དབུ་མ་ཤེས་རབ་ལ་འཇུག་པའི་ས་བཅད་བཞུགས་སོ། །

2014-04-26

~~༈    དབུ་མ་ཤེས་རབ་ལ་འཇུག་པའི་ས་བཅད་བཞུགས་སོ། །
འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཆོས་ཀུན་སྐྱེ་བ་མེད་པའི་དོན། །ལུང་དང་རིགས་པས་གཏན་འབེབ་པར། །ས་སྟེང་འགྲན་པའི་ཟླ་བྲལ་བ། །ཟླ་བ་གྲགས་པའི་ཞབས་ལ་འདུད། །གང་གི་ཐུགས་མཚོ་ལས་བྱུང་བའི། །ཟབ་མོའི་གནད་རྣམས་གསལ་བྱེད་པ། །དབུ་མ་ཤེས་རབ་ལ་འཇུག་པའི། །གཞུང་དོན་འབྱེད་པའི་ས་བཅད་འབྲི། །
དེ་ཡང་སློབ་དཔོན་ཟླ་བ་གྲགས་པ་ཐེག་པ་མཆོག་ལ་ཐུགས་གཞོལ་བ། མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེ་མངའ་བ། རི་མོར་བྲིས་པའི་བ་དྲུས་མ་ལས་འོ་མ་བཞོས་པས་བདེན་པར་ཞེན་པ་བཟློག་པར་མཛད་པས་སྦྱར་བ། དབུ་མ་ཤེས་རབ་ལ་འཇུག་པ་ཞེས་བྱ་བ་ཟབ་པ་དང་རྒྱ་ཆེ་བའི་ཚུལ་སྟོན་པའི་གཞུང་གི་དོན་གསལ་བར་བྱ་བ་ལ། ཐོག་མར་དགེ་བ་ཀླད་ཀྱི་དོན། བར་དུ་དགེ་བ་གཞུང་གི་དོན། ཐ་མར་དགེ་བ་མཇུག་གི་དོན་ནོ། །དང་པོ་ལ། མཚན་གྱི་དོན། འགྱུར་གྱི་ཕྱག །བཤད་པའི་དམ་བཅའོ། །དང་པོ་ནི། རྒྱ་གར་སྐད་སོགས་སོ། །གཉིས་པ་ནི། འཇམ་དཔལ་སོགས་སོ། །གསུམ་པ་ནི། དབུ་མ་སོགས་སོ། །གཉིས་པ་བར་དུ་དགེ་བ་གཞུང་གི་དོན་ལ། མདོར་བསྟན་པ། རྒྱས་པར་བཤད་པ། དོན་བསྡུ་བའོ། །དང་པོ་ནི། དགག་བསྒྲུབ་སོགས་ཚིག་རྐང་བཞིའོ། །གཉིས་པ་རྒྱས་པར་བཤད་པ་ལ། ལྟ་བས་སྤྲོས་པ་གཅོད་པ། སྒོམ་པས་ཉམས་སུ་ལེན་པ། སྤྱོད་པས་བླང་དོར་བྱ་བ། འབྲས་བུས་གཞན་དོན་བྱེད་པའོ། །དང་པོ་ལ། ཡང་དག་པའི་ལྟ་བ། མཐའ་བྲལ་གྱི་ལྟ་བའོ། །དང་པོ་ནི། མི་དགེ་སོགས་ཚིག་རྐང་གཉིས་སོ། །གཉིས་པ་མཐའ་བྲལ་གྱི་ལྟ་བ་ལ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། དངོས་པོར་སོགས་ཚིག་རྐང་གཉིས་སོ། །གཉིས་པ་རྒྱས་པར་བཤད་པ་ལ། གཞན་གྱི་ཞེན་པ་དགག་པ། རང་ལ་བསྒྲུབ་ཏུ་མེད་པའོ། །དང་པོ་ལ། སྒྲུབ་ངག་འགོད་པ། ཚུལ་སྒྲུབ་པ། རྩོད་པ་སྤོང་བའོ། །དང་པོ་ནི། སྣང་བའི་སོགས་ཚིག་རྐང་བཞིའོ། །གཉིས་པ་ཚུལ་སྒྲུབ་པ་ལ། ཕྱོགས་ཆོས་སྒྲུབ་པ། ཁྱབ་པ་སྒྲུབ་པའོ། །དང་པོ་ལ། ཕྱི་དོན་མེད་པ། རྣམ་རིག་མེད་པའོ། །དང་པོ་ལ། རྩོམ་གཞི་རྡུལ་ཕྲན་མེད་པ། བརྩམས་པའི་རགས་པ་མེད་པའོ། །དང་པོ་ནི། ཆ་ཤས་སོགས་ཚིག་རྐང་ལྔའོ། །གཉིས་པ་ནི། དེ་ཉིད་སོགས་ཚིག་རྐང་གཉིས་སོ། །གཉིས་པ་རྣམ་རིག་མེད་པ་ལ། རྣམ་བདེན་མེད་པ། རྣམ་རྫུན་མེད་པའོ། དང་པོ་ནི། རྣམ་པ་སོགས་ཚིག་རྐང་གསུམ་མོ། །གཉིས་པ་ནི། རྣམ་པ་བརྫུན་སོགས་ཚིག་རྐང་བཞིའོ། །གཉིས་པ་ཁྱབ་པ་སྒྲུབ་པ་ནི། གཅིག་དང་སོགས་ཚིག་རྐང་གསུམ་མོ། །གསུམ་པ་རྩོད་པ་སྤོང་བ་ལ། ཐ་སྙད་དང་འགལ་བ་སྤོང་བ། རིགས་པ་དང་འགལ་བ་སྤོང་བའོ། །དང་པོ་ནི། མངོན་སུམ་སོགས་ཚིག་རྐང་གསུམ་མོ། །གཉིས་པ་ནི། ཐ་སྙད་སོགས་ཚིག་རྐང་གཉིས་སོ། །གཉིས་པ་རང་ལ་བསྒྲུབ་ཏུ་མེད་པ་ལ། ཆོས་ཉིད་དགག་སྒྲུབ་བྲལ་བ། ཆོས་ཅན་མེད་པར་བསྟན་པའོ། །དང་པོ་ནི། ཡེ་ནས་སོགས་ཚིག་རྐང་དྲུག་གོ། །གཉིས་པ་ནི། ཀུན་རྫོབ་སོགས་ཚིག་རྐང་བཞིའོ། །གཉིས་པ་སྒོམ་པས་ཉམས་སུ་ལེན་པ་ལ། མཉམ་བཞག །རྗེས་ཐོབ་བོ། །དང་པོ་ལ། བསྒོམ་བྱའི་དོན། འཇོག་པའི་ཐབས། མཐོང་བའི་ངོ་བོའོ། །དང་པོ་ནི། དེ་ཡི་སོགས་ཚིག་རྐང་གཅིག་གོ། །གཉིས་པ་ནི། རྟོག་མེད་སོགས་ཚིག་རྐང་གཅིག་གོ། །གསུམ་པ་ནི། ངོས་གཟུང་སོགས་ཚིག་རྐང་གཉིས་སོ། །གཉིས་པ་རྗེས་ཐོབ་ནི། ལངས་ལ་སོགས་ཚིག་རྐང་གཉིས་སོ། །གསུམ་པ་སྤྱོད་པས་བླང་དོར་བྱ་བ་ལ། ལག་ལེན། ཀུན་སློང། གལ་གནད་དོ། །དང་པོ་ནི། སྡོམ་པ་སོགས་ཚིག་རྐང་གཉིས་སོ། །གཉིས་པ་ནི། སྙིང་རྗེ་སོགས་ཚིག་རྐང་གསུམ་མོ། །གསུམ་པ་ནི། སེམས་ཅན་སོགས་ཚིག་རྐང་གཉིས་སོ། །བཞི་པ་འབྲས་བུས་གཞན་དོན་བྱེད་པ་ལ། འཐོབ་བྱ་སངས་རྒྱས། གཞན་དོན་ཕྲིན་ལས་སོ། །དང་པོ་ནི། དེ་ཡི་སོགས་ཚིག་རྐང་བཞིའོ། །གཉིས་པ་ནི། སེམས་ཅན་སོགས་ཚིག་རྐང་གཅིག་གོ། །གསུམ་པ་དོན་བསྡུ་བ་ནི། དེ་ཕྱིར་སོགས་ཚིག་རྐང་ལྔའོ། །གསུམ་པ་ཐ་མར་དགེ་བ་མཇུག་གི་དོན་ལ། འཐད་པ་ལེན་པ། ཉེས་པ་སྤོང་བ། སྒྲུབ་པར་བརྩོན་པ། དགེ་བ་བསྔོ་བ། མཇུག་བྱང་སྨོས་པའོ། །དང་པོ་ནི། དེ་ལྟར་སོགས་ཚིག་རྐང་གསུམ་མོ། །གཉིས་པ་ནི། ཆོས་ལ་སོགས་ཚིག་རྐང་གཅིག་གོ། །གསུམ་པ་ནི། གཡེང་བ་སོགས་ཚིག་རྐང་གཉིས་སོ། །བཞི་པ་ནི། བདག་གིས་སོགས་ཚིག་རྐང་གཉིས་སོ། །ལྔ་པ་ལ། བརྩམས་བྱང་དང། འགྱུར་བྱང་ངོ། །དང་པོ་ནི། དབུ་མ་ཤེས་རབ་སོགས་སོ། །གཉིས་པ་ནི། པཎྜི་ཏ་སོགས་སོ། །
སྨོན་པ། དངོས་འཛིན་གདོན་གྱིས་སྨྱོས་པ་ཡི། །ཕ་མའི་རང་བཞིན་འགྲོ་བ་རྣམས། །ཟབ་མོའི་ཆོས་ཀྱི་དོན་རྟོགས་ཏེ། །སྐུ་གསུམ་འབྲས་བུ་མངོན་གྱུར་ཤོག །
ཅེས་རྒྱལ་ཁམས་པ་སྐྱོ་བྲག་དགའ་དབང་། ཞི་བདེ་རྒྱ་མཚོའི་མཚོ་འཇིངས་ཀྱི་གླིང་ཕྲན། ཡུལ་ཐེ་ཝན་དུ་གྲགས་པར་བསླེབས་ཏེ། ཚངས་གསར་བླ་མ་ཀརྨ་དཔལ་འབྱོར་གྱིས་ཉེར་མཁོའི་འཚོ་བ་སྦྱོར་བའི་སྐབས་ན་སུག་བྲིས་བགྱིས་པ་དགེ་ལེགས་འཕེལ།།  །།       ༈    པར་བྱང་སྨོན་ཚིག །ཨོཾ་སྭ་སྟི། འདོད་འབྱུང་རིན་ཆེན་བྱེ་བས་མི་སྒྲུན་པའི། །བྲལ་སྨིན་ཡོན་ཏན་དཔག་ཏུ་མེད་སྣང་བས། །ཀུན་གསལ་ཁྱོན་མཉམ་སྲིད་འགྲོའི་ནོངས་པ་ཀུན། །རིང་དུ་བཅིལ་ནས་དོན་དམ་མཆོག་གི་དངོས། །ཡེ་ཤེས་ཆེ་རྣམས་ཕྲིན་ལས་འཇུག་པར་བཅས། །མངོན་པར་མཛད་ཚུལ་ཤེས་བྱའི་དཀྱིལ་འཁོར་ན། །མཚུངས་པ་མེད་པ་ཤཱཀྱའི་དབང་པོ་ཡི། །གསུང་རབ་ནོར་བུའི་རྣམ་པ་མང་པོ་ཅན། །ཤིན་ཏུ་རྒྱ་ཆེར་གྱུར་པའི་མཛོད་ཆེན་པོ། །མ་སྒྲིབ་ཀུན་ཏུ་སྣང་བྱེད་སྒྲོན་མེའི་མཆོག །སྲིད་པའི་རྩེར་ཡང་གྲགས་པའི་འོད་འཕྲོ་བའི། །ཐུབ་པའི་བསྟན་པ་མཆོག་དང་འགྲོ་བའི་ཁམས། །ཀུན་ལ་ཕན་བདེའི་བརྩས་སུ་སྣང་བ་ཅན། །ཚོགས་གཉིས་འབྱུང་གནས་པུཀྟ་ཀ་ཡི་ཕྲེང༌། །གསེར་ལྡན་ཁྱོན་ཡངས་འདི་ན་བསྐལ་པའི་བར། །རབ་གནས་དོན་གཉིས་གྲུབ་པ་མཆོག་འབྱུང་ཕྱིར། །མི་ཟད་ནམ་མཁའི་མཛོད་ལྟར་བཀོད་པ་ལས། །ལེགས་འོང་དགེ་བ་སྟོན་ཟླའི་འོད་ཟེར་དང༌། །ཁ་བའི་ལྷུན་པོ་ཀུན་ཟླའི་ཚལ་ཆེན་གྱི། །རྗེས་སོང་མཐུ་དཔལ་ཀུན་ཏུ་རྒྱས་པ་ཡིས། །འཛམ་གླིང་ཞི་བདེར་མཛད་པའི་གྲགས་འབར་བ། །སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཆེའི། །གསང་གསུམ་བཅོམ་ལྡན་ཚེ་མཐའ་ཡས་ཉིད་དང༌། །མི་ཕྱེད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག །འཇིག་རྟེན་འདྲེན་པ་རྒྱལ་དབང་ཀརྨ་པའི། །ཕྲིན་ལས་ནམ་མཁའི་ཁྱོན་ཡངས་དང་མཉམ་པས། །མ་ལུས་འགྲོ་བ་རྫོགས་སངས་རྒྱས་པ་ཡི། །གོ་འཕང་མཆོག་ཏུ་འགོད་ལ་འཚེ་བ་ཅན། །མ་རུང་བདུད་དགྲའི་དཔུང་ལས་རྣམ་རྒྱལ་བའི། །སྙན་པའི་སྒྲ་དབྱངས་ཞིང་ཀུན་ཁྱབ་གྱུར་ཏེ། །ལུང་དོན་འཆད་དང་ཡང་དག་རྟོགས་པ་ཡི། །བསྟན་པས་འཇིག་རྟེན་མ་ལུས་འགེང་གྱུར་ཅིག །
དེ་སྐད་ཅེས་ཕན་བདེའི་འབྱུང་གནས་གསུང་རབ་ཀྱི་ཚོགས་མང་པོ་ཤེས་གསལ་དཔེ་སྐྲུན་ཁང་དང་དཔལ་གྱི་སྟོད་ལུང་མཚུར་ཕུ་ཆོས་སྒར་གོང་ནས་པར་སྐྲུན་གྱི་སྲི་ཞུ་མངོན་པར་སྒྲུབ་པའི་ཚེ་དེ་ཡི་དགེ་ལེགས་ཀྱི་འབྲས་བུ་དཔག་མེད་དུ་འབྱུང་བའི་སྨོན་ཚིག་ཏུ་རྒྱལ་ཚབ་གྲགས་པ་མི་འགྱུར་གོ་ཆས་ཆུ་འབྲུག་ས་ཟླའི་དཀར་ཕྱོགས་ཀྱི་དགའ་བ་དང་པོའི་ཉིན་ལྷག་པའི་བསམ་པའི་རོལ་མཚོ་ལས་ཕྱུངས་ནས་བྲིས་པ་ཛཱ་ཡནྟུ།།  །།