དབུ་མ་ཤེས་རབ་ལ་འཇུག་པའི་ཊཱིཀ་ཚིག་དོན་རབ་གསལ་ཞེས་བྱ་བ་བཞུགས་སོ། ། 5

2014-04-26

~~དེས་ན་མཐོ་རིས་སམ་ཐར་པ་ཙམ་མམ་ཐམས་ཅད་མཁྱེན་པའི་གོ་འཕང་དངོས་སམ་བརྒྱུད་ནས་འཐོབ་པར་བྱེད་པའི་རྒྱུ་གང་གི་རྒྱུད་ལ་གནས་པ་ནི་གང་བསྔོ་རྒྱུའི་དགེ་བའི་མཚན་ཉིད་ཡིན་ནོ། །གང་གི་ཆེད་དུ་བསྔོ་བ་ནི། བདག་ཉིད་གཅིག་པུའི་དོན་དུ་མ་ཡིན་པར་སེམས་ཅན་ཐམས་ཅད་ཀྱི་གཏན་དོན་དུ་བསྔོ་བ་སྟེ། འགྲོ་བའི་དོན་དུ་བྱང་ཆུབ་ཕྱིར་ནི་ཐམས་ཅད་བསྔོ། །ཞེས་དང་། ཁྱད་པར་འཕགས་བསྟོད་ལས། བསོད་ནམས་བྱས་པའི་ཚོགས་དག་ནི། །སེམས་ཅན་རྣམས་ལ་ཡོངས་བསྔོ་བར། །བཅོམ་ལྡན་ཁྱོད་ཀྱིས་གང་གསུངས་པ། །དེ་གཞན་བསྟན་བཅོས་ལས་མ་བཤད། །ཅེས་སོ། །གང་དུ་བསྔོ་བའི་ཡུལ་ནི། འཆིང་བ་ཐམས་ཅད་ལས་གྲོལ་བའི་བྱང་ཆུབ་དམ་པ་ཐོབ་པར་གྱུར་ཅིག་པ་སྟེ། ཡུམ་ལས། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་ཀྱི་སའམ་རང་སངས་རྒྱས་ཀྱི་སར་ཡོངས་སུ་བསྔོར་མི་འཇུག་པའོ། །ཞེས་སོ། །ཇི་ལྟར་བསྔོ་བའི་ཚུལ་ནི། སྦྱིན་པ་པོ་དང་ཡུལ་དང་སྦྱིན་པ་ཉིད་དེ་འཁོར་གསུམ་གྱི་རྣམ་པ་གང་ལ་ཡང་མངོན་པར་ཞེན་པ་མེད་པ་སྒྱུ་མའི་སྐྱེས་བུ་ལ་སྒྱུ་མའི་ལོངས་སྤྱོད་སྦྱིན་ཞིང་བསྔོ་བ་ཞིག་ལ་སྒྱུ་མར་ཤེས་པའི་མིས་རྟོག་པ་ལྟ་བུ་འཁོར་གསུམ་གྱི་རྣམ་པ་ཙམ་ཞིག་འགག་མེད་ཏུ་སྣང་ཡང་ངོ་བོ་ཉིད་ཀྱིས་དེ་གང་དུ་ཡང་མི་གནས་པའི་རང་བཞིན་ཤེས་པས་བསྔོ་བ་སྟེ། ཡུམ་རྒྱན་ལས། ཡོངས་སུ་བསྔོ་བ་ཁྱད་པར་ཅན། །དེ་ཡི་བྱེད་པ་མཆོག་ཡིན་ནོ། །དེ་ནི་དམིགས་མེད་རྣམ་པ་ཅན། །ཕྱིན་ཅི་མ་ལོག་མཚན་ཉིད་དོ། །ཞེས་དང་། འཇུག་པ་ལས། སྦྱིན་པ་སྦྱིན་བྱ་ལེན་པོ་གཏོང་པོས་སྟོང་། །འཇིག་རྟེན་འདས་པའི་ཕ་རོལ་ཕྱིན་ཞེས་བྱ། །གསུམ་པོ་དག་ལ་ཆགས་སྐྱེས་གྱུར་པ་ན། །འཇིག་རྟེན་པ་ཡི་ཕ་རོལ་ཕྱིན་ཅེས་བརྗོད། །ཅེས་སོ། །མདོར་ན་ཆོས་ཀྱི་དབྱིངས་གཟོད་ནས་རྣམ་པར་དག་ཅིང་དམིགས་མཚན་གྱིས་མ་གོས་པའི་རང་བཞིན་ཡང་དག་པར་ཤེས་པས་བདག་དང་སེམས་ཅན་དང་བྱང་ཆུབ་དང་དགེ་བའང་ཆོས་ཉིད་ཀྱི་ཚུལ་གང་ཡིན་པ་དེ་ཁོ་ནར་མཐོང་བས་དམིགས་མཚན་གྱི་འདུ་ཤེས་ལོག་ཅིང་རྒྱུ་རྐྱེན་གྱི་དབང་ལས་སྒྲུབ་ཏུ་མི་རུང་བའི་ཆོས་ཀྱང་མི་སྲིད་པ་རྟེན་འབྲེལ་གྱི་ཚུལ་མཁྱེན་པས་བསྔོ་བ་དང་སྨོན་ལམ་གྱི་ཚོགས་མཐའ་ཡས་པ་ལ་འཇུག་པ་ནི་དམིགས་མེད་ཀྱི་བསྔོ་བ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་རང་བཞིན་ཤེས་པས་བསྔོ་བ་ནི་དམིགས་པའི་དུག་མེད་པ་འཁོར་གསུམ་རྣམ་པར་དག་པའི་བསྔོ་བ་ཡིན་ལ་ཀུན་ནས་མངོན་པར་ཞེན་པས་བསྔོ་བ་ནི་དུག་དང་བཅས་པ་སྟེ། མདོ་སྡུད་པ་ལས། ཡོངས་བསྔོ་གལ་ཏེ་སེམས་སུ་འདུ་ཤེས་འབྱུང་འགྱུར་ཞིང་། །བྱང་ཆུབ་འདུ་ཤེས་ཡོངས་བསྔོ་སེམས་ཅན་འདུ་ཤེས་ན། །འདུ་ཤེས་ཕྱིར་ན་ལྟ་གནས་སེམས་ནི་གསུམ་ལ་ཆགས། །དམིགས་པ་ཡོད་པས་ཡོངས་སུ་བསྔོ་བར་ཆུད་མ་ཡིན། །གལ་ཏེ་འདི་ལྟར་ཆོས་འདི་འགགས་ཤིང་ཟད་པ་དང་། །གང་དུ་ཡོངས་སུ་བསྔོ་བ་དེ་ཡང་ཟད་པ་དང་། །ཆོས་ཀྱིས་ཆོས་ལ་ནམ་ཡང་མི་བསྔོ་ཤེས་གྱུར་ན། །དེ་ལྟར་རབ་ཏུ་ཤེས་པས་ཡོངས་སུ་བསྔོས་པ་ཡིན། །གལ་ཏེ་མཚན་མར་བྱེད་ན་དེ་ནི་བསྔོ་མ་ཡིན། །ཇི་སྟེ་མཚན་མ་མེད་ན་བྱང་ཆུབ་བསྔོ་བ་ཡིན། །ཇི་ལྟར་དུག་དང་འདྲེས་པའི་ཁ་ཟས་བཟང་ཟ་བ། །དཀར་པོའི་ཆོས་ལ་དམིགས་པའང་དེ་འདྲར་རྒྱལ་བས་གསུངས། །ཞེས་སོ། །སོ་སྐྱེ་ཡིན་ཡང་དགེ་བའི་བཤེས་གཉེན་གྱིས་ལེགས་པར་ཟིན་པ་རྣམས་ནི་འཁོར་གསུམ་རྣམ་པར་དག་པ་དང་རྗེས་སུ་མཐུན་པའི་ཤེས་རབ་ཡོད་ལ། གལ་ཏེ་མེད་པ་ཞིག་ཡིན་ན་ཡང་བདག་ལྟ་བུས་གང་ཞིག་གང་དུ་ཡང་དག་པར་བསྔོ་བ་མི་ཤེས་མོད་ཀྱི་སངས་རྒྱས་རྣམས་ཀྱིས་ཇི་ལྟར་མཁྱེན་པའི་རྣམ་པ་དང་འབྱུང་བ་དང་མཚན་ཉིད་གང་ཡིན་པ་དེ་ལྟར་ཡོངས་སུ་བསྔོའོ་ཞེས་བསྔོ་བ་ནི་དུག་མེད་པ་ཡང་དག་པའི་བསྔོ་བར་འགྱུར་བ་ཡིན་ཏེ། སངས་རྒྱས་རྣམས་ཀྱིས་འཁོར་གསུམ་གཟོད་ནས་དག་པ་ཁོ་ནར་གཟིགས་པའི་ཕྱིར། དེས་ན། དེ་ལྟས་འདི་ལྟར་ཡོངས་སུ་བསྔོ་བ་བསླབ་བྱ་སྟེ། །ཇི་ལྟར་རྒྱལ་བ་དེ་དག་དགེ་བ་དེ་མཁྱེན་པའི། །རྣམ་པ་གང་ཡིན་འབྱུང་གང་མཚན་ཉིད་གང་ཡིན་ལ། །རྗེས་སུ་ཡི་རང་དེ་ལྟ་དེ་ལྟར་ཡོངས་སུ་བསྔོ། །དེ་ལྟར་བསོད་ནམས་བྱང་ཆུབ་ཡོངས་སུ་བསྔོ་བྱེད་ན། །དུག་མེད་སངས་རྒྱས་མི་སྤོང་རྒྱལ་བས་གསུངས་པ་སྨྲ། །དེ་ལྟར་ཡོངས་བསྔོ་དཔའ་བོས་འཇིག་རྟེན་དམིགས་ཅན་གྱི། །བྱང་ཆུབ་སེམས་དཔའ་ཇི་སྙེད་ཐམས་ཅད་ཟིལ་གྱིས་གནོན། །ཞེས་གསུངས་པས་ལས་དང་པོ་པས་ཀྱང་དམིགས་མེད་ཀྱི་བསྔོ་བ་སྒྲུབ་པར་མི་ནུས་པ་ནི་མ་ཡིན་ནོ། །དེ་ལྟར་བསྔོས་པའི་ཕན་ཡོན་ནི། ཆུ་ཐིགས་པ་གཅིག་རྒྱ་མཚོ་ཆེན་པོར་འཕངས་ན་རྒྱ་མཚོ་མ་ཟད་ཀྱི་བར་ཆུ་ཐིགས་དེ་མི་ཟད་པ་ལྟ་བུ་སྟེ། བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས། བྱང་ཆུབ་སེམས་དཔའི་ཡང་དག་པར་བསྒྲུབ་པ་མི་ཟད་པ་གང་ཞེ་ན། གང་ཇི་ལྟ་བུར་དགེ་བའི་སེམས་སྐྱེས་ཤིང་བྱུང་བ་བྱང་ཆུབ་ཀྱི་ཕྱིར་ཡོངས་སུ་བསྔོ་བར་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔའི་ཡང་དག་པར་བསྒྲུབ་པ་མི་ཟད་པའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་ཕྱིར་ཏེ། བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་དགེ་བའི་རྩ་བ་ནི་བྱང་ཆུབ་ཀྱི་སྙིང་པོ་ལ་མ་འདུག་གི་བར་དུ་བར་མ་དོར་ཡོངས་སུ་ཟད་པ་འམ། གཏུགས་པར་འགྱུར་བ་གང་ཡང་མེད་དོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ། འདི་ལྟ་སྟེ་དཔེར་ན། ཆུའི་ཐིགས་པ་རྒྱ་མཚོ་ཆེན་པོར་ལྟུང་བ་ནི་བསྐལ་པས་མ་བསྲེགས་ཀྱི་བར་དུ་བར་མ་དོར་ཡོངས་སུ་ཟད་པ་འམ་གཏུགས་པར་མི་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་དགེ་བའི་རྩ་བ་ཡང་བྱང་ཆུབ་ཀྱི་སྙིང་པོ་ལ་མ་འདུག་གི་བར་དུ་བར་མ་དོར་ཡོངས་སུ་ཟད་པའམ་གཏུགས་པར་འགྱུར་བ་གང་ཡང་མེད་དོ། །ཞེས་སོ། །ལྔ་པ་ལ། བརྩམས་བྱང་དང། འགྱུར་བྱང་ངོ། །དང་པོ་ནི། དབུ་མ་ཤེས་རབ་ལ་འཇུག་པ་ཞེས་བྱ་བ། སློབ་དཔོན་ཆེན་པོ་ཟླ་བ་གྲགས་པས་མཛད་པ་རྫོགས་སོ། །
ཞེས་པ་སྟེ། ཐེག་པ་མཆོག་ལ་ཐུགས་གཞོལ་བ། མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེ་མངའ་བ། རི་མོར་བྲིས་པའི་བ་དྲུས་མ་ལས་འོ་མ་བཞོས་པས་བདེན་པར་ཞེན་པ་བཟློག་པར་མཛད་པའི་སློབ་དཔོན་ཆེན་པོ་ཟླ་བ་གྲགས་པས་སྦྱར་བ་དབུ་མ་ཤེས་རབ་ལ་འཇུག་པ་ཆ་ཡོངས་སུ་ཚང་བས་ན་རྫོགས་སོ། །
གཉིས་པ་ནི། པཎྜི་ཏ་དེ་ཉིད་དང་ལོ་ཙྪ་བ་འགོས་ཁུག་པ་ལྷ་བཙས་ཀྱིས་བསྒྱུར་པའོ། །
ཞེས་པ་སྟེ། པཎྜི་ཏ་ནི་ལྔ་རིག་པ་སྟེ་རིག་པའི་གནས་ལྔ་ཤེས་པའི་མཁས་པ་ལ་གོ་ཞིང། འགོས་ཀྱིས་སློབ་དཔོན་ཟླ་བ་གྲགས་པ་མཇལ་བའི་གཏམ་མི་སྣང་བས་ན་དེ་ཉིད་དང་ཞེས་པ་ནི་གཞུང་གཞན་ཞིག་གི་སྒྱུར་རོགས་པཎྜི་ཏ་ལ་གོ་དགོས་པར་མངོན་ནོ། །ལོ་ཙྪ་བའམ་འཇིག་རྟེན་གྱི་མིག་ལྟར་གྱུར་པའི་སྐད་གཉིས་སྨྲ་བ་རུས་འགོས་དང་འཁྲུངས་ཡུལ་གྱི་ས་ཆ་རྟ་ནག་ཕུའི་ཁུག་པ་ཡིན་པ་མིང་ལྷ་བཙས་ཞེས་བྱ་བས་བསྟན་པ་ཕྱི་དར་གྱི་དུས་སུ་འཕགས་ཡུལ་ལེགས་སྦྱར་གྱི་སྐད་ལས་བོད་སྐད་དུ་ལེགས་པར་བསྒྱུར་པ་སྟེ་མར་འགོས་འབྲོག་གསུམ་ཕྱི་དར་བསྟན་པའི་འབྱུང་ཁུངས་སུ་གྲགས་པའི་ཡ་གྱལ་དེའོ། །གཞུང་འདིའི་འགྲེལ་བ་ཞིག་ཀྱང་མཇལ་བར་མ་གྱུར་པས་གཞུང་དོན་ཇི་བཞིན་ཁྲོལ་བར་དཀའ་ནའང་། རྒྱལ་བའི་བཀའ་དང་རྗེས་འཇུག་མཁས་པའི་གསུང་དྲི་མ་མེད་པ་དག་ཁུངས་སུ་བྱས་པས་ཡིད་ཆེས་པའི་འོས་སུ་འགྱུར་ཞིང་བྱིན་རློབས་ཀྱི་བབ་ཀྱང་ཡོད་པར་སྙམ་མོ། །
སྨྲས་པ། འཁོར་འདས་སྣང་བ་སྣ་ཚོགས་སྣང་ལགས་ཀྱང་། །གདོད་ནས་སྐྱེ་མེད་དྲི་མ་མེད་པའི་དོན། །ཡང་དག་བསྟན་པ་ཟབ་མོ་དབུ་མའི་གཞུང་། །ཀུན་གྱི་ཟབ་གནད་ཤེས་རབ་འཇུག་པ་འདི། །སྐྱེ་བ་གཞན་དུ་གོམས་པའི་བག་ཆགས་དང་། །ཚེ་ལུས་འདི་ཡི་ཐོས་བསམ་སྒོམ་པ་སོགས། །ཅི་ཡང་མེད་པ་སྙིགས་མའི་བཙུན་གཟུགས་ངའི། །ཤེས་པའི་སྤྱོད་ཡུལ་གྱུར་པ་ག་ལ་ཞིག །འོན་ཏེ་བསམ་བཞིན་སྲིད་པ་ཉེར་བཟུང་བ། །སྙིང་པོའི་བསྟན་པ་འཛིན་པའི་ཕྲིན་ལས་ཅན། །བླ་མའི་གསུང་གིས་གནང་བ་བསྩལ་བ་དག །རང་དགར་འཇོག་པ་ཤིན་ཏུ་ཕངས་པས་ན། །རྒྱལ་བའི་བཀའ་དང་རྗེས་འཇུག་མཁས་པའི་གསུང་། །དྲི་མ་མེད་པ་དག་ལ་ཁུངས་བཅོལ་ཏེ། །ཚིག་དང་དོན་གྱི་ཆ་ལ་དགོས་ངེས་པའི། །སྙིང་པོ་བསྡུས་པའི་འབད་པ་དང་དུ་བླངས། །དེས་ན་ལྷག་པའི་བསམ་པ་ཁོ་ན་ལས། །ཤེས་རབ་རྩལ་གྱིས་ཞུགས་པ་མ་ལགས་པས། །ཚིག་དོན་ནོར་བའི་ཉེས་པ་ཡོད་ངེས་པ། །དམ་པའི་སྤྱན་སྔར་སྙིང་ནས་མཐོལ་ལོ་བཤགས། །འདི་ལ་འབད་པའི་དགེ་བ་ཅི་མཆིས་པ། །བཀའ་དྲིན་ཟླ་མེད་མ་རྒན་སེམས་ཅན་རྣམས། །ཟབ་མོའི་དོན་རྟོགས་འཁོར་བའི་འཇིགས་པ་ཡལ། །སངས་རྒྱས་གོ་འཕང་འཐོབ་པའི་ཆེད་དུ་བསྔོ། །བདག་ཀྱང་སྐྱེ་དང་ཚེ་རབས་ཐམས་ཅད་དུ། །ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ། །མི་ནུབ་ཕྱོགས་དུས་ཀུན་ཏུ་སྤེལ་བ་ལ། །ཐོགས་པ་མེད་པའི་ཕྲིན་ལས་འབྱོང་གྱུར་ཅིག །གཞུང་བཟང་འདི་ཡང་ཉི་ཟླའི་དཀྱིལ་འཁོར་བཞིན། །ནང་གི་མུན་པ་སེལ་བའི་གཉེན་གྱུར་ཏེ། །གདུལ་བྱའི་མཁའ་ལ་རྟག་པར་འཆར་བ་ཡི། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །
ཅེས་དབུ་མ་ཤེས་རབ་ལ་འཇུག་པའི་ཊཱིཀ་ཚིག་དོན་རབ་གསལ་ཞེས་བྱ་བ་འདི་ནི། ཁོ་བོའི་སྐྱབས་ཀྱི་དམ་པ་མཁས་དང་གྲུབ་པའི་དབང་ཕྱུག་མཚུར་ཕུ་དྲུང་པ་གོ་ཤྲི་རྒྱལ་ཚབ་རིན་པོ་ཆེ་མཆོག་ནས། དབུ་མ་ཤེས་རབ་ལ་འཇུག་པ་ནི་དབུ་མའི་གཞུང་ཀུན་གྱི་ཟབ་གནད་སྙིང་པོར་དྲིལ་བ་ཡིན་ནའང་རྒྱ་བོད་གང་གི་འགྲེལ་བའང་མཇལ་དུ་མི་བདོག་པས། འཕགས་པའི་མཉམ་རྗེས་གཞིར་གཞག་པ་ཀརྨ་པ་མི་བསྐྱོད་རྡོ་རྗེའི་འཇུག་འགྲེལ་གྲུབ་ཤིང་གི་དགོངས་པ་ཇི་ལྟ་བ་བཞིན་གྱི་འགྲེལ་བ་རྒྱས་བསྡུས་འཚམས་པ་ཞིག་འབྲི་དགོས་པའི་བཀའ་བཟང་གསེར་གྱི་ཅོད་པན་ཡང་ཡང་བསྩལ་བ་དང་། སྤྱན་རས་གཟིགས་དབང་མི་ཡི་རོལ་གར་དུ་བསྒྱུར་བ་རྫོགས་པའི་སངས་རྒྱས་དཔལ་ཀརྨ་པས་ཀྱང་བྲིས་ཤིག་པའི་བཀའ་ཡི་གནང་བ་བསྩལ་བ་དག་སྙིང་དབུས་སུ་བཅངས་ནའང་སྣ་མང་ལས་ཀྱི་གཡེང་བས་རིམ་ལུས་སུ་གྱུར་པ་སྐྱུར་དུ་ཕངས་ནས་ལས་གཡོལ་གྱི་ཆེད། རྒྱལ་ཁམས་པ་སྐྱོ་བྲག་དགའ་དབང་། ཞི་བདེ་རྒྱ་མཚོའི་མཚོ་འཇིངས་ཀྱི་གླིང་ཕྲན། ཡུལ་ཐེ་ཝན་དུ་གྲགས་པར་བསླེབས་ཏེ། ཚངས་གསར་བླ་མ་ཀརྨ་དཔལ་འབྱོར་གྱིས་ཉེར་མཁོའི་འཚོ་བ་སྦྱོར་བའི་སྐབས་ན་སུག་བྲིས་བགྱིས་པ་དགེ་ལེགས་འཕེལ།།  །།