དབུ་མ་ཤེས་རབ་ལ་འཇུག་པའི་ཊཱིཀ་ཚིག་དོན་རབ་གསལ་ཞེས་བྱ་བ་བཞུགས་སོ། ། 4

2014-04-26

~~སྤྱོད་འཇུག་ལས། ནགས་ན་རི་དྭགས་བྱ་རྣམས་དང་། །ཤིང་རྣམས་མི་སྙན་བརྗོད་མི་བྱེད། །འགྲོགས་ན་བདེ་བ་དེ་དག་དང་། །ནམ་ཞིག་ལྷན་ཅིག་བདག་གནས་འགྱུར། །ཕུག་གམ་ལྷ་ཁང་སྟོང་པའམ། །ལྗོན་ཤིང་དྲུང་དུ་གནས་བཅས་ཏེ། །ནམ་ཞིག་རྒྱབ་ཏུ་མི་ལྟ་ཞིང་། །ཆགས་པ་མེད་པར་འགྱུར་ཞིག་གུ། །ས་ཕྱོགས་བདག་གིར་བཟུང་མེད་པ། །རང་བཞིན་གྱིས་ནི་ཡངས་རྣམས་སུ། །རང་དབང་སྤྱོད་ཅིང་ཆགས་མེད་པར། །ནམ་ཞིག་བདག་ནི་གནས་པར་འགྱུར། །ཞེས་སྨོན་པར་མཛད་དོ། །
བཞི་པ་འབྲས་བུས་གཞན་དོན་བྱེད་པ་ལ། འཐོབ་བྱ་སངས་རྒྱས། གཞན་དོན་ཕྲིན་ལས་སོ། །དང་པོ་ནི། དེ་ཡི་འབྲས་བུ་སངས་རྒྱས་ཀྱི། །འབྲས་བུ་ཆེན་པོ་ཐོབ་པ་སྟེ། །ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས། །སྤྲུལ་པའི་སྐུ་རུ་གནས་པ་ཡིས། །
ཞེས་པ་སྟེ། ཡང་དག་པའི་ལྟ་སྒོམ་སྤྱོད་པ་དེ་ཡི་འབྲས་བུ་ནི་སངས་རྒྱས་ཀྱི་འབྲས་བུ་ཆེན་པོ་འཐོབ་པར་འགྱུར་བ་ལས་སྤང་བྱ་སྤོང་བའི་ཚུལ་ནི། ཐར་རྒྱན་ལས། ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་དག །ས་དང་ལམ་རྣམས་སུ་སུན་ཕྱུང་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་མཇུག་ཐོགས་སུ་མ་ལུས་པར་སྤངས་པ་སྟེ། དེ་ཡང་སྙོམས་འཇུག་གི་སྒྲིབ་པ་ལ་སོགས་པ་ནི་སྒྲིབ་པ་གཉིས་པོ་དེའི་དབྱེ་བར་ཟད་པས། གཉིས་པོ་དེ་སྤངས་པས་སྒྲིབ་པ་ཐམས་ཅད་སྤངས་པ་ཡིན་ནོ། །ཞེས་སོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་ཚུལ་ནི། དབུ་མ་རིན་ཆེན་སྒྲོན་མ་ལས། མི་སྐྱེ་བའི་བཟོད་པ་ནི་ལྷག་པའི་བསམ་པ་རྣམ་པར་དག་པའི་སས་བསྡུས་པ་འཇིག་རྟེན་ལས་འདས་པའི་ལམ་སྐྱེ་བར་འགྱུར་ཏེ། རབ་ཏུ་དགའ་བ་དང༌། ས་མི་གཡོ་བ་དང༌། བཅུ་པའི་དུས་དང༌། ཡང་ན་ས་བཅུ་ཆར་དུ་སྐྱེ་བར་འགྱུར་རོ། །ས་དང་པོ་ནས་བདུན་པའི་བར་དུ་ནི་སྨོན་ལམ་གྱི་ལུས་ཅན་ཡིན་པས་ཆོས་ཐམས་ཅད་མི་དམིགས་བཞིན་དུ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང༌། སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱེད་དོ། །གང་གི་ཚེ་ས་མི་གཡོ་བ་ལ་གནས་པའི་ཚེ། མཚན་མ་མེད་པ་ལྷུན་གྱིས་གྲུབ་པས་གཟུགས་ཀྱི་ལུས་མེད་དེ། ལུས་གྲུབ་པའི་རྒྱུ་སྤངས་པའོ། །གལ་ཏེ་དེ་ལྟར་ན་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང༌། སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་ཡང་ཇི་ལྟར་འགྱུར་ཞེ་ན། འདི་ལྟར་ས་མི་གཡོ་བ་དེ་ནི་གཞོན་ནུའི་ས་ཡིན་པས་རྣམ་པ་ཐམས་ཅད་དུ་མངལ་གྱི་དྲི་མས་མི་གཡོ་མི་གོས་ཏེ། རྒྱུ་བཞི་དང་རྐྱེན་གཅིག་གིས་ཡིད་ཀྱི་ལུས་རྫུས་ཏེ་སྐྱེ་བ་དེས་གཞན་གྱི་དོན་བྱེད་པ་དང༌། སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱེད་པ་ནི་རྗེས་ལས་ཐོབ་པ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་སོ། །གང་གི་ཚེ་སངས་རྒྱས་ཀྱི་ས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བརྙེས་པར་གྱུར་ནས་ནི། རྗེས་ལས་ཐོབ་པར་མི་མངའ་སྟེ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དུས་རྟག་ཏུ་མཉམ་པར་གཞག་ཅིང་རང་བྱུང་གི་ཡེ་ཤེས་ཆོས་ཉིད་བྱང་ཆུབ་ཀྱི་སེམས་ཆེན་པོ་ལ་འགྱུར་བ་མི་མངའ་ཞིང་འབྱུང་བ་དང་འཇུག་པ་མེད་པས་སོ། །ཞེས་སོ། །དེ་ལྟར་སྤང་རྟོགས་མཐར་ཕྱིན་ཏེ། སྟོན་ཀའི་ཉི་མའི་གུང་གི་ནམ་མཁའ་རྡུལ་དང་བྲལ་བ་ལྟ་བུ་མཚན་མའི་རྡུལ་ཐམས་ཅད་མེད་པ། སེམས་དང༌། ཡིད་དང༌། རྣམ་པར་ཤེས་པ་དང་བྲལ་བ། དེ་བཞིན་ཉིད་ཀྱི་དབྱིངས་སུ་མ་ལུས་པ་ཐམས་ཅད་ཐ་དད་པ་མེད་ཅིང་རོ་གཅིག་པ་དེ་ནི་སངས་རྒྱས་ཞེས་བྱ་སྟེ། མ་རིག་པའི་གཉིད་ལས་སངས་ཤིང་ཆོས་ཉིད་བྱང་ཆུབ་ཀྱི་སེམས་རང་བྱུང་གི་ཡེ་ཤེས་ཆེན་པོས་ཤེས་བྱའི་དཀྱིལ་འཁོར་ཐམས་ཅད་སྐད་ཅིག་མ་གཅིག་ལ་མཁྱེན་ཞིང་མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྱིར་རོ། །སངས་རྒྱས་ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་སྟེ་སྐུ་གསུམ་དུ་རྣམ་པར་བཞག་པ་ན། ཀླུ་སྒྲུབ་ཀྱིས། དྲི་མ་མེད་པ་ཆོས་ཀྱི་སྐུ། །དྲི་མ་མེད་པའི་ཆོས་སྐུ་ལ། །ཡེ་ཤེས་རྒྱ་མཚོ་གནས་གྱུར་ནས། །དེ་ཡིས་སེམས་ཅན་དོན་མཛད་དོ། །ཞེས་དང་། དབུ་མ་རིན་ཆེན་སྒྲོན་མ་ལས། མདོར་ན་སྟོབས་དང༌། མི་འཇིགས་པ་དང༌། མ་འདྲེས་པ་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་འདུས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་གཉིས་སུ་མེད་ཅིང་ཐ་མི་དད་པར་གྱུར་པ་ནི་ཆོས་ཀྱི་སྐུའོ། །དེའི་བྱིན་གྱི་རླབས་ལས་བྱུང་བ་དེའི་གཞི་ལ་བརྟེན་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །དེའི་བྱིན་གྱི་རླབས་ལས་ངེས་པར་བྱུང་བ་གདུལ་བྱ་ལ་ཇི་ལྟར་མོས་པར་འབྱུང་བ་ནི་སྤྲུལ་པའི་སྐུ་ཡིན་ནོ། །ཞེས་སྤྲོས་པ་ཀུན་བྲལ་གྱི་ཆ་ལ་ཆོས་སྐུ་དང་། ཡོན་ཏན་ལྷུན་རྫོགས་ཀྱི་ཆ་ལ་ལོངས་སྐུ། ཕྲིན་ལས་གང་འདུལ་གྱི་ཆ་ལ་སྤྲུལ་སྐུར་བཞག་པ་ནི་ངོ་བོའི་ཆ་ནས་ཡིན་ཅིང་། སྐུ་གསུམ་གྱི་མདོ་ལས། ཆོས་ཀྱི་སྐུ་ནི་དེ་བཞིན་གཤེགས་པའི་ངོ་གང་ལ་ལྟ་བར་བྱའོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་བྱང་ཆུབ་སེམས་དཔའི་ངོ་གང་ལ་ལྟ་བར་བྱའོ། །སྤྲུལ་པའི་སྐུ་ནི་མོས་པས་སྤྱོད་པའི་སོ་སོ་སྐྱེ་བོའི་ངོ་གང་ལ་ལྟ་བར་བྱའོ། །ཞེས་སྒྲིབ་པ་དག་རིམ་གྱིས་བཞག་པ་ནི་མཐོང་ཚུལ་གྱི་ཆ་ནས་ཏེ། དམ་ཆོས་དགོངས་པ་གཅིག་པ་ལས། སྐུ་གསུམ་ནི་གནས་ཐ་དད་ན་འཁོར་ཐ་དད་ལ་ཆོས་ཐ་དད་པར་སྟོན་པ་ཡིན་མོད་ཀྱི། འདིར་ནི་སྐུ་གསུམ་ཐ་དད་མེད་པར་བཞུགས་པར་བཞེད་དོ། །ཞེས་པའང་དོན་འདི་དག་ལ་དགོངས་ནས་གསུངས་པ་ཡིན་ནོ། །གཟུགས་སྐུ་གདུལ་བྱ་ལ་གང་གིས་སྣང་བ་ནི་ཐར་རྒྱན་ལས། གཟུགས་སྐུ་གཉིས་ནི་ཆོས་ཀྱི་སྐུའི་བྱིན་རླབས་དང་། གདུལ་བྱའི་སྣང་བ་དང་། སྔོན་གྱི་སྨོན་ལམ་ལས་གྲུབ་པའི་སྐུ་སྟེ། དེ་གསུམ་འཛོམ་པ་ལས་བྱུང་བར་ཤེས་པར་བྱའོ། །དེ་ཡང་ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་འབའ་ཞིག་ལས་བྱུང་བ་ཡིན་ན་ནི། ཆོས་ཀྱི་དབྱིངས་ཀྱིས་སེམས་ཅན་ཀུན་ལ་ཁྱབ་པས། ཀུན་འབད་པ་མེད་པར་གྲོལ་བར་རིགས་པའམ། ཡང་ན་སེམས་ཅན་ཀུན་སངས་རྒྱས་དང་ཞལ་མཇལ་བར་རིགས་ཏེ། དེ་ལྟར་ཡང་མི་འདུག་པས་ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་གཅིག་པུ་ལས་བྱུང་བ་མ་ཡིན་ནོ། །གདུལ་བྱའི་སྣང་བ་འབའ་ཞིག་ཡིན་ན་ནི། མེད་པར་སྣང་བ་དེ་ལོག་ཤེས་ཡིན་ལ། ལོག་ཤེས་ལ་བརྟེན་ནས་སངས་རྒྱས་ན། སེམས་ཅན་རྣམས་ཀྱིས་ཐོག་མ་མེད་པ་ནས་ལོག་ཤེས་ལ་སྤྱད་ནས། དེ་ཙམ་ཀུན་སངས་རྒྱས་ཟིན་པར་རིགས་ཏེ། དེ་ལྟར་མི་འདུག་པས་གདུལ་བྱའི་སྣང་བ་གཅིག་པུ་ཡང་མ་ཡིན་ནོ། །སྨོན་ལམ་འབའ་ཞིག་ལས་བྱུང་བ་ཡིན་ན་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་སྨོན་ལམ་ལ་མངའ་བརྙེས་སམ་མ་བརྙེས། མ་བརྙེས་ན་ཐམས་ཅད་མཁྱེན་པར་ཡང་མི་འགྱུར་ལ། བརྙེས་ན་སྨོན་ལམ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཉེ་རིང་མེད་པར་བཏབ་པས། སྨོན་ལམ་གྱི་སྒོ་ནས་ཀུན་འབད་པ་མེད་པར་གྲོལ་བར་རིགས་ཏེ། དེ་ལྟར་ཡང་མི་འདུག་པས། སྨོན་ལམ་གཅིག་པུ་ལས་བྱུང་བ་ཡང་མ་ཡིན་ནོ། །དེས་ན་གཟུགས་སྐུ་གཉིས་ནི། གསུམ་པོ་དེ་འཛོམ་པའི་མཐུ་ལས་བྱུང་བ་ཡིན་ནོ། །ཞེས་སོ། །སངས་རྒྱས་ཀྱི་ཡེ་ཤེས་ཡོད་མེད་ནི་རང་སྣང་གཞན་སྣང་གི་ཁྱད་པར་ཡིན་པར་དགོངས་གཅིག་ཀར་ཊཱིཀ་ལས། སངས་རྒྱས་ལ་ཡེ་ཤེས་རང་སྣང་ལ་ཡོད་མེད་ཀྱི་སྤྲོས་པ་དང་བྲལ་ཞིང་། གདུལ་བྱ་གཞན་སྣང་གི་ངོར་མཁྱེན་པ་གཉིས་ཀ་ཡོད་དེ། གདུལ་བྱའི་ངོར་ཡེ་ཤེས་དེ་ཆོས་ཅན་དང་ཆོས་ཉིད་གང་ལ་སྤྲོས་བྲལ་དུ་སོང་བ་དེ་ལ་ཇི་ལྟ་མཁྱེན་པར་འཇོག་ལ། ཡེ་ཤེས་དེ་གདུལ་བྱ་འཇིག་རྟེན་པའི་ཁམས་དབང་མོས་པ་དང་མཐུན་པར་ཇི་ལྟར་གྲགས་མྱོང་ལྟར་ཡོངས་སུ་བཅད་དེ་མཁྱེན་ནས་ཀུན་རྫོབ་ཀྱི་ཆོས་གཞན་ལ་སྟོན་པར་མཛད་པའི་ཕྱིར། འདིར་འཇིག་རྟེན་པ་ནི་ས་བཅུ་པ་ལའང་བཟུང་སྟེ། གང་མ་རིག་པས་བསླད་པ་སྣང་འཛིན་ཅན་དེ་ཐམས་ཅད་འཇིག་རྟེན་པར་འཇོག་པའི་ཕྱིར། དེ་ལྟ་ན་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་མ་རིག་པས་བསླད་ནས་བྱུང་བ་ཉིད་ཀྱིས། སངས་རྒྱས་རང་ངོ་ནས་ཀུན་རྫོབ་གཞལ་བའི་ཡེ་ཤེས་ཡོད་པར་མི་བཞེད་དོ། །ཞེས་གསུངས་ཤིང། ཤེས་བྱ་མཁྱེན་ཚུལ་ཡང་། ལོ་ཆེན་སྐྱབས་མཆོག་དཔལ་བཟང་གིས། དབུ་མ་པ་ལྟར་ན་ཇི་སྙེད་མཁྱེན་པ་ཡང་ཤིན་ཏུ་འཐད་དེ། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཤེས་བྱ་ཐམས་ཅད་ལ། རང་རིག་དང་། གཞན་རིག་དང་། སྣང་བཅས་དང་། སྣང་མེད་དང་། རྣམ་པ་དང་བཅས་པ་དང་། རྣམ་པ་མེད་པ་དང་། མངོན་སུམ་དུ་རྟོགས་པ་དང་། ཤུགས་ལས་རྟོགས་པ་སོགས་ཀྱི་དཔྱད་པ་མི་བྱེད་པར་འཇིག་རྟེན་ན་ཇི་ལྟར་གྲགས་པ་ཙམ་ཞིག་འཇིག་རྟེན་པ་གཞུག་པའི་དོན་དུ་གཞན་ངོར་མཁྱེན་པར་འཇོག་པའི་ཕྱིར་དང་། ཇི་སྙེད་པའི་ཆོས་ཐམས་ཅད་ལ་སྒྲོ་འདོགས་དང་འཁྲུལ་པ་མཐའ་དག་ཆོད་པའི་ཕྱིར་དང་། ཆོས་ཐམས་ཅད་ཀྱི་གནས་ལུགས་ལ་ཇི་ལྟ་བ་བཞིན་ཞུགས་པའི་ཕྱིར་ཇི་ལྟ་བ་རྟོགས་པ་ནི་ཤིན་ཏུ་ཡང་འཐད་དེ། དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་རྟོགས་བྱ་དང་རྟོགས་བྱེད་དང་བྲལ་བའི་ཚུལ་གྱིས་ཡིན་ལུགས་མངོན་དུ་གྱུར་པའི་ཕྱིར་རོ། །ཞེས་གསུངས་པ་ཉིད་བཟུང་ངོ། །
གཉིས་པ་ནི། སེམས་ཅན་ཐམས་ཅད་སྒྲོལ་བར་བྱེད། །
ཅེས་པ་སྟེ། སངས་རྒྱས་ཀྱིས་སེམས་ཅན་ཐམས་ཅད་སྡུག་བསྔལ་མཐའ་དག་ལས་སྒྲོལ་བར་བྱེད་པའི་སྐུ་གསུང་ཐུགས་ཀྱི་ཕྲིན་ལས་རྒྱུད་བླ་མ་ལས། བརྒྱ་བྱིན་རྔ་སྤྲིན་ཚངས་པ་དང་། །ཉི་མ་ནོར་བུ་རིན་ཆེན་བཞིན། །དེ་བཞིན་གཤེགས་པ་སྒྲ་བརྙན་བཞིན། །ནམ་མཁའ་དང་ནི་ས་བཞིན་ནོ། །ཞེས་དཔེ་དགུས་བསྟན་པ་རྣམས་ལྷུན་གྲུབ་དང་རྒྱུན་མི་འཆད་པས་དུས་ལས་ཡོལ་བ་མེད་པར་རྟག་ཁྱབ་ཏུ་འཇུག་པ་ནི། གསང་བ་བསམ་གྱིས་མི་ཁྱབ་པ་བསྟན་པའི་མདོ་ལས། ནམ་མཁའི་ཚད་ནི་ཇི་ཙམ་པ། །སངས་རྒྱས་གཟུགས་ཀྱང་དེ་ཙམ་སྟེ། །འཇིག་རྟེན་མགོན་པོའི་དབུ་གཙུག་ཀྱང་། །ནམ་མཁའི་ཁམས་དང་མཚུངས་པ་ལགས། །ནམ་མཁས་ཇི་སྙེད་ཁྱབ་གྱུར་པ། །སྐུས་ཀྱང་དེ་སྙེད་ཁྱབ་པ་ལགས། །སྐུ་ཡིས་ཇི་སྙེད་ཁྱབ་གྱུར་པ། །འོད་ཀྱིས་ཀྱང་ནི་དེ་སྙེད་ཁྱབ། །འོད་ཀྱིས་ཇི་སྙེད་ཁྱབ་གྱུར་པ། །གསུང་གིས་ཀྱང་ནི་དེ་སྙེད་ཁྱབ། །གསུང་གིས་ཇི་སྙེད་ཁྱབ་གྱུར་པ། །ཐུགས་ཀྱིས་ཀྱང་ནི་དེ་སྙེད་ཁྱབ། །ཐུགས་གྱིས་ཇི་སྙེད་ཁྱབ་གྱུར་པ། །བྱམས་པས་ཀྱང་ནི་དེ་སྙེད་ཁྱབ། །བྱམས་པས་ཇི་སྙེད་ཁྱབ་གྱུར་པ། །ཡེ་ཤེས་ཀྱིས་ནི་དེ་སྙེད་ཁྱབ། །ཡེ་ཤེས་ཇི་སྙེད་ཁྱབ་གྱུར་པ། །སྐུ་ཡིས་ཀྱང་ནི་དེ་སྙེད་ཁྱབ། །ཅེས་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱིས་སྲིད་ཞི་ཁྱབ་པར་གདལ་བའི་གནད་ཀྱིས་ཏེ། སྟོང་པ་གར་ཡོད་ཀྱི་ནམ་མཁའ་བཞིན་དུ་ཕྲིན་ལས་འཇུག་པའི་སྣོད་རུང་གང་དུ་གྱུར་པ་ན་ཤར་བ་ཙམ་ཡིན་གྱི། གལ་ཏེ་གཞན་ཞིག་ནས་གཞན་ཞིག་ཏུ་འཕོ་བསྐྱོད་བྱ་དགོས་ཀྱི་ཡོད་ན་ནི་འདི་བཞིན་ཡོང་དུ་མེད་པ་ཤེས་པར་བྱའོ། །
གསུམ་པ་དོན་བསྡུ་བ་ནི། དེ་ཕྱིར་འབད་པ་ཐམས་ཅད་ཀྱིས། །དང་པོ་ལྟ་བ་ཐག་བཅད་དེ། །བར་དུ་སྒོམ་པས་ཉམས་སུ་བླང༌། །ཐ་མར་འབྲས་བུ་ཐོབ་པར་འགྱུར། །དེ་བས་འབད་དེ་བརྩོན་པར་བྱ། །
ཞེས་པ་སྟེ། རྒྱུ་ཡང་དག་པའི་ལྟ་སྒོམ་སྤྱོད་པ་ཡོད་ན་འབྲས་བུ་རང་དོན་སངས་རྒྱས་ཀྱི་གོ་འཕང་དང་གཞན་དོན་ཕྲིན་ལས་ལྷུན་འགྲུབ་ཏུ་འབྱུང་བ་དེ་ཡི་ཕྱིར་ལུས་ངག་ཡིད་ཀྱི་འབད་པ་ཐམས་ཅད་ཀྱིས་དང་པོ་ལྟ་བ་ཐག་བཅད་པར་བྱའོ། །ཅིའི་ཕྱིར་ཞེ་ན། སྤྱིར་སེམས་ཅན་གྱི་ཁམས་ན། རིན་ཆེན་ཕྲེང་བ་ལས། མདོར་ན་མེད་པར་ལྟ་བ་ཉིད། །ལས་ཀྱི་འབྲས་བུ་མེད་ཅེས་པ། །བསོད་ནམས་མ་ཡིན་ངན་སོང་བ། །དེ་ནི་ལོག་པར་ལྟ་ཞེས་བཤད། །མདོར་ན་ཡོད་པར་ལྟ་བ་ཉིད། །ལས་ཀྱི་འབྲས་བུ་ཡོད་ཅེས་པ། །བསོད་ནམས་བདེ་འགྲོ་རྒྱུ་མཐུན་པ། །ཡང་དག་ལྟ་བ་ཞེས་བཤད་དོ། །ཤེས་པས་མེད་དང་ཡོད་ཞིའི་ཕྱིར། །སྡིག་དང་བསོད་ནམས་ལས་འདས་པ། །དེ་ཡིས་ངན་འགྲོ་བདེ་འགྲོ་ལ། །དེ་ནི་ཐར་པར་དམ་པས་བཤད། །ཅེས་ལོག་པར་ལྟ་བ་དང་། ཡང་དག་པའི་ལྟ་བ་དང། གཉིས་མེད་ཀྱི་ལྟ་བ་རྣམས་སུ་ཡོད་པ་ལས། གལ་ཏེ་ལོག་པར་ལྟ་བས་རང་གི་རྒྱུད་བསླད་ན། བཤེས་སྤྲིང་ལས། གལ་ཏེ་མཐོ་རིས་ཐར་པ་མངོན་བཞེད་ན། །ཡང་དག་ལྟ་ལ་གོམས་པ་ཉིད་དུ་མཛོད། །གང་ཟག་ལོག་པར་ལྟ་བས་ལེགས་སྤྱད་ཀྱང་། །ཐམས་ཅད་རྣམ་པར་སྨིན་པ་མི་བཟད་ལྡན། །ཞེས་དགེ་བའི་རྩ་བ་རྣམས་དྲུངས་འབྱིན་པའི་ཕྱིར་རོ། །བར་དུ་སྒོམ་པས་ཉམས་སུ་བླང་བ་ལ་འབད་པར་བྱའོ། །ཅིའི་ཕྱིར་ཞེ་ན། སྒོམ་པས་མཐའ་བྲལ་གྱི་ལྟ་བ་རྟོགས་པར་འགྱུར་ཏེ། མགོན་པོ་བདེ་བ་ཆེན་པོས། རང་གི་རིག་པ་དེ་ཉིད་ནི། །གཞན་གྱིས་བསྟན་པས་མི་རྟོགས་ཏེ། །གུས་པར་བསྒོམས་པས་རྟོགས་འགྱུར་གྱི། །དོན་དེ་གཞན་དུ་རྟོགས་མི་འགྱུར། །ཞེས་གསུངས་སོ། །རིགས་པ་རྐྱང་པས་ནི་ནམ་ཡང་རྟོགས་པར་མི་འགྱུར་བ། རིགས་པ་ཤེས་པ་རྣམས་ཀྱི་མཆོག་རྟོག་གེ་པ་རྣམས་ཀྱི་གཙུག་གི་ནོར་བུར་གྱུར་པ་ཆོས་ཀྱི་གྲགས་པས། དེ་ཉིད་དོན་ནི་ཚོལ་འདོད་པས། །རྗེས་དཔག་གཏན་ཚིགས་བསྟེན་མི་བྱ། །ལེགས་པར་བསྒོམས་པས་མྱོང་འགྱུར་གྱི། །དེ་ཡིས་རང་རིག་རྟོགས་པ་མིན། །དེ་ཉིད་དོན་གྱི་སྙིང་པོ་ནི། །རྗེས་དཔག་ཤེས་པས་ཉམས་མྱོང་མིན། །བླ་མ་བཟང་པོ་བསྟེན་བྱས་ནས། །བསྒོམས་པས་ཉམས་སུ་མྱོང་བར་འགྱུར། །བདག་གཞན་སྡེ་པ་མ་ལུས་པ། །ལོག་པའི་ལམ་དུ་ཞུགས་མཐོང་དང༌། །དེ་དག་བདག་ལའང་སྡང་བས་ན། །རྗེས་སུ་དཔག་པའང་སྨྲ་བར་བྱ། །ཐོག་མ་མེད་ནས་རྨོངས་གྱུར་པས། །དང་པོ་རིག་པས་བློ་སྦྱང་བྱ། །དེ་རྗེས་བསྒོམ་པར་འདོད་པ་ཡིས། །རྗེས་སུ་དཔག་པ་ཡིད་རྟོན་མིན། །ཞེས་དེ་ཁོ་ན་ཉིད་གསལ་བ་ལས་གསུངས་ཤིང། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་ཀྱང་དབུ་མ་རིན་ཆེན་སྒྲོན་མ་ལས། རྟོག་བཅས་རྟོག་པ་མེད་པ་ཡི། །ཤེས་པ་གཉིས་ཀྱིས་འདི་མི་རྟོགས། །སྒྲ་དང་ཚད་མའི་ཐ་སྙད་དག །དེ་དོན་བསྒོམ་ལ་དགོས་པ་མེད། །ཕ་རོལ་རྒོལ་བ་བཟློག་པ་དང༌། །བསྟན་བཅོས་ཆེན་པོའི་དུས་དག་ཏུ། །སྔོན་གྱི་མཁས་པས་བཀོད་པ་བཞིན། །སྒྲ་དང་ཚད་མའང་སྨྲ་བར་བྱ། །ལོང་བ་རང་དགར་རི་བོ་ལ། །འཛེགས་པས་བདེ་བ་ཐོབ་མི་འགྱུར། །རྗེས་སུ་དཔག་པ་གཙོར་འཛིན་རྣམས། །རྣམ་པར་ལྟུང་བར་དཀའ་མ་ཡིན། །ཇི་ལྟར་མུན་པའི་ནང་གི་རྫས། །འོལ་ཚོགས་དག་ཏུ་ཚོལ་བ་བཞིན། །དེ་བཞིན་རྗེས་སུ་དཔག་པས་ཀྱང༌། །དེ་བཞིན་དོན་ནི་ཤེས་མི་འགྱུར། །ལོང་བས་རྐང་པའི་ཚོད་དཔག་གིས། །ཉམ་ངའི་ལམ་དུ་རྒྱུག་པ་ལྟར། །རྗེས་སུ་དཔག་པ་གཙོར་འཛིན་རྣམས། །རྣམ་པར་ལྟུང་བར་དཀའ་མ་ཡིན། །ཞེས་གསུངས་སོ། །དེ་ལྟར་མཐར་འཛིན་གྱི་སྤྲོས་པ་རིགས་པས་བཅད་དེ། ཡེངས་མེད་ཀྱི་སྒོམ་པས་མཐའ་བྲལ་གྱི་ལྟ་བ་ཉམས་སུ་བླངས་ན་ཐ་མར་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་འགྱུར་ཏེ། སྟོང་ཉིད་བདུན་ཅུ་པ་ལས། དད་ལྡན་དེ་ཉིད་ཆོས་ལ་བརྩོན། །ཚུལ་འདི་རིགས་པས་རྗེས་དཔོགས་གང་། །བརྟེན་མེད་ཆོས་འགའ་བརྟེན་པ་ཡིས། །སྲིད་དང་སྲིད་མིན་སྤངས་ནས་ཞི། །འདི་དག་རྐྱེན་འདི་ལས་རིག་ན། །ལྟ་ངན་དྲ་བས་ཟིན་པ་ལྡོག །དེས་ནི་ཆགས་རྨོངས་ཁྲོ་བ་རྣམས། །སྤངས་ཕྱིར་མྱ་ངན་འདས་པ་ཐོབ། །ཅེས་སོ། །དེ་ལྟ་བས་ན་བདག་གཞན་བདེ་ལེགས་སུ་འདོད་པ་དག་གིས་ཡང་དག་པའི་ལྟ་སྒོམ་སྤྱོད་པ་ལ་འབད་དེ་ཉིན་མཚན་ཀུན་ཏུ་བརྩོན་པར་བྱའོ། །
གསུམ་པ་ཐ་མར་དགེ་བ་མཇུག་གི་དོན་ལ། འཐད་པ་ལེན་པ། ཉེས་པ་སྤོང་བ། སྒྲུབ་པར་བརྩོན་པ། དགེ་བ་བསྔོ་བ། མཇུག་བྱང་སྨོས་པའོ། །དང་པོ་ནི། དེ་ལྟར་བདག་གིས་བཤད་འདི་ལ། །ཕྱོགས་འཛིན་པ་ཡི་སེམས་བོར་ལ། །རིགས་པ་ཡིས་ནི་དཔྱད་པར་བྱ། །
ཞེས་པ་སྟེ། དེ་ལྟར་སློབ་དཔོན་ཟླ་བ་གྲགས་པ་བདག་གིས་ལྟ་སྒོམ་སྤྱོད་པ་འབྲས་བུ་ཕྲིན་ལས་དང་བཅས་པའི་གནད་བསྡུས་ཏེ་བཤད་པ་འདི་ལ། རང་ཕྱོགས་དང་གཞན་ཕྱོགས་སུ་འཛིན་པའི་སེམས་ཀྱི་ཞེན་པས་རིས་སུ་བོར་བ་མིན་པར་གཟུ་བོར་གནས་པའི་རིགས་པ་ཡང་དག་གིས། སྟོབས་པོ་ཆེའི་རྒྱུད་ལས། བསྲེགས་བཅད་བདར་བའི་གསེར་བཞིན་དུ། །ཡོངས་སུ་བརྟགས་ནས་ང་ཡི་བཀའ། །བླང་བར་བྱ་ཡི་མོས་པ་འམ། །གཞན་གྱིས་མཁས་པ་འཇུག་མི་བྱ། །ཞེས་པ་ལྟར་ལེགས་པར་དཔྱད་དེ། མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། དགེ་སློང་རྣམས་ནི་ཆོས་རྣམ་པ་བཞི་པོ་ལ་གནས་པར་བགྱིའོ། །བཞི་གང་ཞེ་ན། ཆོས་ལ་གནས་ཀྱི་གང་ཟག་ལ་མི་གནས་པ་དང་། དོན་ལ་གནས་ཀྱི་ཚིག་ལ་མི་གནས་པ་དང་། ཡེ་ཤེས་ལ་གནས་ཀྱི་རྣམ་པར་ཤེས་པ་ལ་མི་གནས་པ་དང་། ངེས་པའི་དོན་ལ་གནས་ཀྱི་བཀྲི་བའི་དོན་ལ་མི་གནས་པ་སྟེ། ཆོས་རྣམ་པ་བཞི་པོ་འདི་རྟོགས་པར་བགྱི་བ་ལགས་ཀྱི། སྐྱེས་བུ་རྣམ་པ་བཞི་པོ་ནི་མ་ལགས་སོ། །ཞེས་རྗོད་བྱེད་ཀྱི་ཚིག་ཙམ་ལྷུར་ལེན་པ་གཙོ་བོར་མི་བྱ་བར་བསྟན་བྱའི་དོན་ལ་དཔྱོད་པ་དང། གཟུང་འཛིན་ཅན་གྱི་རྣམ་ཤེས་ཀྱི་སྤྱོད་ཡུལ་ལྷུར་མི་ལེན་པར་གཟུང་འཛིན་མེད་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ལ་ཡིད་རྟོན་པ་དང། ཐེག་པ་དམན་པ་སོགས་གདུལ་བྱའི་ངོར་གསུངས་པའི་དྲང་དོན་ལ་གཙོ་བོར་མི་བྱ་བར་ངེས་པའི་དོན་ལ་ཡིད་འཇུག་ཅིང་གཏོད་པར་བྱེད་པ་དང། ཆོས་འཆད་པ་པོ་གང་ཟག་གི་བཟང་ངན་ཙམ་ལ་མི་རྟོན་པར་དེས་བཤད་པའི་ཆོས་ཉིད་ལ་རྟོན་པར་གསུངས་པ་དག་མ་ནོར་བའི་སྤང་བླང་ལ་འཇུག་པར་བྱ་དགོས་པ་ཡིན་ནོ། །དྲང་ངེས་ཀྱི་རྣམ་གཞག་ནི། ཏིང་འཛིན་རྒྱལ་པོའི་མདོ་ལས། སྟོང་པ་བདེ་བར་གཤེགས་པས་བཤད་པ་ལྟར། །ངེས་དོན་མདོ་སྡེ་དག་གི་བྱེ་བྲག་ཤེས། །གང་ལ་སེམས་ཅན་གང་ཟག་སྐྱེས་བུ་བསྟན། །ཆོས་དེ་ཐམས་ཅད་དྲང་བའི་དོན་དུ་ཤེས། །ཞེས་དང་། འཇིག་རྟེན་ཁམས་ནི་སྟོང་ཕྲག་ཏུ། །ང་ཡིས་མདོ་རྣམས་གང་གསུངས་པ། །ཡི་གེ་ཐ་དད་དོན་གཅིག་སྟེ། །ཡོངས་སུ་བསྒྲགས་པར་ནུས་མ་ཡིན། །དངོས་པོ་གཅིག་ནི་བསམ་བྱས་ན། །དེ་དག་ཐམས་ཅད་བསྒོམ་འགྱུར་ཏེ། །སངས་རྒྱས་ཀུན་གྱི་ཆོས་མང་པོ། །འཇིག་རྟེན་རབ་ཏུ་བསྟན་པ་རྣམས། །ཆོས་རྣམས་ཀུན་གྱི་བདག་མེད་ཡིན། །མི་གང་དོན་ལ་མཁས་རྣམས་ཀྱིས། །གནས་འདི་ལ་ནི་བསླབ་བྱས་ན། །སངས་རྒྱས་ཆོས་རྣམས་རྙེད་མི་དཀའ། །ཞེས་དངོས་བསྟན་གྱི་མདོ་དོན་ལ་རིགས་པས་གནོད་པ་ཡོད་པ་དེ་ནི་དྲང་དོན་ཡིན་ཏེ། གདུལ་བྱ་ཐོག་མར་ལམ་ལ་འཇུག་ཅིང་རྒྱུད་སྨིན་ཆེད་དུ་ཚིག་དང་ཡི་གེ་སྣ་ཚོགས་ཀྱི་སྒོ་ནས་གང་ཟག་སོ་སོའི་བློ་འདོད་དང་བསྟུན་ནས་ཀུན་རྫོབ་བདེན་པ་སྟོན་པ་ཤས་ཆེ་བ་དང་། དེ་ལྟར་བསྟན་པའི་དངོས་ཀྱི་སྒྲས་ཟིན་ལ་རིགས་པས་གནོད་ཀྱང་གདུལ་བྱ་རིམ་གྱིས་བཀྲི་ཐབས་སུ་གསུངས་པའི་ཕྱིར། དངོས་བསྟན་གྱི་མདོ་དོན་ལ་རིགས་པས་གནོད་པ་མེད་པ་ནི་ངེས་དོན་ཡིན་ཏེ། གདུལ་བྱ་འབྲས་བུ་ལ་འཇུག་ཅིང་རྒྱུད་གྲོལ་བའི་ཆེད་དུ་ཟབ་པ་དང་བལྟ་དཀའ་བ་དང་གདོད་ནས་དབེན་པ་ཉིད་ཀྱི་སྒོ་ནས་འཕགས་པའི་ཡེ་ཤེས་དང་མཐུན་པར་དོན་དམ་བདེན་པ་སྟོན་པ་ནི་དངོས་འཛིན་ལ་རིགས་པས་མི་གནོད་ཅིང་བསྟན་པའི་མོད་ལ་དོན་ཁོང་དུ་ཆུད་ནས་ཐར་པ་ཐོབ་པར་བྱེད་པའི་ཕྱིར་རོ། །དབུ་མ་ལ་འཇུག་པ་ལས། དེ་ལྟར་ལུང་གི་ལོ་རྒྱུས་ཤེས་བྱས་ཏེ། །མདོ་གང་དེ་ཉིད་མ་ཡིན་བཤད་དོན་ཅན། །དྲང་དོན་གསུངས་པའང་རྟོགས་ནས་དྲང་བྱ་ཞིང་། །སྟོང་ཉིད་དོན་ཅན་ངེས་དོན་ཤེས་པར་གྱིས། །ཞེས་སོ། །མདོ་སྡེ་མཐའ་དག་ནས་གསུངས་པའི་མཚན་ཉིད་གསུམ་གྱི་དོན་ཡང་། འཇུག་པ་རང་འགྲེལ་ལས། དེ་ལྟར་བརྟགས་པ་དང་གཞན་གྱི་དབང་དང་ཡོངས་སུ་གྲུབ་པ་ཞེས་བྱ་བ་ངོ་བོ་ཉིད་གསུམ་རྣམ་པར་གཞག་པ་རྟོགས་པར་བྱས་ནས་མདོའི་དགོངས་པ་རྣམ་པར་བཤད་པར་བྱའོ། །ཞེས་ཀུན་རྫོབ་རྟེན་ཅིང་འབྲེལ་འབྱུང་ནི་གཞན་དབང་ཡིན་ཏེ། ཐ་སྙད་དུ་རྒྱུ་རྐྱེན་ལ་བལྟོས་ནས་འབྱུང་བར་གྲགས་པའི་ཕྱིར། རང་བཞིན་དང་གནས་ལུགས་དང་ཡིན་ལུགས་དང་མ་བཅོས་པའི་ངོ་བོར་གྱུར་པའི་དངོས་པོ་དང་རྣམ་རིག་སོགས་ནི་ཀུན་བརྟགས་ཡིན་ཏེ། ཀུན་རྫོབ་རྟེན་འབྱུང་གི་ཆོས་ལ་དེ་ལྟར་སྒྲོ་བཏགས་པའི་ཕྱིར། སྟོང་ཉིད་དོན་དམ་བདེན་པ་ནི་ཡོངས་གྲུབ་ཡིན་ཏེ། ལྟོས་བཞག་གི་གྲགས་པ་ལས་བཅོས་མ་འདུས་བྱས་ལ་ཀུན་རྫོབ་ཏུ་འཇོག་ན་མ་བཅོས་པ་འདུས་མ་བྱས་ལ་དོན་དམ་དུ་འཇོག་པར་མཐོང་བའི་ཕྱིར་ཞེས་འཇིག་རྟེན་གཞན་གྲགས་ཀྱི་མཐུན་འཇུག་དང་མི་འགལ་བ་ཙམ་གྱིས་བཤད་དོ། །
གཉིས་པ་ནི། ཆོས་ལ་སྐུར་པ་གདབ་མི་བྱ། །
ཞེས་པ་སྟེ། དད་བརྩོན་ཤེས་རབ་ཀྱིས་ལྕོགས་ན་རིས་མེད་པའི་སེམས་ཅན་རྣམས་ཀྱི་ཕན་བདེའི་འཇུག་ངོགས་སུ་གྱུར་པ་དམ་པའི་ཆོས་འཛིན་པའི་ལས་ལ་འཇུག་པར་བྱ་སྟེ། གསང་བ་བསམ་གྱིས་མི་ཁྱབ་པ་བསྟན་པའི་མདོ་ལས། གང་གིས་བྱང་ཆུབ་བློ་བསྐྱེད་པ། །དེ་སྙེད་བསོད་ནམས་ཁྱབ་པར་བགྱིད། །བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །དེ་ལ་གལ་ཏེ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་གང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། །སེམས་ཅན་ཀུན་གྱི་བསོད་ནམས་ཀྱི། །ཕུང་པོ་ཇི་སྙེད་ཡོངས་བཟུང་བ། །དེ་སྙེད་བྱང་ཆུབ་སེམས་དཔའ་ཡི། །བྱང་ཆུབ་སེམས་ལས་རབ་ཏུ་བྱུང་། །བྱང་ཆུབ་སེམས་ཀྱི་བསོད་ནམས་ཀྱི། །ཕུང་པོ་ཇི་སྙེད་བརྗོད་པ་བས། །དམ་པའི་ཆོས་ནི་ཡོངས་འཛིན་ན། །དེ་བས་བསོད་ནམས་ཆེས་མང་ངོ་། །དམ་ཆོས་འཛིན་པའི་བསོད་ནམས་ནི། །སངས་རྒྱས་ཀུན་གྱིས་ནན་ཏན་དུ། །བསྐལ་པ་བྱེ་བར་བརྗོད་མཛད་ཀྱང་། །མཐའ་མར་ཕྱིན་པར་འགྱུར་མ་ལགས། །དམ་པའི་ཆོས་ནི་འཛིན་པ་དང་། །བྱང་ཆུབ་སེམས་ཀྱི་བསོད་ནམས་དེ། །སྟོང་པ་ཉིད་ལ་མོས་པ་ཡིས། །བཅུ་དྲུག་ཆ་ཡང་མི་རི་ལགས། །སྟོང་པ་ཉིད་ལ་འདིར་མོས་ནས། །བྱང་ཆུབ་སེམས་ཀྱང་མི་གཏོང་དང་། དམ་པའི་ཆོས་ནི་འཛིན་བགྱིད་པ། །དེ་ནི་བསོད་ནམས་སྡུད་པ་ལགས། །ཞེས་བསོད་ནམས་བླ་མེད་དུ་གསུངས་པའི་ཕྱིར་རོ། །གལ་ཏེ་མ་ནུས་ནའང་དམ་པའི་ཆོས་ལ་སྐུར་པ་གདབ་པར་མི་བྱ་སྟེ། སྡིག་པ་ཤིན་ཏུ་ལྕི་བ་ཡིན་པའི་ཕྱིར། རྒྱུད་བླ་མ་ལས། ཇི་ལྟར་ཟབ་མོའི་ཆོས་ཉམས་དེ་བཞིན་མཁས་པ་རྣམས་ཀྱིས་མེ་དང་ནི། །མི་བཟད་སྦྲུལ་གདུག་གཤེད་མ་དང་ནི་ཐོག་ལའང་ཤིན་ཏུ་འཇིགས་མི་བྱ། །མེ་སྦྲུལ་དགྲ་དང་རྡོ་རྗེའི་མེས་ནི་སྲོག་དང་བྲལ་བ་ཙམ་བྱེད་དེ། །དེ་ལས་མནར་མེད་རྣམས་ཀྱི་འགྲོ་བ་ཤིན་ཏུ་འཇིགས་པར་འགྲོ་མི་འགྱུར། །གང་ཞིག་ཡང་ཡང་སྡིག་གྲོགས་བསྟེན་པས་སངས་རྒྱས་ངན་སེམས་ལྡན་འགྱུར་དང་། །ཕ་མ་དགྲ་བཅོམ་གསོད་པ་བྱ་བ་མིན་བྱེད་མཆོག་ཚོགས་འབྱེད་པའི་མི། །དེ་ཡང་ཆོས་ཉིད་ངེས་པར་བསམས་ན་མྱུར་དུ་དེ་ལས་ཐར་འགྱུར་གྱི། །གང་ཞིག་ཡིད་ནི་ཆོས་ལ་སྡང་བ་དེ་ལ་ཐར་པ་ག་ལ་ཡོད། །ཅེས། ཇི་ལྟར་ཆོས་ཟབ་མོ་ལ་མོས་པ་ལས་ཉམས་ནས་དེ་ལ་ཁྲོ་བ་དེ་རྣམ་པར་སྨིན་པ་རྩུབ་པས་འཇིགས་སུ་རུང་བ་དེ་ཙམ་དུ་བླང་དོར་ལ་མཁས་པ་རྣམས་ཀྱིས་མེ་དཔུང་ཆེན་པོ་དང་། མི་བཟད་ཅིང་དྲག་པའི་དུག་དང་ལྡན་པའི་སྦྲུལ་གདུག་པ་དང་། སྲོག་གཅོད་པའི་གཤེད་མ་དང་། ནམ་མཁའ་ནས་ཐོག་ལྷུང་བ་ལའང་ཤིན་ཏུ་འཇིགས་པར་བྱ་མི་དགོས་ཏེ། མེ་དང་སྦྲུལ་དང་དགྲ་དང་ཐོག་དག་གིས་ནི་ཚེ་འདིའི་སྲོག་དང་བྲལ་བ་ཙམ་བྱེད་ཀྱི། གཞི་དེ་ལས་དམྱལ་བ་མནར་མེད་པ་རྣམས་ཀྱི་འགྲོ་བ་ཤིན་ཏུ་འཇིགས་སུ་རུང་བ་དེར་འགྲོ་བར་མི་འགྱུར་བས་སོ། །གཞན་ཡང་མཚམས་མེད་པ་ལྔ་ལས་ཀྱང་ཆོས་སྤོང་བ་འདི་ཤིན་ཏུ་ལྕི་བ་ཡིན་ཏེ། སྐྱེས་བུ་གང་ཞིག་སྡིག་པའི་གྲོགས་ལ་ཡང་དང་ཡང་དུ་བརྟེན་པས་སངས་རྒྱས་ལ་གསོད་པར་སེམས་པའི་ངན་སེམས་དང་ལྡན་པར་གྱུར་པས་སྐུ་ལས་ཁྲག་ཕྱུང་བ་དང་། རང་གི་ཕའམ་རང་གི་མའམ་ཟག་པ་ཟད་པའི་དགྲ་བཅོམ་པ་གསོད་པར་བྱེད་པ་སྟེ། བྱ་བ་མ་ཡིན་པ་བསད་པའི་ལས་བཞི་དང་། ཚོགས་ཀྱི་དགེ་འདུན་སངས་རྒྱས་ལས་ཕྱོགས་གཞན་དུ་འབྱེད་པར་བྱེད་པའི་མི་མ་སྐྱེས་དགྲ་ལྟ་བུ་ཡིན་ཡང་ཆོས་ཉིད་སྟོང་པ་ཉིད་ཡང་དག་པར་བསམས་ཤིང་བསྒོམས་པས་མྱུར་དུ་ཚེ་འདི་ཉིད་ལ་དེ་ལས་ཐར་ནས་བདེན་པ་མཐོང་བ་ཡང་ཡོད་མོད་ཀྱི། སྐྱེས་བུ་གང་ཞིག་དམ་པའི་ཆོས་ལ་ཡིད་སྡང་བ་དེ་ལ་ཚེ་དེ་ཉིད་ལ་ཐར་པའི་ལམ་སྐྱེ་བ་མེད་དོ། །སྤོང་བའི་ཚད་ནི་མདོ་སྡེའི་རྒྱན་ལས། བརླག་འགྱུར་ཆོས་ལ་ཁོང་ཁྲོས་སྒྲིབ། །ཅེས་ཁོང་ཁྲོ་བ་ལ་བཤད་ཅིང། རྒྱུད་བླར་སྡང་བ་ཞེས་གསུངས་པས་ཁོང་ཁྲོ་བ་ཉིད་དོ། །སྤོང་ཞིང་སུན་འབྱིན་པར་བྱེད་པའི་རྒྱུ་ནི། བློ་གྲོས་དམན་པས་ཤེས་རབ་ཉམ་ཆུང་བ་དང། དཀར་པོ་དགེ་བའི་ལས་ལ་མོས་པ་དང་བྲལ་ཞིང་སྡིག་ཏོ་ལ་མི་འཛེམ་པ་དང་། རྨོངས་པ་ཉིད་ཡིན་ཡང་འདི་དག་བས་བདག་ཆོས་མཁས་སོ་སྙམ་པའི་ལོག་པའི་ང་རྒྱལ་བརྟེན་ནས་དེ་མི་སྤོང་བར་གནས་པ་དང་། སྔོན་དགེ་བའི་བཤེས་གཉེན་ལ་མ་གུས་པ་ལ་སོགས་པ་ཚེ་འདིར་དམ་པའི་ཆོས་ཀྱིས་འཕོངས་པར་འགྱུར་བའི་ལས་ཀྱི་སྒྲིབ་པ་དེའི་བྱེད་པ་རྒྱུ་མཐུན་དང་ལྡན་པའི་བདག་ཉིད་ཅན་ཡིན་པ་དང་། དྲང་བའི་དོན་ལ་དེ་ཁོ་ན་ཉིད་ངེས་པའི་དོན་ཅན་དུ་འཛིན་པའི་རྨོངས་པ་དང་། ཟས་གོས་སོགས་རྙེད་པ་ལ་བརྐམ་པ་དང་། རང་གི་ལྟ་བ་དང་དམ་པའི་ཆོས་འབའ་ཞིག་མི་མཐུན་པར་མཐོང་བའི་དབང་དང་། དམ་པའི་ཆོས་སུན་འབྱིན་པའི་སྐྱེ་བོ་དག་བླ་མའམ་གྲོགས་སུ་བསྟེན་པ་དང་། དམ་པའི་ཆོས་འཛིན་པའི་མཁས་པ་ལ་དགྲ་ལྟར་མཐོང་ནས་རྒྱང་རིང་དུ་བསྲིངས་པ་དང་། དཀོན་མཆོག་གསུམ་ལ་མོས་པའི་ཤུགས་དམན་པ་རྣམས་ཡིན་པར་རྒྱུད་བླ་མ་ལས། བློ་དམན་ཕྱིར་དང་དཀར་མོས་བྲལ་ཕྱིར་ལོག་པའི་ང་རྒྱལ་ལ་བརྟེན་ཕྱིར། །དམ་ཆོས་འཕོངས་པས་བསྒྲིབས་པའི་བདག་ཕྱིར་དྲང་དོན་དེ་ཉིད་འཛིན་ཕྱིར་དང་། །རྙེད་ལ་བརྐམས་ཕྱིར་ལྟ་བའི་དབང་ཕྱིར་ཆོས་སུན་འབྱིན་པ་བརྟེན་པའི་ཕྱིར། །ཆོས་འཛིན་བསྲིངས་ཕྱིར་མོས་པ་དམན་ཕྱིར་དགྲ་བཅོམ་རྣམས་ཀྱི་ཆོས་སྤོང་བྱེད། །ཅེས་གསུངས་སོ། །དེ་བས་ན་འདུལ་བ་སོ་སོ་ཐར་པ་ལས། ང་ནི་མྱ་ངན་འདས་གྱུར་ན། །འདི་ནི་ཁྱེད་ཀྱི་སྟོན་པ་ཞེས། །རང་བྱུང་ཉིད་ཀྱིས་གུས་བཅས་པ། །ནན་ཏན་དགེ་སློང་ཚོགས་མདུན་བསྟོད། །ཅེས་པ་བཞིན་སྟོན་པ་ཉིད་ཀྱིས་ཀྱང་བསྔགས་ཤིང་བཀུར་སྟིར་མཛད་པའི་དམ་པའི་ཆོས་ལ་བླ་མར་བྱ་བ་ཡིན་གྱི་སྨད་པར་མི་བྱ་ལ། ཆོས་གང་དག་བདག་ཉིད་ཀྱི་བློས་མི་དཔོགས་པ་དེ་དག་ལ་སངས་རྒྱས་བཅོམ་ལྡན་འདས་ཉིད་ཀྱིས་མཁྱེན་གྲང་གི་བདག་གིས་ནི་ཤེས་པ་མ་ཡིན་ནོ་སྙམ་དུ་བྱས་ཏེ་མི་སྨད་པར་འདུག་པར་བྱའོ། །
གསུམ་པ་ནི། གཡེང་བ་ཐམས་ཅད་སྤངས་ནས་ནི། །བསྒྲུབ་པ་ལ་ནི་བརྩོན་པར་བྱ། །
ཞེས་པ་སྟེ། གང་སྤང་བར་བྱ་བ་རྣམ་གཡེང་ནི། ཕྱི་སྐྱེ་བོའི་འདུ་འཛི་དང་། ནང་ཉོན་མོངས་པའི་རྣམ་རྟོག་སྟེ། སྤྱོད་འཇུག་ལས། ལུས་དང་སེམས་ནི་དབེན་པ་ཡིས། །རྣམ་པར་གཡེང་བ་མི་འབྱུང་ངོ་། །དེ་བས་འཇིག་རྟེན་སྤང་བྱ་ཞིང་། །རྣམ་པར་རྟོག་པའང་ཡོངས་སུ་དོར། །ཞེས་སོ། །འཇིག་རྟེན་གྱི་བྱ་བ་རྣམས་སྤོང་བ་ལྟ་ཅི་སྨོས། མངོན་པ་མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་དང་། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་སྟོན་པའི་བསྟན་པ་ལུང་རྟོགས་གཉིས་སུ་ངེས་པའི་ལུང་གི་བསྟན་པ་འཆད་ཉན་བྱེད་པ་ལས་ཀྱང་རྟོགས་པའི་བསྟན་པ་སྒྲུབ་པ་ཉམས་ལེན་བྱེད་པ་གལ་ཆེ་བ་ཡིན་པ་དཀོན་མཆོག་བརྩེགས་པ་ལས། བུ་རམ་ཤིང་ཤུན་སྙིང་པོ་ཅི་ཡང་མེད། །དགའ་བར་བྱ་བའི་རོ་ནི་ནང་ན་འདུག །ཤུན་པ་ཟོས་པས་མིས་ནི་བུ་རམ་རོ། །ཞིམ་པོ་རྙེད་པར་ནུས་པ་མ་ཡིན་ནོ། །ཇི་ལྟར་ཤུན་པ་དེ་བཞིན་སྨྲ་བ་སྟེ། །རོ་ལྟ་བུ་ནི་འདི་ལ་དོན་སེམས་ཡིན། །དེ་ལྟ་བས་ན་སྨྲ་ལ་དགའ་སྤོངས་ཏེ། །རྟག་ཏུ་བག་ཡོད་བྱོས་ལ་དོན་སོམས་ཤིག །ཅེས་གསུངས་སོ། །སྤོང་བའི་རྒྱུ་མཚན་ནི། རྣམ་པར་གཡེང་བ་ཐམས་ཅད་མ་སྤངས་ན་སེམས་ཉོན་མོངས་པའི་གཞན་དབང་དུ་གྱུར་ནས་ཉེས་པ་ཐམས་ཅད་འབྱུང་བར་འགྱུར་ཏེ། སྤྱོད་འཇུག་ལས། སེམས་ནི་རྣམ་པར་གཡེངས་པའི་མི། །ཉོན་མོངས་མཆེ་བའི་ཕྲག་ན་གནས། །ཞེས་སོ། །སྤངས་ནས་ཅི་ཞིག་བྱ་བ་ནི། སྤྱོད་འཇུག་ལས། ལྷག་མཐོང་རབ་ཏུ་ལྡན་པའི་ཞི་གནས་ཀྱིས། །ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱས་ནས། །ཐོག་མར་ཞི་གནས་བཙལ་བྱ་དེ་ཡང་ནི། །འཇིག་རྟེན་ཆགས་པ་མེད་ལ་མངོན་དགས་འགྲུབ། །ཅེས་པ་ལྟར་སེམས་རྩེ་གཅིག་དུ་གནས་པའི་ཞི་གནས་དང་དེ་ཁོ་ན་ཉིད་ཤེས་པའི་ལྷག་མཐོང་ཉམས་སུ་ལེན་པའི་བསྒྲུབ་པ་ལ་བརྩོན་པར་བྱ་སྟེ་ཞི་གནས་ཀྱིས་ཉོན་མོངས་མངོན་གྱུར་བ་མགོ་གནོན་ཞིང་ལྷག་མཐོང་གིས་ས་བོན་སྐྱེ་འགྱུར་གྱི་ཆ་འཇོམས་པས་ཉོན་མོངས་པ་རྣམས་རྩ་བ་དྲུངས་འབྱིན་དུ་སྤོང་བའི་ཕྱིར་རོ། །དེ་ཡང་རྣམ་སྣང་མངོན་བྱང་ལས། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །མི་རྟོག་ཏིང་འཛིན་ལ་གནས་ན། །མཁའ་བཞིན་དྲི་མ་མེད་པར་འགྱུར། །ཞེས་གསུངས་སོ། །མ་གཅིག་ལབ་སྒྲོན་གྱིས། ཚིག་ལ་མཁས་པ་མཁས་པ་མིན། །དོན་ལ་མཁས་ན་མཁས་པ་ཡིན། །དོན་ལ་བསམ་ཞིང་རང་རིག་སྐྱེ། །དོན་ནི་སྟོང་ཉིད་སྐྱེ་མེད་དབྱིངས། །ཚིག་གིས་རང་ཉིད་མཚོན་པའི་ཐབས། །དོན་ལ་ཞོག་ཅིག་རིགས་ཀྱི་བུ། །ཉམས་སུ་ལོངས་ཤིག་རིགས་ཀྱི་བུ། །ཞེས་དོན་ཆོས་ཉིད་ལ་མཁས་ན་རང་གཞན་སྡུག་བསྔལ་ལས་གྲོལ་བར་འགྱུར་བས་ཉམས་སུ་ལེན་དགོས་པར་གདམས་པ་ཡང་དོན་གྱི་འགག་ཁྲོལ་བའི་གཏམ་ཡིན་ནོ། །
བཞི་པ་ནི། བདག་གིས་འདི་བྱས་བསོད་ནམས་ཀྱིས། །སེམས་ཅན་ཐམས་ཅད་གྲོལ་གྱུར་ཅིག །
ཅེས་པ་སྟེ། གང་གིས་བསྔོ་བའི་གང་ཟག་ནི། སློབ་དཔོན་ཆེན་པོ་ཟླ་བ་གྲགས་པའོ། །གང་ཞིག་བསྔོ་བའི་དགེ་བ་ནི། དབུ་མ་ཤེས་རབ་ལ་འཇུག་པ་འདི་ཉིད་བྱས་པས་མཚོན་པའི་འདུས་བྱས་དང་འདུས་མ་བྱས་པའི་བསོད་ནམས་ཇི་སྙེད་དོ་ཅོག་སྟེ། དེ་ཡང་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རང་བཞིན་གཟོད་མ་ནས་རྣམ་པར་དག་པ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་ཞུགས་པ་གང་ཡིན་པ་འདི་ནི་རྣམ་པ་ཐམས་ཅད་ཏུ་སྤྲོས་མཚན་གྱིས་མ་གོས་པ་ཆོས་ཀྱི་དབྱིངས་ཇི་ལྟ་བར་གནས་ཤིང་འདི་རྟོགས་པ་ལས་བླ་ན་མེད་པའི་སངས་རྒྱས་ཐོབ་པར་འཇོག་པའི་ཕྱིར་སངས་རྒྱས་ཀྱི་རིགས་ཞེས་བྱ་བ། ཇི་ལྟར་ནམ་མཁའ་ཆོས་གང་གིས་ཀྱང་མ་བསྡུས་ཤིང་ཅིར་ཡང་མ་གྲུབ་པ་དང་ཐམས་ཅད་ལ་གོ་འབྱེད་པ་གཉིས་དབྱེར་མེད་པ་ལྟ་བུ་འདི་ནི་དགེ་བ་ཐམས་ཅད་ཀྱི་གཞི་རྟེན་ཡང་ཡིན་ལ། གང་ལས་དགེ་བ་འབྱུང་བའི་གནས་ཀྱང་ཡིན་ཞིང་། འདི་ཉིད་ལ་ཡང་དག་པའི་དགེ་བར་ཡང་གསུངས་ཏེ། རྒྱན་སྟུག་པོ་བཀོད་པའི་མདོ་ལས། ཀུན་གཞི་ངང་ལུགས་དགེ་བ་ནི། །རྒྱལ་སྲས་རྣམས་ཀྱིས་མཐོང་ཐོས་ཏེ། །ཀུན་གཞི་མཆོག་ཏུ་དགེ་བ་ནི། །ཐམས་ཅད་ལུས་ལ་ཞེན་པ་སྟེ། །ཞེས་དང་། ས་རྣམས་སྣ་ཚོགས་ཀུན་གཞི་སྟེ། །བདེ་གཤེགས་སྙིང་པོ་དགེ་བའང་དེ། །སྙིང་པོ་དེ་ལ་ཀུན་གཞིའི་སྒྲས། །དེ་བཞིན་གཤེགས་པ་སྟོན་པར་མཛད། །ཅེས་སོ། །ཆོས་ཉིད་ཀུན་གཞི་བསྔོ་བྱར་བྱས་ཏེ་བསྔོས་པ་ན་ཕན་བདེའི་འབྲས་བུ་འབྱུང་བར་གསུངས་པ་ལས་ཆོས་ཉིད་བསྒྱུར་བའི་དོན་མིན་པས། རབ་དབྱེ་ལས། བསྔོ་བས་འགྱུར་ན་འདུས་བྱས་འགྱུར། །མི་འགྱུར་བསྔོས་པ་དོན་མེད་འགྱུར། །ཞེས་པའི་སྐྱོན་མེད་ལ། གཞན། གལ་ཏེ་ཆོས་དབྱིངས་དགེ་བ་ཉིད། །ཡིན་ན་ཧ་ཅང་ཐལ་འགྱུར་ཏེ། །ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི། །ཆོས་གཞན་མེད་ཕྱིར་སྡིག་པ་དང་། །ལུང་མ་བསྟན་ཡང་དགེ་བར་འགྱུར། །ཞེས་པ་ནི་ཀློག་པ་པོ་ཐམས་ཅད་ལ་རླུང་ལྟར་གྲགས་པའི་ཤེས་བྱ་སྒོག་གཏུན་མ་ཚིགས་བཅད་ཏུ་བྱས་པ་ཙམ་སྟེ། གལ་ཏེ་ཆོས་དབྱིངས་འདུས་མ་བྱས། །ཡིན་ན་ཧ་ཅང་ཐལ་འགྱུར་ཏེ། །ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི། །ཆོས་གཞན་མེད་ཕྱིར་སྡིག་པ་དང་། །ལུང་མ་བསྟན་ཡང་འདུས་མ་བྱས། །ཡིན་པ་ཉིད་དུ་ཐལ་བར་འགྱུར། །ཞེས་སྨྲས་ན་གཟུར་གནས་ཀྱི་ངོར་ལན་དང་བྲལ་བ་ཡིན་པར་དཔའ་བོ་གཙུག་ལག་ཕྲེང་བས་གསུངས་སོ། །