སྤྲིན་གྱི་ཕོ་ཉ་ཞེས་བྱ་བའི་སྙན་ངག་བཞུགས་སོ། 6

2014-04-28

~~༡༠༡ ཅེས་པ་དེ་སྐད་བཤད་ཚེ་དྲི་བཞོན་བུ་ནི་མི་ཐི་ལ་ཡི་བུ་མོས་མཐོང་བ་བཞིན། །དེ་ནི་དགའ་བདེའི་སྙིང་གིས་ཁྱོད་ལ་མངོན་ཕྱོགས་བལྟ་ཞིང་བདེན་པ་ཉིད་དུའང་ངེས་པ་ཉིད། །ཀྭ་ཡེ་གྲོགས་བཟང་དེ་ནས་ལེགས་པར་གནས་ལ་གཞན་ཡང་ཉན་འདོད་སྒྲ་ལྡན་མ་རྣམས་ནི། །བདག་པོའི་ཚིག་ནི་སྙིང་གྲོགས་དག་གིས་ཁྱེར་འོངས་གྱུར་ལས་ཕྲད་ལྟར་ལྷག་མར་ལུས་པ་ཉིད། ། ༡༠༢ ཀྭ་ཡེ་ཚེ་ལྡན་བདག་གི་ཚིག་དང་ཉིད་ཀྱིས་ཀྱང་ནི་དེ་ལ་ཕན་པའི་ཆེད་དུ་ནི། །ཁྱོད་ཀྱི་རྒྱལ་བོ་མཆོག་ནི་རྒྱལ་བོ་རཱ་མའི་རི་ཡི་གནས་ན་གནས་ཤིང་འཚོ་བ་ཉིད། །ཁྱོད་ནི་སྤངས་པར་གྱུར་ལ་ཀྭ་ཡེ་མཛེས་མ་དགེ་འམ་འདྲི་ཞེས་དེ་ལྟར་སྨྲ་བར་མཛོད། །གང་ཕྱིར་སྐྱེ་བོ་རྣམས་ནི་བྱེད་པ་ཉམས་ལ་དང་བོར་དེ་འདྲའི་དབུགས་དབྱུང་བྱེད་པ་ཉིད། ། ༡༠༣ ལུས་ཀྱི་ནང་ནས་ཤིན་ཏུ་ཕྲ་བས་ཕྲ་གྱུར་དང་ནི་ཤིན་ཏུ་གདུངས་པས་གདུངས་གྱུར་དང་། །མཆི་མ་འཛག་པས་མཆི་མ་འཛག་གྱུར་ཆེ་བར་ཕྲད་འདོད་ཉིད་ཀྱིས་ཕྲད་འདོད་མཆོག་ཏུ་གྱུར། །དབུགས་དྲོན་ཤུགས་རིངས་ལྷགས་པར་དབུགས་དྲོན་ཤུགས་རིངས་མཆོག་ཏུ་ལྷགས་གྱུར་རིང་ནས་འཇུག་པ་ཅན། །བསོད་ནམས་ཆོམ་རྐུན་དག་གིས་ལམ་བཀག་གྱུརད་ཅིང་དེ་རྣམས་ཡིད་ལ་སིམ་ཞིང་འཇུག་པ་ཡིན། ། ༡༠༤ གྲོགས་མོའི་མདུན་དུ་དེ་ཡི་རྣ་བ་ལ་ནི་ཁྱོད་ཀྱི་གདོང་ནི་རེག་པར་ཐོབ་གྱུར་པས། །ཁྱོད་ཀྱིས་གང་ཡང་གུས་པའི་གཏམ་གྱི་ཆེད་དུ་གྱུརད་པའི་ཆེ་བའི་སྒྲ་འདི་བརྗོད་པར་འོས། །གང་དེ་རྣ་བའི་ཡུལ་ལས་གང་ཡང་ཤིན་ཏུ་འདས་ཤིང་མིག་དག་གིས་ནི་མཐོང་བྱ་མིན། །ཁྱོད་དང་དགའ་བས་འཕྲད་འདོད་གྱུར་ཞེས་བདག་གི་ཁ་ལ་ཚིག་འདི་ཟེར་ཞེས་སྨྲ་བར་མཛོད། ། ༡༠༥ འཁྲི་ཤིང་འགའ་ལ་ཡན་ལག་མཛེས་པ་འཇིགས་བཅས་རི་དྭགས་མོ་ལ་མིག་མཛེས་གཡོ་བ་མཐོང་། །འགྲམ་པའི་མཛེས་འོད་རི་བོང་ཅན་ལ་སྐྲ་རྣམས་གཙུག་ཕུད་ཅན་གྱི་མཇུག་སྒྲོའི་ཚོགས་ལ་མཐོང་། །སྨིན་མའི་རོལ་སྒེག་མཛེས་པ་རྣམས་ནི་ཆུ་ཀླུང་རླབས་ཕྲེང་ཕྲ་མོ་རྣམས་ལ་རབ་ཏུ་མཐོང་། །ཨེ་མ་གཅིག་ཏུ་ཚོགས་པ་དང་ལྡན་གཡོན་མིག་ཁྱོད་དང་མཚུངས་པ་འགའ་ཡང་ཡོད་མ་ཡིན། ། ༡༠༦ ཆར་གྱིས་བརླན་ལས་དྲི་མེད་སྦྲང་རྩི་ཅན་བཞིན་ཁྱོད་ཀྱི་གདོང་འདི་མཛེས་སོ་ལུས་ཕྲ་མ། །ཁྱོད་ནི་རིང་གྱུར་བདག་ནི་ཕྲ་བའི་ལུས་གྱུར་མདའ་ལྔ་བ་ཡི་གདུང་བ་ཡང་ཡང་བྱིན། །སོ་ཀ་རྫོགས་པའི་མཐའ་རུ་ཕྱོགས་ཀུན་ཆེ་བའི་ཆུ་འཛིན་སྟུག་པོས་བསྒྲིབས་པས་ཉི་མ་ཡི། །སྣང་བ་རྣམས་ནི་ཉམས་ཤིང་རྒྱུན་དུ་ཆར་འོང་བདག་གིས་ཞག་གི་གྲངས་ཇི་ལྟ་བ་ཡིན། ། ༡༠༧ ཁྱོད་ནི་རྡོ་ལེབ་གཞི་ལ་ཁམས་ཀྱི་ཚོན་རྣམས་ཀྱིས་ནི་དགའ་དང་ཁྲོ་བས་ལེགས་བྲིས་ཏེ། །དེ་ཉིད་རྫོགས་ནས་འདོད་པ་བྱ་བའི་ཆེད་དུ་ཁྱོད་ཀྱི་ཞབས་དྲུང་ལྷུང་བར་གྱུརད་པ་ན། །ཚིག་ལན་མ་བྱུང་བདག་ལ་མཆི་མ་མང་བོ་བྱུང་བས་བྲུགས་པས་མིག་ལ་ཁྲོ། །དེར་ཡང་བདག་ཅག་གཉིས་ནི་ལྷན་ཅིག་འགྲོགས་པའི་སྐལ་བ་མེད་པ་ཉིད་དུ་གྱུརད་པ་ཞིག ། ༡༠༨ ཁྱོད་ནི་བདག་གི་རྨི་ལམ་དག་ཏུ་འོངས་ཤིང་ཐོབ་པ་ཅི་ཡང་མཐོང་བར་གྱུརད་པ་ན། །ཁོ་བོས་དམ་དུ་འཁྱུད་པར་བྱ་བའི་ཆེད་དུ་ནམ་མཁའ་དག་ལ་ལག་ཡུགས་བྱས་པ་ནི། །ས་ལ་གནས་པའི་ནགས་ཀྱི་ལྷ་རྣམས་ཀྱིས་ནི་ངེས་པར་མ་མཐོང་མ་ཡིན་མང་བོ་རུ། །མུ་ཏིག་བརྒྱུས་པ་བཞིན་དུ་ཤིང་གི་ཡལ་ག་རྣམས་ལ་མཆི་མའི་དུམ་བུ་ལྷུང་བར་གྱུར། ། ༡༠༩ དེ་ཝ་དཱ་རུའི་ལྗོན་པ་རྣམས་ཀྱི་ཡལ་གའི་འདབ་མ་རྣམས་ནི་འཕྲལ་དུ་བཅད་བྱས་ནས། །དེ་རྣམས་ཀྱིས་ནི་འོ་མ་ཟགས་པའི་དྲི་བཟང་དང་ལྡན་ལྷོ་ནས་ཞུགས་པའི་དྲི་བཞོན་རྣམས། །གང་ཞིག་བདག་གིས་དང་བོར་རབ་ཏུ་འཁྱུད་དོ་ཀྭ་ཡེ་ཡོན་ཏན་མ་ལུས་དེ་རྣམས་ནི། །གངས་ཀྱི་རི་ལ་གལ་ཏེ་སོང་ན་ཁྱོད་ཀྱི་ལུས་ལ་རེག་པ་ངེས་པར་འགྱུར་རོ་ཅེའོ། ། ༡༡༠ ཐུན་གསུམ་ཅན་མ་ཐུན་རིང་གྱུརད་པ་སྐད་ཅིག་བཞིན་དུ་བསྡུས་པ་ཇི་ལྟར་ཡིན། །ཉིན་པར་ཡང་ནི་གནས་སྐབས་ཀུན་ཏུ་ཅུང་ཟད་གདུང་བའང་ཇི་ལྟར་གྱུརད་པ་ཡིན། །ཀྭ་ཡེ་འདྲེན་བྱེད་གཡོ་བ་དེ་ལྟར་གྱུརད་པས་བདག་སེམས་དོན་གཉེར་སྐལ་བ་དམན་པར་གྱུར། །ཁྱོད་དང་བྲལ་བའི་གདུང་བ་རྣམས་དང་ཆེ་བའི་སྡུག་བསྔལ་རྣམས་ཀྱིས་བརྟན་པ་མིན་པར་བྱས། ། ༡༡༡ བདག་ནི་ཞག་གྲངས་མང་བོའི་བདག་ཉིད་བགྲང་ཞིང་ནང་གི་བསམ་པས་མི་འཆི་བར་ནི་ཤེས། །ཀྭ་ཡེ་དགེ་ལེགས་ལྡན་མ་ཁྱོད་ཀྱང་མྱ་ངན་མང་བོ་ཤིན་ཏུ་བྱ་བ་མ་ཡིན་ཏེ། །བདེ་བ་མཐའ་གཅིག་ལྡན་པ་སུ་ཡིན་རྟག་ཏུ་སྡུག་བསྔལ་མཐའ་གཅིག་པ་ཡང་སུ་ཞིག་ཡིན། །དེ་དག་འཁོར་ལོའི་རྩིབས་ནི་ཅུང་ཟད་འོག་ཏུ་འགྲོ་ཞིང་སྟེང་དུའང་རིམ་གྱིས་འཁོར་བ་བཞིན། ། ༡༡༢ ཁྱབ་འཇུག་ལག་འགྲོའི་གནས་ནས་གཉིད་ལས་ལངས་ཚེ་རྗེ་བོ་ཁྲོས་པའི་བཀའ་ལུང་རྫོགས་པ་ཉིད། །དེ་ལ་ཟླ་བ་བཞི་ཡོད་དེ་བར་མིག་ནི་ཟུམ་པར་བྱས་ནས་ཁྱོད་ནི་གནས་པར་མཛོད། །ཕྱི་ནས་བདག་ཅག་གཉིས་ནི་ཡུན་རིང་བྲལ་བ་ལས་བྱུང་འདོད་པའི་ལོངས་སྤྱོད་དེ་ཐོབ་སྟེ། །སྟོན་ཀའི་ཟླ་བ་རྫོགས་པའི་མཚན་མོ་རྣམས་ལ་འདོད་པའི་ལོངས་སྤྱོད་དེ་དག་ལྡན་པར་འགྱུར། ། ༡༡༣ ཡང་ནི་བརྗོད་པ་སྔོན་ནི་བདག་དང་ཁྱོད་ནི་མལ་སྟན་གནས་ན་མགྲིན་འཁྱུད་གཉིད་སོང་བས། །བདག་ནི་འཕྲལ་ལ་རབ་ཏུ་སད་པར་གྱུར་ནས་ཅི་ཡང་ངུ་བར་བྱས་པར་གྱུརད་པ་ནི། །ནང་ནས་རྒོད་པ་དང་བཅས་ལན་གཅིག་མིན་པར་ཁྱོད་ཀྱིས་བདག་ལ་དྲི་བ་བརྗོད་པ་ནི། །ཀྭ་ཡེ་གཡོ་མ་འགའ་ཞིག་དང་ཡང་དགའ་བྱེད་རྨི་ལམ་དུ་མཐོང་ཞེས་བདག་གིས་ཁྱོད་ལའོ། ། ༡༡༤ དེ་ལ་བདག་ནི་ཁྱོད་ལ་མཚན་མ་བཟང་བོ་སྦྱིན་པར་བྱེད་པ་ཡིན་པར་རིག་བྱས་ནས། །ཀྭ་ཡེ་འདྲེན་བྱེད་དཀར་མིན་སྐྱེ་བོ་ངན་པའི་ཚིག་ལས་བདག་ལ་མི་གུས་འོས་མ་ཡིན། །གང་ཕྱིར་བྲལ་བས་གདུངས་པ་ལོངས་སྤྱོད་བྲལ་ལ་དེ་རྣམས་མཛའ་བོའི་རྗོད་པ་ཅི་ཞིག་ཡིན། །དངོས་པོ་རྣམས་ནི་མཐོང་ཚེ་མཆོག་ཏུ་དགའ་བའི་རོ་ནི་མང་བོའི་ཕུང་བོ་ཉིད་དུ་འགྱུར། ། ༡༡༥ འདི་རྣམས་ཀྱིས་ནི་དང་བོར་བྲལ་བས་གདུངས་པར་གྱུརད་པའི་གྲོགས་མོ་དེ་ནི་དབུགས་དབྱུང་མཛོད། །མིག་གསུམ་པ་ཡི་ཁྱུ་མཆོག་ལྟ་བུར་དཀར་བའི་ཀེེ་ལཱ་ཤ་ཡི་རི་ལས་སླར་ལྡོག་བྱ། །དེ་ལའང་རང་གི་དགེ་བའི་མཚན་མ་ཁྱེར་འོངས་དེ་དང་དེ་ནི་བདག་ལ་བཤད་པར་བྱ། །ཁྱོད་ནི་ཀུན་དའི་གེ་སར་གཡོ་ལྡན་མྱུར་འགྲོ་རྣམས་ཀྱིས་བསྐུལ་བྱས་མྱུར་བར་འོང་བར་བྱ། ། ༡༡༦ ཀྭ་ཡེ་གྲོགས་བཟང་ཁྱོད་ཀྱིས་བདག་གི་གཉེན་འདུན་དག་ཏུ་ཅུང་ཟད་གནས་པ་འདི་བྱས་ནས། །སླར་ཡང་འཕྲིན་རྣམས་བརྟན་པ་ཁྱོད་ལས་ངེས་པར་བདག་ལ་འོང་བར་འགྱུར་ཞེས་བདག་སེམས་སོ། །ཙཱུ་ཏ་ཀ་རྣམས་སྒྲ་མེད་པར་ཡང་ཆུ་ནི་སྦྱིན་པར་མཛོད་ཅེས་ཁྱོད་ལ་ཞུ་བར་སེམས། །གང་ཕྱིར་སྐྱེ་བོ་རྣམས་ལ་འདོད་པར་གྱུརད་པ་རྣམས་ཀྱི་བྱ་བའི་དོན་ཉིད་ལན་གྱི་ཚིག ། ༡༡༧ ཀྭ་ཡེ་ཆུ་འཛིན་གདུང་ལྡན་བདག་གི་བརྗོད་པ་བདག་གི་སེམས་ལ་དོན་གཉེར་དགའ་བ་ཡི། །ཚོགས་འདི་བྱམས་པར་གྱུརད་པའམ་རྗེས་སུ་རབ་ཏུ་བརྩེ་བའི་བློས་ནི་འདི་རྣམས་ཀུན་བྱས་ནས། །ཁྱོད་ཀྱང་འདོད་པའི་ཡུལ་ནི་ཐོབ་ཅིང་མཛེས་པའི་ཆར་སྤྲིན་ཚོགས་འཛིན་དཔལ་དང་ལྡན་པ་དང་། །གློག་མ་དང་ཡང་ནམ་ཡང་མི་འབྲལ་གྱུར་ཅིག་དེ་བཞིན་ཀུན་ཀྱང་དགེ་ཞིང་ཤིས་གྱུར་ཅིག །སྙན་དངགས་མཁན་ཆེན་པོ་ནག་མོ་ཁོལ་གྱིས་མཛད་པའི་སྤྲིན་གྱི་ཕོ་ཉ་རྫོགས་སོ།།   །།བློ་གྲོས་དང་སྙིང་རྗེ་དང་། བརྟུལ་བ་དང་དེས་པ་དང་། གཏོང་བ་ལ་སོགས་པའི་ཡོན་ཏན་ཕུལ་དུ་བྱུང་བ་དཔག་ཏུ་མེད་པས་སྤྲས་པའི་དཔོན་ཆེན་ནམ་མཁའ་བརྟན་པའི་བཀའ་ལུང་གིས། ཁ་ཆེའི་པཎྜིཏ་སྙན་དངགས་མཁན་ཆེན་པོ་སུ་མ་ན་ཤྲཱི་དང་། ཞུ་ཆེན་གྱི་ལོ་ཙཱ་བ་མང་དུ་ཐོས་པའི་དགེ་སློང་བྱང་ཆུབ་རྩེ་མོ་དང་། ལོ་ཙཱ་བར་གཏོགས་པ་ལུང་རིགས་སྨྲ་བ་ནམ་མཁའ་བཟང་བོས་དཔལ་ས་སྐྱའི་གཙུག་ལག་ཁང་ཆེན་པོར་བསྒྱུརད་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །གང་ཞིག་ཐུགས་དགོངས་རྣམ་པར་དག་པ་ཡིས། །འདི་ལ་བསྐུལ་ཞིང་མཐུན་རྐྱེན་བསྒྲུབས་པ་དང་། །བདག་ཅག་འབད་ལས་བསོད་ནམས་གང་བསྒྲུབས་པས། །འཁོར་བ་ལས་བརྒལ་སྐུ་གསུམ་ཐོབ་པར་ཤོག །བྱང་གི་བདག་པོའི་གསུང་བཟང་ལས། །སྙན་དངགས་འདི་ནི་བོད་སྐད་དུ། །ཁ་ཆེ་པཎ་ཆེན་དང་ལྷན་ཅིག །དགེ་སློང་བྱང་ཆུབ་རྩེ་མོས་བསྒྱུར། །འདིས་འགྲོ་བ་དཔག་ཏུ་མེད་པ་ལ་ཕན་ཐོགས་ནས་བཀྲ་ཤིས་ཤིང་བདེ་ལེགས་སུ་གྱུར་ཅིག །། །།