། ཤེས་པས་གྲོལ་བའོ། །དང་པོ་ནི། དངོས་པོའི་ཡུལ་ལ་སྙེམས་ཞུགས་པས། །ཐོགས་བཅས་བདུད་དུ་བསྟན་པ་ཡིན། །
ཞེས་པ་སྟེ། དབང་ཤེས་འཁྲུལ་པས་བཟུང་བ་ཡུལ་ཡུལ་ཅན་དུ་ཞེན་པས་ཐོགས་བཅས་ཀྱི་བདུད་དུ་གྱུར་པའོ། །
གཉིས་པ་ནི། དངོས་པོའི་ཡུལ་གྱི་ཆགས་སྡང་རྣམས། །རྩ་བ་སྙེམས་སུ་རྟོགས་ཙམ་ན། །དཔེར་ན་རྩིག་གསེབ་དུ་བ་ཡང༌། །ཐབ་ཀྱི་མེ་བུས་རང་ཞི་ལྟར། །སྙེམས་ཐག་ཆོད་པས་དངོས་འཛིན་གྲོལ། །འགོག་པ་བཞིན་དུ་ཡུལ་མི་དགག །རྩ་བྲལ་རྟོགས་པས་ཐོགས་བཅས་བདུད། །ངེས་པར་བདུད་རྣམས་ཆོད་པ་ཡིན། །དཔེར་ན་སྒྱུ་མ་མཁན་པོ་བཞིན། །སྣང་ཡང་ཆགས་སེམས་མི་འབྱུང་ངོ༌། །དེ་བས་སྙེམས་ཀྱི་ཐག་པ་ཆོད། །བཅད་པས་ཆོད་པ་མ་ཡིན་ཀྱང༌། །རྩ་བྲལ་རྟོགས་ན་ཟུང་མི་ཐུབ། །ཆོས་དབྱིངས་ཀློང་དུ་གྲོལ་བར་འགྱུར། །རྩིས་གདབ་མེད་པའི་ལ་བཟླ་གཅེས། །
ཞེས་པ་སྟེ། གཟུང་འཛིན་གྱིས་བསྡུས་པའི་རྣམ་རྟོག་ཅི་སྙེད་པའི་རྩ་བ་སྙེམས་བྱེད་དུ་རྟོགས་པའི་ཚེ་ན་ནང་གི་མེ་བསད་པས་རྩིག་གསེབ་ཀྱི་དུ་བ་རང་ཞི་བ་བཞིན་གཟུང་ཡུལ་རག་པ་འཛིན་མེད་དུ་རྟོགས་ལ། དེ་ཡང་འགོག་པ་ཉན་ཐོས་ཀྱི་ཞི་བ་ལྟར། ཡུལ་སྣང་བཀག་པ་ཙམ་མ་ཡིན་གྱི། ཤེར་སྙིང་ལས། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་རྣམས་སྟོང་པའོ། །ཞེས་པ་བཞིན་གཟུགས་སོགས་ཀྱི་ཡུལ་སྣང་དང། དེའི་ངོ་བོ་སྟོང་ཉིད་དུ་གནས་པ་ནམ་མཁའི་འཇའ་ལྟར་སྣང་སྟོང་དབྱེར་མེད་དུ་རྟོགས་པས་བདུད་ལས་གྲོལ་བ་སྟེ། སྒྱུ་མའི་མཁན་པོ་སྒྱུ་མ་ལ་ཆགས་སེམས་མི་འབྱུང་བ་བཞིན་ནོ། །དེའི་ཕྱིར་སྙེམས་བྱེད་ལས་བྱུང་བའི་བདུད་བདེན་མེད་དུ་རྟོགས་པ་ལས། གཉིས་འཛིན་གྱི་བློས་བཅད་དུ་ཡོད་པ་མ་ཡིན་གྱི། དངོས་པོ་དང་འཛིན་པ་རྩ་བྲལ་དུ་རྟོགས་པས། གཟུགས་སོགས་རང་སར་གྲོལ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པས་གཉིས་འཛིན་མེད་པའི་ངང་དུ་འཇོག་དགོས་སོ། །
གཉིས་པ་ཐོགས་མེད་སྙེམས་བྱེད་དུ་འདུས་པ་ལ་ལྔ་སྟེ། རེ་དོགས་བདུད་དུ་བསྟན་པ། ཉོན་མོངས་ཡེ་ཤེས་སུ་གྲོལ་བ། ལྷ་འདྲེར་ཉམ་ང་མེད་པ། ལྟ་སྤྱོད་ཟུང་དུ་འབྲེལ་བ། རྩ་བྲལ་རྟོགས་པའི་འབྲས་བུའོ། །དང་པོ་ནི། ཐོགས་མེད་བདུད་ཀྱང་སྙེམས་སུ་འདུས། །དུག་ལྔ་ལ་སོགས་ཉོན་མོངས་དང༌། །མཐོང་མེད་འདྲེ་ལ་འཇིགས་པ་དང༌། །དངོས་མེད་ལྷ་ལ་རེ་བ་དང༌། །དེ་བཞིན་ཡིད་ཡུལ་རེ་དོགས་རྣམས། །སྙེམས་བྱེད་ལས་བྱུང་སྙེམས་ཀྱི་བདུད། །
ཅེས་པ་སྟེ། ཉོན་མོངས་དང་ལྷ་འདྲེ་སོགས་ཡིད་ཡུལ་གྱི་ཆོས་ལ་རེ་དོགས་གྱུར་ཀྱང་འཆིང་བས་ན་བདུད་ཡིན་ནོ། །
གཉིས་པ་ནི། ཞེ་སྡང་རང་སར་གྲོལ་བ་ཡང༌། །སྙེམས་བྱེད་རྩ་བ་ཆོད་ལས་བྱུང༌། །བཙོ་བསྲེག་དམྱལ་བའི་བདུད་ལས་ཐར། །མེ་ལོང་ལྟ་བུའི་ཡེ་ཤེས་ཐོབ། །འདོད་ཆགས་རང་སར་གྲོལ་བ་ཡང༌། །སྙེམས་བྱེད་རྩ་བ་ཆོད་ལས་བྱུང༌། །བཀྲེས་སྐོམ་ཡི་དྭགས་བདུད་ལས་ཐར། །སོ་སོར་རྟོགས་པའི་ཡེ་ཤེས་ཐོབ། །གཏི་མུག་རང་སར་གྲོལ་བ་ཡང༌། །སྙེམས་ཀྱི་རྩ་བ་ཆོད་ལས་བྱུང༌། །བཀོལ་སྤྱོད་བྱོལ་སོང་བདུད་ལས་ཐར། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཐོབ། །ཕྲག་དོག་རང་སར་གྲོལ་བ་ཡང༌། །སྙེམས་ཀྱི་རྩ་བ་ཆོད་ལས་བྱུང༌། །འགྱུར་བྱེད་མི་ཡི་བདུད་ལས་ཐར། །བྱ་བ་གྲུབ་པའི་ཡེ་ཤེས་ཐོབ། །ང་རྒྱལ་རང་སར་གྲོལ་བ་ཡང༌། །སྙེམས་ཀྱི་རྩ་བ་ཆོད་ལས་བྱུང༌། །འཐབ་རྩོད་ལྟུང་བའི་བདུད་ལས་ཐར། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཐོབ། །སྙེམས་ཐག་མ་ཆོད་དུག་ལྔ་ཡང༌། །སྙེམས་ཆོད་རང་གྲོལ་ཡེ་ཤེས་སོ། །