དབུ་མ་ཤེས་རབ་ལ་འཇུག་པའི་ཊཱིཀ་ཚིག་དོན་རབ་གསལ་ཞེས་བྱ་བ་བཞུགས་སོ། ། 3

2014-04-26

~~ཅེས་པ་སྟེ། ཆོས་ཅན་ཀུན་རྫོབ་རྣམས་ནི། མདོ་ལས། གཟུགས་ནི་དབུ་བ་རྡོས་པ་འདྲ། །ཚོར་བ་ཆུ་ཡི་ཆུ་བུར་འདྲ། །འདུ་ཤེས་སྨིག་རྒྱུ་འདྲ་བ་སྟེ། །འདུ་བྱེད་རྣམས་ནི་ཆུ་ཤིང་བཞིན། །རྣམ་པར་ཤེས་པ་སྒྱུ་མ་ལྟར། །ཉི་མའི་གཉེན་གྱིས་གསུངས་པ་ཡིན། །ཞེས་པས་བརྫུན་སྣང་ཙམ་ལས་ཡང་དག་དོན་ལ་མེད་ཅིང། ཆོས་ཅན་མེད་པའི་ཆོས་ཉིད་མི་སྲིད་པས་དོན་དམ་ཡང་མེད་དོ། །ཤེས་བྱ་བདེན་གཉིས་མེད་པའི་ཕྱིར་འཁྲུལ་གྲོལ་གྱི་ཆ་ལས་ཕྱེ་བའི་སངས་རྒྱས་མེད་ལ་སེམས་ཅན་ཡང་མེད་དོ། །བྱེད་པོ་སེམས་ཅན་མེད་པའི་ཕྱིར་ཤེས་པར་བྱ་བའི་ལྟ་བ་མེད་ཅིང་དེ་ཉམས་སུ་ལེན་པའི་སྒོམ་པ་ཡང་མེད་དོ། །རྒྱུ་ལྟ་སྒོམ་མེད་པའི་ཕྱིར་འབྲས་བུ་མཐོ་རིས་ཐར་པ་མེད་ཅིང་ལས་སུ་བྱ་བའི་སྤྱོད་པ་བཟང་ངན་ཡང་མེད་དོ། །གལ་ཏེ་དོན་དམ་པར་ཡོད་པ་དང༌། མེད་པ་གཉིས་ཀ་ལས་དབེན་ན་ཅིའི་ཕྱིར་མེད་པ་ཁོ་ནས་བསྟན་ཅེ་ན། འདི་ནི་དབུ་མ་རིན་ཆེན་སྒྲོན་མ་ལས། སྐྱེ་བ་མེད་ཅེས་བསྟན་པ་ནི། །དངོས་པོར་འཛིན་པ་རྣམས་ཕྱིར་ཡིན། །ཆོས་རྣམས་ཡེ་ནས་སྐྱེ་མེད་ལ། །སྐྱེ་མེད་ཐ་སྙད་སྒྲོ་བཏགས་ཙམ། །དངོས་མེད་ཉིད་ཀྱང་མ་གྲུབ་ན། །དེར་ནི་དངོས་པོ་ག་ལ་ཞིག །དངོས་པོ་གདོད་ནས་མེད་ཉིད་ལ། །ཆད་ཅེས་པ་དེ་རིགས་པ་མིན། །ཞེས་བྱིས་པ་རྣམས་ཐོག་མ་མེད་པའི་འཁོར་བ་ནས་ཡོད་པ་ལ་མངོན་པར་ཞེན་པ་བསལ་བའི་ཕྱིར་དགག་པ་གཙོ་ཆེར་མཛད་པས། མདོ་སྡུད་པ་ལས། གང་ཞིག་ཡོད་པ་མ་ཡིན་དེ་ནི་མེད་ཅེས་བྱ། །བྱིས་པ་རྣམས་ཀྱིས་དེ་བརྟགས་ཡོད་དང་མེད་པར་བྱེད། །ཡོད་དང་མེད་པ་འདི་གཉིས་མེད་པའི་ཆོས་ཡིན་ཏེ། །བྱང་ཆུབ་སེམས་དཔའ་གང་ཞིག་འདི་ཤེས་ངེས་པར་འབྱུང༌། །ཞེས་མེད་པའི་བསྔགས་པ་མཛད་པས་བསྟན་ཏོ། །འོ་ན་ཡོད་པའི་ཞེན་པ་ལོག་ཀྱང་མེད་པའི་ཞེན་པར་ཇི་ལྟར་མི་འགྱུར་ཞེ་ན། དེ་ནི་མ་ཡིན་ཏེ་ཡོད་པ་བརྫུན་པར་ཤེས་པ་དེའི་གྲོགས་ལྟོས་པས་བཞག་པའི་མེད་པ་བརྫུན་པ་ཡིན་པར་ཤེས་པ་ངེས་པར་འབྱུང་སྟེ། སྤྱོད་འཇུག་ལས། སྟོང་ཉིད་བག་ཆགས་གོམས་པས་ན། །དངོས་པོའི་བག་ཆགས་སྤོང་འགྱུར་ཞིང་། །ཅི་ཡང་མེད་ཅེས་གོམས་པས་ནི། །དེ་ཡང་ཕྱི་ནས་སྤོང་བར་འགྱུར། །གང་ཚེ་གང་ཞིག་མེད་དོ་ཞེས། །བརྟག་བྱའི་དངོས་པོ་མི་དམིགས་པ། །དེ་ཚེ་དངོས་མེད་རྟེན་བྲལ་བ། །བློ་ཡི་མདུན་དུ་ཇི་ལྟར་གནས། །ཞེས་སོ། །མཐའ་བྲལ་གྱི་ལྟ་བས་རང་རྒྱུད་གྲོལ་བར་འདོད་ན་ལུང་དང་རིགས་པའི་ལད་མོས་མི་ཚེ་སྐྱེལ་བ་ཙམ་མིན་པར། སྒྲ་སྒྱུར་གྱི་རྒྱལ་པོ་མར་པ་ལོ་ཙཱས། བརྡ་ཡིས་མཚོན་པའི་དོན་རྟོགས་པ། །འཁོར་འདས་གཉིས་སུ་མི་འཛིན་ཅིང་། །སྤང་བླང་རྒྱུད་ལ་མི་སྦྱོར་བ། །གཞན་ནས་འབྲས་བུ་མི་རེ་ཞིང་། །ཡིད་ལ་བྱར་མེད་སྤྲོས་དང་བྲལ། །མཐའ་བཞི་དག་ཏུ་ལྷུང་བ་མེད། །སྒོམ་དུ་མེད་ཅིང་ཡེངས་སུ་མེད། །དྲན་དུ་མེད་ཅིང་བརྗོད་དུ་མེད། །གང་གིས་ཀྱང་ནི་མཚོན་དུ་མེད། །བླ་མའི་དྲིན་གྱིས་དེ་ལྟར་རྟོགས། །ཞེས་དང་། གངས་ཅན་གྲུབ་པའི་གཙུག་རྒྱན་རྗེ་བཙུན་མི་ལ་རས་པས། ཁྱེད་བློ་དམན་རྣམས་ཀྱི་བསམ་པ་དང་། །བསྟུན་ནས་ཀུན་མཁྱེན་སངས་རྒྱས་ཀྱིས། །ཐམས་ཅད་ཡོད་ཅེས་གསུངས་པ་ཡིན། །དོན་དམ་བདེན་པའི་དབང་དུ་ནི། །བགེགས་བས་སངས་རྒྱས་ཉིད་ཀྱང་མེད། །སྒོམ་པ་པོ་མེད་བསྒོམ་བྱ་མེད། །བགྲོད་བྱ་ས་དང་ལམ་རྟགས་མེད། །འབྲས་བུ་སྐུ་དང་ཡེ་ཤེས་མེད། །དེ་ཕྱིར་མྱ་ངན་འདས་པ་མེད། །མིང་དང་ཚིག་གིས་བཏགས་པ་ཙམ། །ཁམས་གསུམ་བརྟན་དང་གཡོ་བར་བཅས། །གདོད་ནས་མ་གྲུབ་སྐྱེ་བ་མེད། །གཞི་མེད་ལྷན་ཅིག་སྐྱེས་པ་མེད། །ལས་དང་ལས་ཀྱི་རྣམ་སྨིན་མེད། །དེ་ཕྱིར་འཁོར་བའི་མིང་ཡང་མེད། །མཐར་ཐུག་དོན་ལ་དེ་ལྟར་གདའ། །ཨེ་མ་སེམས་ཅན་མེད་གྱུར་ན། །དུས་གསུམ་སངས་རྒྱས་ཅི་ལས་བྱུང་། །རྒྱུ་མེད་འབྲས་བུ་མི་སྲིད་པས། །ཀུན་རྫོབ་བདེན་པའི་དབང་དུ་ནི། །འཁོར་བ་དང་ནི་མྱ་ངན་འདས། །ཐམས་ཅད་ཡོད་ཅེས་ཐུབ་པས་གསུངས། །ཡོད་པ་དངོས་པོར་སྣང་བ་དང་། །མེད་པ་སྟོང་པའི་ཆོས་ཉིད་གཉིས། །ངོ་བོ་དབྱེར་མེད་རོ་གཅིག་པས། །རང་རིག་གཞན་རིག་ཡོད་མིན་ཏེ། །ཐམས་ཅད་ཟུང་འཇུག་ཡངས་པ་ཡིན། །དེ་ལྟར་རྟོགས་པའི་མཁས་པ་ཡིས། །རྣམ་ཤེས་མ་མཐོང་ཡེ་ཤེས་མཐོང་། །སེམས་ཅན་མ་མཐོང་སངས་རྒྱས་མཐོང་། །ཆོས་ཅན་མ་མཐོང་ཆོས་ཉིད་མཐོང་། །དེ་ལས་སྙིང་རྗེ་ཤུགས་འབྱུང་སྟེ། །སྟོབས་དང་མི་འཇིགས་གཟུངས་ལ་སོགས། །སངས་རྒྱས་ཡོན་ཏན་གང་ཡིན་པ། །ནོར་བུ་རིན་ཆེན་ཚུལ་དུ་འབྱུང་། །དེ་རྣལ་འབྱོར་ང་ཡི་རྟོགས་ཚད་ཡིན། །ཞེས་པ་ལྟར་དོན་ཉམས་སུ་བླངས་པས་སྐྱེ་མེད་མཐའ་བྲལ་གྱི་རྟོགས་པ་མངོན་དུ་གྱུར་ཏེ་སོ་སོ་རང་ཉིད་ཀྱི་ལྟ་བའི་རྟོགས་ཚད་བརྗོད་དུ་ཡོད་པ་ཞིག་དགོས་པ་ཡིན་ནོ། །
གཉིས་པ་སྒོམ་པས་ཉམས་སུ་ལེན་པ་ལ། མཉམ་བཞག །རྗེས་ཐོབ་བོ། །དང་པོ་ལ། བསྒོམ་བྱའི་དོན། འཇོག་པའི་ཐབས། མཐོང་བའི་ངོ་བོའོ། །དང་པོ་ནི། དེ་ཡི་དོན་ནི་བསྒོམ་བྱ་སྟེ། །
ཞེས་པ་སྟེ། མཐའ་བྲལ་གྱི་ལྟ་བ་གཏན་ལ་འབེབ་པ་ནི་སྒོམ་པས་ཉམས་སུ་ལེན་ཆེད་ཡིན་ཕྱིར། རིན་ཆེན་ཕྲེང་བ་ལས། ཞིག་པའམ་ནི་གཉེན་པོ་ཡིས། །ཡོད་ཉིད་མེད་པར་འགྱུར་གྲང་ན། །ཡོད་པ་སྲིད་པ་མ་ཡིན་ཕྱིར། །འཇིག་པའམ་གཉེན་པོར་ཇི་ལྟར་འགྱུར། །ཞེས་ཞིག་པ་དང་གཉེན་པོས་གསར་དུ་བྱས་པའི་མེད་དགག་མིན་པར་ཡེ་ནས་སྐྱེ་མེད་ཆོས་ཉིད་ཀྱི་དོན་སྤྲོས་པའི་མཐའ་དང་བྲལ་བའི་ཟབ་མོ་སྟོང་པ་ཉིད་སྒོམ་པ་ལ་བརྩོན་པར་བྱའོ། །
གཉིས་པ་ནི། རྟོག་མེད་བློ་ནི་རང་ཞིར་གཞག །
ཅེས་པ་སྟེ། འོ་ན་ཟབ་མོ་དབུ་མའི་དོན་སྒོམ་པ་ན་ཇི་ལྟར་འཇོག་པར་བྱ་ཞེ་ན། རྟོག་པ་ནི་དབུ་མ་བདེན་གཉིས་ལས། སེམས་དང་སེམས་བྱུང་ཁམས་གསུམ་པ། །སྒྲོ་བཏགས་རྣམ་པ་ཅན་རྟོག་ཡིན། །དེ་དག་འཆིང་བའི་རྒྱུ་ཉིད་དུ། །ཇི་ལྟར་གཟིགས་པ་དེ་བཞིན་གསུང༌། །ཞེས་འཁོར་བར་འཆིང་བྱེད་ལས་གཉེན་པོའི་ཤེས་པ་མིན་པས་རྟོག་པ་མེད་པའི་བློ། དབུ་མ་རིན་ཆེན་སྒྲོན་མ་ལས། རྟོག་པའི་དྲ་བ་མ་ལུས་པ། །བསལ་བར་གྱུར་པ་གང་ཡིན་དང༌། །ཞི་དང་སོ་སོ་རང་རིག་དང༌། །རྣམ་རྟོག་མེད་ཅིང་ཡི་གེ་མེད། །གཅིག་དང་ཐ་དད་ཉིད་བྲལ་བ། །མཁའ་ལྟར་དྲི་མེད་དེ་ཉིད་ལ། །འཇུག་པ་མེད་པར་འཇུག་པ་ནི། །ཤེས་རབ་དོན་དམ་ཤེས་པར་བྱ། །རྟོག་བཅས་རྟོག་པ་མེད་པ་ཡི། །ཤེས་པ་གཉིས་ལས་ལོག་གྱུར་ན། །དེ་ཚེ་བློ་ལ་ཡུལ་མེད་པས། །སྤྲོས་པ་ཉེ་བར་ཞི་བར་འགྱུར། །གང་ཚེ་ཤེས་དང་ཤེས་བྱ་དག །ཆོས་ཀྱི་དབྱིངས་སུ་གྱུར་པས་ན། །དེ་ཚེ་ནམ་མཁའ་ལྟར་གྱུར་པས། །སྤྲོས་པ་ཉེ་བར་ཞི་བར་གྱུར། །ཇི་སྲིད་ཡིད་ཀྱིས་ལོག་གཡོ་བ། །དེ་སྲིད་བདུད་ཀྱི་སྤྱོད་ཡུལ་ཡིན། །ཡིད་ཀྱི་གཡོ་བ་ཞི་གྱུར་ན། །ཤེས་རབ་གཉིས་ཀྱང་ཤེས་མི་འགྱུར། །ཞེས་འཛིན་སྟངས་ཀྱི་སྤྲོས་པ་ཉེ་བར་ཞི་བའི་ངང་དུ་བཞག་པར་བྱའོ། །དེ་ཡང་རགས་པ་ཕྱི་ཡི་དབུ་མ་ལྟར་ན། ཇོ་བོའི་དབུ་མའི་མན་ངག་ལས། སྟན་བདེ་བ་ལ་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་ལ། འདི་ལྟར་རེ་ཞིག་དངོས་པོ་གཉིས་ཏེ། གཟུགས་ཅན་དང༌། གཟུགས་ཅན་མ་ཡིན་པའོ། །དེ་ལ་གཟུགས་ཅན་རྣམས་ནི་རྡུལ་ཕྲ་རབ་འདུས་པ་ཡིན་ལ། དེ་ཡང་ཕྱོགས་ཆའི་དབྱེ་བས་ཕྱེ་ཞིང་གཞིགས་ན། ཤིན་ཏུ་ཕྲ་བ་ཡང་ལུས་པ་མེད་ཅིང་ཤིན་ཏུ་སྣང་བ་ཡང་མེད་དོ། །གཟུགས་ཅན་མ་ཡིན་པ་ནི་སེམས་ཡིན་ལ། དེ་ཡང་འདི་ལྟར་འདས་པའི་སེམས་ནི་འགགས་ཤིང་ཞིག །མ་འོངས་པའི་སེམས་ནི་མ་སྐྱེས་ཤིང་མ་བྱུང། ད་ལྟར་གྱི་སེམས་ནི་འདི་ལྟར་ཡང་ཤིན་ཏུ་བརྟག་དཀའ་སྟེ། ཁ་དོག་མེད་ཅིང་དབྱིབས་དང་བྲལ་བ། ནམ་མཁའ་དང་འདྲ་བས་མ་གྲུབ་པའམ། ཡང་ན་གཅིག་དང་དུ་མ་དང་བྲལ་བས་སམ། ཡང་ན་མ་སྐྱེས་པས་སམ། ཡང་ན་དེ་རང་བཞིན་གྱིས་འོད་གསལ་བ་ལ་སོགས་པ། རིགས་པའི་མཚོན་གྱིས་དཔྱད་ཅིང་གཞིགས་ན་མ་གྲུབ་པར་རྟོགས་སོ། །དེ་ལྟར་གཉིས་པོ་ཅིའི་ངོ་བོར་ཡང་མ་གྲུབ་ཅིང་མེད་ཙམ་ན། སོ་སོར་རྟོག་པའི་ཤེས་རབ་དེ་ཉིད་ཀྱང་མ་གྲུབ་སྟེ། དཔེར་ན་ཤིང་གཉིས་ཕན་ཚུན་དྲུད་པས་མེ་བྱུང་བའི་རྐྱེན་གྱིས་ཤིང་གཉིས་པོ་ཚིག་ཅིང་མེད་པའི་རྗེས་ལ། གང་གིས་སྲེག་པར་བྱེད་པའི་མེ་དེ་ཉིད་ཀྱང་རང་ཞི་བ་དེ་བཞིན་དུ་རང་དང་སྤྱིའི་མཚན་ཉིད་ཀྱིས་ཆོས་ཐམས་ཅད་མེད་པར་གྲུབ་ཙམ་ན་ཤེས་རབ་ཉིད་སྣང་བ་མེད་ཅིང་འོད་གསལ་བ་ཅིའི་ངོ་བོ་ཡང་མ་གྲུབ་པས། བྱིང་བ་དང་རྒོད་པ་ལ་སོགས་པའི་སྐྱོན་དུ་གྱུར་པ་ཐམས་ཅད་བསལ་ཏེ། ཞེས་པ་ལྟར་རམ། ཡང་ན་དབུ་མ་རིན་ཆེན་སྒྲོན་མ་ལས། ཆོས་ཐམས་ཅད་སེམས་སུ་འདུས་ལ། སེམས་ལུས་ལ་འདུས་ཤིང༌། ལུས་ཆོས་ཀྱི་དབྱིངས་སུ་འདུས་ནས་ཐིམ་པར་གྱུར་པར་བྱའོ། །འདིའི་དོན་ཡང་སློབ་དཔོན་གྱི་ཞལ་སྔ་ནས། དབུ་མ་སྲིད་པ་འཕོ་བ་ལས་ཇི་སྐད་དུ། འཇིག་རྟེན་རྣམ་པར་རྟོག་ལས་བྱུང༌། །རྣམ་པར་རྟོག་པ་སེམས་ལས་བྱུང༌། །སེམས་ཀྱང་ལུས་ལས་བྱུང་བས་ན། །དེ་ཕྱིར་ལུས་ལ་རྣམ་པར་བརྟག །ཅེས་གསུངས་པ་ཡིན་ནོ། །དེ་ལྟ་བུའི་དོན་ལ་གནས་པར་བྱའོ། །ཞེས་པ་ལྟར་བྱའོ། །ཕྲ་བ་ནང་གི་དབུ་མ་ལྟར་ན། དབུ་མ་རིན་ཆེན་སྒྲོན་མ་ལས། འདི་ནི་ཕྲ་བ་ཡིན་ཏེ། ཇི་ལྟར་ཆོས་ཐམས་ཅད་རང་གི་སེམས་ཉིད་སྒྱུ་མ་ཙམ་སྣང་བར་འབྱུང་སྟེ། འདི་ལྟར་སེམས་སྒྱུ་མ་ཙམ་ནི་དུས་གསུམ་ལས་འདས་པ། ཁ་དོག་དག་དང་དབྱིབས་མེད་པར་རང་བཞིན་གྱིས་འོད་གསལ་བ། སྣང་བ་མེད་པས་ན་ཆོས་ཐམས་ཅད་ནི་སེམས་ཉིད་སྒྱུ་མ་ཡིན་པར་ཤེས་པར་བྱའོ། །ཞེས་པ་ལྟར་ཏེ། ཀླུ་སྒྲུབ་ཀྱི་དབུ་མའི་སྒོམ་རིམ་ལས། གང་གིས་འཁོར་བ་རྣམ་བསལ་ནས། །འགྲོ་བ་རང་གི་སེམས་སུ་རྟོག །སེམས་ཙམ་ལ་ནི་བརྟེན་ནས་སུ། །ཕྱི་རོལ་དོན་ནི་མི་རྟོག་གོ ། །དེ་བཞིན་ཉིད་དམིགས་གནས་ནས་ནི། །སེམས་ཙམ་ལས་ནི་འདའ་བར་བྱ། །སེམས་ཙམ་ལས་ནི་འདས་ནས་སུ། །སྣང་བ་མེད་ལས་འདའ་བར་བྱ། །སྣང་མེད་གནས་པའི་རྣལ་འབྱོར་པ། །དེ་ཡིས་ཐེག་པ་ཆེན་པོ་མཐོང༌། །ཞེས་སོ། །
གསུམ་པ་ནི། ངོས་གཟུང་མེད་ཅིང་ཡེངས་པ་མེད། །མཚན་མ་མེད་ཅིང་གསལ་བར་བསྒོམ། །
ཞེས་པ་སྟེ། ཤེས་པ་ཅི་ལ་ཡང་མི་གནས། ཅིར་ཡང་མི་རྟོག །ཅི་ལ་ཡང་སེམས་པ་མེད་པ། མཐའ་ཐམས་ཅད་ལ་མི་གནས་པ། ཤེས་པ་ཅིའི་ངོ་བོར་ཡང་མ་སྐྱེས་པ། ཅི་ཡང་མ་ཡིན་པས་ངོས་བཟུང་དུ་མེད་ཅིང་། བྲམ་ཟེ་ཆེན་པོས། ཀྱེ་མ་རང་ལ་རང་གིས་དེ་ཉིད་མཚོན་ཏེ་ལྟོས། །མ་ཡེངས་སེམས་ཀྱི་བལྟ་དང་བྲལ་གྱུར་ན། །ཡེངས་པའི་སེམས་ཀྱིས་དེ་ཉིད་མཐོང་བ་མེད། །ཅེས་གསུངས་པས་གཞན་དུ་ཡེངས་པ་མེད་ཙམ་དུ་གནས་པ་སྟེ། གསང་བ་བདུད་རྩི་རྒྱལ་པོའི་རྒྱུད་ལས། རང་བཞིན་སྟོང་པ་འོད་གསལ་བ། །བསྒོམས་པས་རྙེད་པ་མ་ཡིན་ཏེ། །མ་བསྒོམས་པས་ཀྱང་རྙེད་པ་མིན། །སྒོམ་པ་ཉིད་ཀྱང་རྟོག་པ་སྟེ། །མི་སྒོམ་པ་ཡང་རྟོག་པ་ཉིད། །བསྒོམ་རྒྱུ་རྡུལ་ཙམ་མེད་པ་ལ། །ཡེངས་སུ་སྐད་ཅིག་མེད་པའོ། །ཞེས་སོ། །འཕགས་པ་རྒྱན་སྟུག་པོའི་མདོ་ལས། ཇི་ལྟར་སྲེག་པར་བྱེད་པའི་མེ། །བསྲེག་བྱ་མེད་པས་མི་གནས་སོ། །དེ་བཞིན་བསྲེག་བྱ་ལྟ་ཚིག་ན། །སྟོང་ཉིད་མེ་ཡང་འགག་པར་འགྱུར། །ལྟ་བ་འགོག་པའི་དུས་སུ་ཡང༌། །ཡེ་ཤེས་མེ་ཡང་མི་འབྱུང་སྟེ། །ཉོན་མོངས་ཐམས་ཅད་སྲེག་པར་བྱེད། །ཉོན་མོངས་བསྲེགས་ན་རྣམ་པར་མཛེས། །ཞེས་སོ་སོར་རྟོག་པའི་ཤེས་རབ་ཉིད་ཀྱི་མཚན་མ་ཡང་མེད་ཅིང་། གཉིད་འཐུག་དང་བརྒྱལ་བ་ལྟ་བུ་ཡང་མིན་པར་བྱང་ཆུབ་སེམས་འགྲེལ་ལས། སེམས་ལ་དམིགས་པ་མེད་པ་ཡི། །གནས་པ་ནམ་མཁའི་མཚན་ཉིད་ཡིན། །དེ་དག་སྟོང་ཉིད་བསྒོམ་པ་ནི། །ནམ་མཁའ་བསྒོམ་པར་བཞེད་པ་ཡིན། །ཞེས་པས་ནམ་མཁའ་སྤྲིན་མེད་པ་ལ་ཉི་ཟླ་ཤར་བ་ལྟ་བུ་ཆོས་ཀྱི་དབྱིངས་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་ངོ་བོ་སྟོང་པ་ཉིད་ཀྱི་གནས་ལུགས་མ་བཅོས་པ་གསལ་བར་བསྒོམ་པར་བྱའོ། །མདོ་ལས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བས་འདི་ཞེས་ཚིག་གིས་བརྗོད་པ་དང་བློས་དམིགས་པར་མི་ནུས་པ། སྐྱེ་འགག་མེད་པའི་རང་བཞིན་རབ་ཏུ་ཞི་ཞིང་འོད་གསལ་བ། ཆོས་ཀྱི་དབྱིངས་རྣལ་འབྱོར་པའི་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་མཐོང་བ་མེད་པའི་ཚུལ་དུ་མཐོང་བ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟེ། ཀླུ་སྒྲུབ་དབུ་མའི་སྒོམ་རིམ་ལས། སེམས་ཀྱི་གཉིས་མེད་དག་པ་ཡིས། །སེམས་ནི་འཁྲུལ་པར་འགྱུར་མ་ཡིན། །འཁྲུལ་པའི་རང་བཞིན་ཉིད་སྟོང་བས། །དེས་ན་སེམས་ནི་མཐོང་མ་ཡིན། །ཞེས་དང་། དབུ་མ་རིན་ཆེན་སྒྲོན་མ་ལས། ནམ་མཁའི་དབུས་སུ་བདག་མེད་ཅིང༌། །ཆོས་ཀྱི་དབྱིངས་ལ་ཐིམ་པ་ནི། །ཤེས་རབ་ཕ་རོལ་ཕྱིན་པ་སྟེ། །མཐོང་བྱ་མཐོང་བྱེད་མཐོང་བ་མེད། །ཅེས་སོ། །གཉིས་པ་རྗེས་ཐོབ་ནི། ལངས་ལ་དངོས་པོར་སྣང་བ་ཀུན། །སྒྱུ་མ་ཙམ་དུ་ཤེས་བྱས་ནས། །
ཞེས་པ་སྟེ། གང་གི་ཚེ་ལྡང་བར་འདོད་པ་ན་དལ་བུས་སྐྱིལ་མོ་ཀྲུང་བཤིག་སྟེ་ལངས་ལ། སློབ་དཔོན་གྱི་ཞལ་ནས། ལུས་དང་ལོངས་སྤྱོད་གནས་དག་དང༌། །ས་དང་ཕ་རོལ་ཕྱིན་པ་དང༌། །སངས་རྒྱས་རྫུ་འཕྲུལ་ཆོ་འཕྲུལ་སོགས། །འཁོར་དང་མྱ་ངན་འདས་པ་དག །དེ་ཀུན་སྒྱུ་མ་སྤྲུལ་པ་དང༌། །སྐྲ་ཤད་འཛིངས་པ་ལྟ་བུར་སྣང༌། །ཞེས་དངོས་པོར་སྣང་བའི་ཆོས་ཀུན་སྒྱུ་མ་ཙམ་དུ་ཤེས་པས་སྤྱོད་ལམ་ལ་འཇུག་པར་བྱས་ན། ཀླུ་སྒྲུབ་དབུ་མའི་སྒོམ་རིམ་ལས། རྣམ་པར་རྟོག་པ་ཉིད་འཕེལ་བའི། །རྐྱེན་ལས་སྐྱེས་པའི་འཇིག་རྟེན་ནི། །སྒྱུ་མ་ལ་སོགས་རྨི་ལམ་འདྲར། །གང་གིས་རབ་མཐོང་རྣམ་པར་གྲོལ། །ཞེས་པས་གྲོལ་བར་ངེས་པ་ཡིན་ནོ། །
གསུམ་པ་སྤྱོད་པས་བླང་དོར་བྱ་བ་ལ། ལག་ལེན། ཀུན་སློང། གལ་གནད་དོ། །དང་པོ་ནི། སྡོམ་པ་རྣམ་གསུམ་འབད་པས་བསྲུང༌། །ཡན་ལག་བདུན་པ་ལ་སོགས་བྱ། །
ཞེས་པ་སྟེ། སྡོམ་པ་གསུམ་བསྟན་པའི་མདོ་ལས། ལུས་ཀྱིས་ཀུན་ཏུ་བསྡམ་པར་བྱ། །ངག་གིས་ཡང་དག་བསྡམ་པར་བྱ། ཡིད་ཀྱིས་སྡང་བར་མི་བསམ་སྟེ། །དེ་ཚེ་མྱ་ངན་འདས་པར་གྱིས། །ཞེས་པས་འཁོར་བ་དང་ངན་སོང་གི་རྒྱུར་གྱུར་པའི་མི་དགེ་བ་ཕྲ་མོ་ཙམ་ཡང་མི་འབྱུང་བར་བྱེད་པའི་ལུས་ངག་ཡིད་ཀྱི་སྡོམ་པ་རྣམ་པ་གསུམ་པོ་འབད་པས་བསྲུང༌བར་བྱའོ། །ཅིའི་ཕྱིར་ཞེ་ན། འདུལ་བ་སོ་སོ་ཐར་པ་ལས། ངག་རྣམས་བསྲུང་ཞིང་ཡིད་ཀྱིས་རབ་བསྡམས་ཏེ། །ལུས་ཀྱི་མི་དགེ་བ་དག་མི་བྱེད་ཅིང༌། །ལས་ལམ་གསུམ་པོ་འདི་དག་རབ་སྦྱང་ན། །དྲང་སྲོང་གསུངས་པའི་ལམ་ནི་འཐོབ་པར་འགྱུར། །ཞེས་མཐོ་རིས་དང་ཐར་པའི་ལམ་རིམ་པར་བགྲོད་དེ་མཐར་གྱིས། ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པའང་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཀུན་ཏུ་བསྡམས་པའི་དགེ་སློང་ནི། །སྡུག་བསྔལ་ཀུན་ལས་རབ་ཏུ་གྲོལ། །ཞེས་ཞི་བ་མྱ་ངན་ལས་འདས་པའི་ས་ན་ཕྱིན་པར་འགྱུར་བས་སོ། །མི་དགེ་བ་སྤོང་ཙམ་མིན་པར་བདེ་བ་འབྱུང་བའི་རྒྱུ་བཟང་པོ་སྤྱོད་པ་ལས། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང༌། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །ཞེས་པའི་ཡན་ལག་བདུན་པ་ལ་སོགས་དགེ་བའི་ལས་ལ་ཉིན་མཚན་ཀུན་ཏུ་ཞུགས་པར་བྱའོ། །མདོར་ན་བདེ་བ་འདོད་ལ་སྡུག་བསྔལ་མི་འདོད་པའི་གང་ཟག་དག་གིས། སྤྱོད་འཇུག་ལས། སྡུག་སྔལ་འདོར་འདོད་སེམས་ཡོད་ཀྱང་། །སྡུག་སྔལ་ཉིད་ལ་མངོན་པར་རྒྱུག །བདེ་བ་འདོད་ཀྱང་གཏི་མུག་པས། །རང་གི་བདེ་བ་དགྲ་ལྟར་འཇོམས། །ཞེས་པའི་བསམ་སྦྱོར་འགལ་བ་མིན་པར། རིན་ཆེན་ཕྲེང་བ་ལས། ཡིད་དང་ལུས་དང་ངག་གིས་ནི། །མི་དགེ་ཀུན་ལས་ལྡོག་བྱ་ཞིང༌། །དགེ་ལ་རྟག་ཏུ་འཇུག་བྱ་བ། །ཆོས་འདི་རྣམ་པ་གཉིས་སུ་བཤད། །ཅེས་པའི་བདེ་སྡུག་གི་རྒྱུ་དགེ་སྒྲུབ་སྡིག་སྤོང་གི་བྱ་བ་ཕྱིན་ཅི་མ་ལོག་པས་རང་སེམས་འདུལ་བའི་ཐབས་ལ་མཁས་པར་བྱ་སྟེ། སྤྱོད་འཇུག་ལས། གང་གིས་ཆོས་ཀྱི་གཙོ་བོ་མཆོག །སེམས་ཀྱི་གསང་འདི་མ་ཤེས་ན། །བདེ་ཐོབ་སྡུག་བསྔལ་གཞོམ་འདོད་ཀྱང༌། །དེ་དག་དོན་མེད་ཀྱི་ནར་འཁྱམ། །ཞེས་གསུངས་པའི་ཕྱིར་རོ། །
གཉིས་པ་ནི། སྙིང་རྗེ་ཕན་སེམས་ཆེ་བར་བྱ། །ཡུལ་ལ་ཆགས་པ་སྤང་བྱ་ཞིང༌། །འགྲོན་པོའི་ཚུལ་གྱིས་གནས་པར་བྱ། །
ཞེས་པ་སྟེ། རྣམ་པ་ཀུན་ཏུ་མེད་དུ་མི་རུང་བ་ནི་སྙིང་རྗེ་ཆེན་པོ་ཡིན་ཏེ། འཇུག་པ་རང་འགྲེལ་ལས། གང་ཕྱིར་བརྩེ་ཉིད་རྒྱལ་བའི་ལོ་ཐོག་ཕུན་ཚོགས་འདིའི། །ས་བོན་དང་ནི་སྤེལ་ལ་ཆུར་འདྲ་ཡུན་རིང་དུ། །ལོངས་སྤྱོད་གནས་ལ་སྨིན་པ་ལྟ་བུར་འདོད་གྱུར་པ། །དེ་ཕྱིར་བདག་གིས་ཐོག་མར་སྙིང་རྗེ་བསྟོད་པར་བགྱི། །ཞེས་བྱ་བ་སྨོས་སོ། །ཇི་ལྟར་ཕྱི་རོལ་གྱི་འབྲུ་ལ་སོགས་པ་ཕུན་སུམ་ཚོགས་པ་ལ། ཐོག་མ་དང་བར་དང་ཐ་མ་རྣམས་སུ་ས་བོན་དང་ཆུ་དང་སྨིན་པ་རྣམས་གཙོ་བོ་ཉིད་དུ་གྱུར་པས་ཉེ་བར་མཁོ་བ་ཉིད་ཡིན་པ་དེ་བཞིན་དུ། སྙིང་རྗེ་ཁོ་ན་དུས་གསུམ་ཅར་དུ་ཡང་རྒྱལ་བའི་ལོ་ཐོག་ཕུན་སུམ་ཚོགས་པ་ལ་ཉེ་བར་མཁོ་བ་ཉིད་དུ་སྟོན་པ་ཡིན་ནོ། །འདི་ལྟར་སྙིང་རྗེ་ཅན་ནི་གཞན་གྱི་སྡུག་བསྔལ་གྱིས་སྡུག་བསྔལ་བ་ཉིད་ཀྱིས་སེམས་ཅན་སྡུག་བསྔལ་བར་གྱུར་པ་མ་ལུས་པ་ཡོངས་སུ་བསྐྱབ་པར་བྱ་བའི་ཕྱིར། གདོན་མི་ཟ་བར་བདག་གིས་འཇིག་རྟེན་འདི་མཐའ་དག་སྡུག་བསྔལ་ནས་བཏོན་ཏེ། སངས་རྒྱས་ཉིད་ལ་ངེས་པར་སྦྱར་བར་བྱའོ་སྙམ་དུ་ངེས་པར་སེམས་སྐྱེད་པར་བྱེད་དོ། །དམ་བཅའ་བ་འདི་ཡང་གཉིས་སུ་མེད་པའི་ཡེ་ཤེས་སྤངས་པས་སྒྲུབ་པར་མི་ནུས་པས་གཉིས་སུ་མེད་པའི་ཡེ་ཤེས་ལ་ཡང་ངེས་པ་ཁོ་ནར་འཇུག་སྟེ། དེའི་ཕྱིར་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ནི་སྙིང་རྗེ་ཉིད་ཡིན་ནོ། །ཇི་སྐད་དུ་རིན་པོ་ཆེའི་ཕྲེང་བ་ལས། ཐེག་པ་ཆེན་པོ་གང་ཞིག་ལས། །སྙིང་རྗེ་སྔོན་བཏང་སྤྱོད་པ་ཀུན། །ཡེ་ཤེས་དྲི་མ་མེད་བཤད་པ། སེམས་ཡོད་སུ་ཞིག་དེ་ལ་སྨོད། །ཅེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་བསྐྱེད་དུ་ཟིན་ཀྱང༌། གལ་ཏེ་དུས་ཕྱིས་སྙིང་རྗེའི་ཆུས་ཡང་དང་ཡང་དུ་བཅུས་པར་མ་གྱུར་ན། འབྲས་བུའི་ཚོགས་ཡངས་པ་མ་བསགས་པ་འདི་ངེས་པར་ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཡོངས་སུ་མྱ་ངན་ལས་འདས་པས་མྱ་ངན་ལས་འདའ་བར་འགྱུར་རོ། །འབྲས་བུ་མཐའ་ཡས་པའི་གནས་སྐབས་ཐོབ་ཏུ་ཟིན་ཀྱང་གལ་ཏེ་དུས་ཕྱིས་སྙིང་རྗེའི་ཡོངས་སུ་སྨིན་པ་དང་བྲལ་བར་གྱུར་ན་ནི་འདི་དུས་རིང་པོར་ཉེ་བར་ལོངས་སྤྱོད་པར་མི་འགྱུར་ལ། འཕགས་པའི་འབྲས་བུའི་ཚོགས་ཆེན་པོ་རིམ་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་རྣམ་པ་བར་མ་ཆད་པ་ཡུན་རིང་པོར་མངོན་པར་འཕེལ་བར་ཡང་མི་འགྱུར་རོ། །ཞེས་གསུངས་པའི་ཕྱིར་རོ། །སྙིང་རྗེའི་རྣམ་པ་ནི། གཞན་གྱི་སྡུག་བསྔལ་མ་བཟོད་པའི་ཤེས་པ་རྩེ་གཅིག་པ་མངོན་སུམ་རྟོག་མེད་ཀྱི་རྣམ་པ་ཅན་ནི་སྙིང་རྗེ་དངོས་ཡིན་ལ། དེས་དྲངས་ནས་སྡུག་སྔལ་དང་བྲལ་འདོད་ཀྱི་རྟོག་པ་སྐྱེ་ལ་མ་དཔྱད་པའི་ངོར་དེ་གཉིས་དུས་གཅིག་ཏུ་ཡོད་པར་འཁྲུལ་ཞིང་ཞིབ་མོར་ནང་དུ་རྗེས་ཀྱི་ཤེས་པས་དཔྱད་པ་ན་གཅིག་པ་ཡང་མ་ཡིན་ལ་མགལ་མེའི་འཁོར་ལོ་ལྟར་འཇུག་པ་མྱུར་བས་མཚམས་ཕྱེད་པར་དཀའ་བ་ཞིག་གོ །སྙིང་རྗེ་ལ་དབྱེ་ན། སེམས་ཅན་ལ་དམིགས་པ་དང་། ཆོས་ལ་དམིགས་པ་དང་། དམིགས་པ་མེད་པའི་སྙིང་རྗེ་དང་གསུམ་དུ་ཡོད་དེ། བློས་སེམས་ཅན་ནམ་གང་ཟག་རྫས་སུ་ཡོད་པར་སྒྲོ་བཏགས་ནས་དེ་ལྟ་བུའི་སེམས་ཅན་ལ་དམིགས་པ་དང་། བློས་སེམས་ཅན་རྫས་སུ་མེད་པར་རྟོགས་ནས་ཕུང་པོ་ལ་སོགས་པའི་ཆོས་ཙམ་ལ་སེམས་ཅན་དུ་བཏགས་པ་ལ་དམིགས་པ་དང་། བློས་གང་ཟག་དང་ཆོས་གཉིས་ཀ་རང་བཞིན་མེད་པར་རྟོགས་ནས་རང་བཞིན་མེད་པ་ལ་སེམས་ཅན་ཙམ་དུ་ཉེ་བར་བཏགས་པ་ལ་དམིགས་ནས་སྡུག་བསྔལ་དང་བྲལ་འདོད་ཀྱི་རྣམ་པས་རབ་ཏུ་ཕྱེ་བའི་ཕྱིར་རོ། །སྙིང་རྗེས་བསྐྱེད་པའི་གཞན་ཕན་བྱང་ཆུབ་ཀྱི་སེམས་ལའང་བརྩོན་པར་བྱ་སྟེ། བྱང་ཆུབ་སེམས་འགྲེལ་ལས། རང་དང་གཞན་དོན་བསྒྲུབ་དོན་དུ། །སྲིད་ན་ཐབས་གཞན་ཡོད་མ་ཡིན། །བྱང་ཆུབ་སེམས་ནི་མ་གཏོགས་པར། །སངས་རྒྱས་ཀྱིས་སྔར་ཐབས་མ་གཟིགས། །ཞེས་དོན་གཉིས་སྒྲུབ་པའི་ཐབས་བླ་ན་མེད་པ་ནི་བྱང་ཆུབ་ཀྱི་སེམས་ཡིན་ཅིང་། འཇུག་པ་ལས། ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཤིང་། །སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང་། །བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ། །ཞེས་སྲིད་དང་ཞི་བའི་བདེ་ལེགས་ཐམས་ཅད་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་རོ། །བྱང་ཆུབ་སེམས་ཀྱི་མཚན་ཉིད་ནི། གང་གི་ཆེད་དུ་བྱ་བ་སྙིང་རྗེས་གཞན་དོན་ལ་དམིགས་པ་དང་། གང་ཆེད་དུ་བྱ་བ་ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པའི་ཟུར་གཉིས་དང་ལྡན་པ་ཡིན་ལ། དབྱེ་ན་འགྲོ་བར་འདོད་པ་ལྟ་བུ་བསམ་པ་སྨོན་པ་སེམས་བསྐྱེད། དངོས་སུ་འགྲོ་བ་ལྟ་བུ་སྦྱོར་བ་འཇུག་པ་སེམས་བསྐྱེད་གཉིས་ཡོད་པར་སྤྱོད་འཇུག་ལས། བྱང་ཆུབ་སེམས་དེ་མདོར་བསྡུས་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །ཞེས་གསུངས་སོ། །དེ་ལྟར་གཞན་ལ་ཕན་པའི་སེམས་སྙིང་རྗེ་དང་བྱང་སེམས་དག་ཉམས་སུ་ལེན་པར་བྱ་དགོས་ནའང་། རང་ཉིད་ཡུལ་ལ་ཆགས་པར་མི་བྱའོ། །ཅིའི་ཕྱིར་ཞེ་ན། འདོད་ཡོན་ནི་སྙིང་པོ་ཅན་ཞིག་མིན་པར་རྒྱ་ཆེར་རོལ་པའི་མདོ་ལས། འདོད་པ་ཐམས་ཅད་མི་རྟག་བརྟན་པ་མིན། །ཐེར་ཟུག་མ་ཡིན་རྨི་ལམ་འདྲ་བ་སྟེ། །སྨིག་རྒྱུ་དང་ནི་སྒྱུ་མ་རྣམས་དང་འདྲ། །གློག་དང་དབུ་བ་འདྲ་ཞིང་འགྱུར་བ་ཡིན། །ཞེས་དང་། འདོད་པའི་ཡོན་ཏན་འདི་དག་ཆུ་ཟླ་འདྲ། །གཟུགས་བརྙན་མཚུངས་ཤིང་བྲག་ཅ་འདྲ་བ་དང་། །མིག་ཡོར་འདྲ་ཞིང་གར་ལ་ལྟ་འདྲ་དང་། །རྨི་ལམ་མཉམ་པར་འཕགས་པའི་སྐྱེ་བོས་རིག །འདོད་པའི་ཡོན་ཏན་སྐད་ཅིག་ཡ་མ་བརླ། །སྒྱུ་མ་སྨིག་རྒྱུ་འདྲ་ཞིང་བརྫུན་པ་ཅན། །ཆུ་བུར་དབུ་བ་ལྟ་བུ་ཡང་དག་མིན། །ཡོངས་སུ་བཏགས་ལས་བྱུང་བར་མཁས་པས་རྟོགས། །ཞེས་གསུངས་ཤིང། ཡང་། རྟག་ཏུ་གཟུགས་སྡུག་མཆོག་དང་སྒྲ་སྙན་དང་། །དྲི་ཞིམ་རོ་མཆོག་རེག་པ་བདེ་བྱེད་པ། །དུས་ངན་རྙི་ལ་འགྲོ་བ་འདི་དག་ཐོགས། །དཔེར་ན་རྔོན་པའི་རྙི་ལ་སྤྲེའུ་ཐོགས་བཞིན། །འདོད་པའི་ཡོན་ཏན་མྱ་ངན་གནོད་པ་མང་། །འཇིགས་བཅས་རྟག་ཏུ་དགྲ་བྱེད་ཉོན་མོངས་བཅས། །རལ་གྲི་སོ་འདྲ་དུག་སྡོང་ལོ་མ་མཚུངས། །ངན་སྐྱུགས་སྣོད་ལྟར་འཕགས་པའི་སྐྱེ་བོས་སྤངས། །འདོད་པའི་ཡོན་ཏན་འཇིགས་བཅས་ཉོན་མོངས་བཅས། །རྟག་ཏུ་རྗེད་པར་བྱེད་པ་མུན་པ་འདྲ། །རྟག་ཏུ་འཇིགས་པའི་རྒྱུ་བྱེད་སྡུག་བསྔལ་རྩ། །སྲིད་པའི་སྲེད་པའི་འཁྲི་ཤིང་འཕེལ་བར་བྱེད། །ཇི་ལྟར་མེ་འབར་འོབས་ནི་འཇིགས་བཅས་པ། །དེ་ལྟར་འདོད་འདི་འཕགས་པའི་སྐྱེ་བོས་རིག །འདམ་རྫབ་ཆེ་འདྲ་རལ་གྲི་གཤེགས་གནས་འདྲ། །རལ་གྲིའི་སོ་ལ་སྦྲང་རྩིས་བསྐུས་དང་མཚུངས། །ཇི་ལྟར་སྦྲུལ་གྱི་མགོ་དང་ངན་སྐྱུགས་སྣོད། །དེ་ལྟར་འདོད་འདི་མཁས་པ་རྣམས་ཀྱིས་རིག །བྱ་ཤ་ཁམ་བུ་འདྲ་ཞིང་གསལ་ཤིང་འདྲ། །རོ་ལ་ཁྱི་ལྟར་དགྲ་དང་བཅས་པ་ཡིན། །ཞེས་ཉེས་པ་སྣ་ཚོགས་ཀྱི་འབྱུང་གནས་སུ་ཡང་བསྟན་ཏོ། །འདོད་ཡོན་ལ་ཆགས་ན་སྡུག་བསྔལ་ལས་གྲོལ་བའི་བྱང་ཆུབ་ཀྱང་འཐོབ་པར་མི་འགྱུར་ཏེ། ཏིང་འཛིན་རྒྱལ་པོའི་མདོ་ལས། འདོད་པ་དག་ལ་རབ་ཏུ་སྟེན་བྱེད་ཅིང་། །བུ་དང་ཆུང་མ་ལ་ཡང་སྲིད་བསྐྱེད་ནས། །ཁྱིམ་གནས་སྨད་པ་ཉིད་ལ་སྟེན་བྱེད་ན། །བླ་མེད་བྱང་ཆུབ་མཆོག་དེས་ཡོང་མི་འཐོབ། །ཅེས་དང་། སྤྱོད་འཇུག་ལས། གསག་དང་སྲུང་དང་བརླག་པའི་གདུང་བ་ཡིས། །ནོར་ནི་ཕུང་ཁྲོལ་མཐའ་ཡས་ཤེས་པར་བྱ། །ནོར་ལ་ཆགས་པས་གཡེངས་པར་གྱུར་པ་རྣམས། །སྲིད་པའི་སྡུག་སྔལ་ལས་གྲོལ་སྐབས་མེད་ཏོ། །ཞེས་སོ། །གལ་ཏེ་ཐར་པའི་གེགས་སུ་གྱུར་པ་འཇིག་རྟེན་ཁྱིམ་པའི་བྱ་བ་རྣམས་ལ་མ་ཆགས་པར་རབ་ཏུ་བྱུང་སྟེ་དབེན་པའི་གནས་སུ་ཞུགས་ན་བསོད་ནམས་ཀྱི་ཚོགས་རྫོགས་ཤིང་ཏིང་ངེ་འཛིན་བདེ་བླག་ཏུ་སྐྱེས་པས་བྱང་ཆུབ་ཐོབ་པ་ལ་རིང་པོར་མི་ཐོགས་པར་ཏིང་འཛིན་རྒྱལ་པོའི་མདོ་ལས། སུ་དག་མེ་མུར་བཞིན་དུ་འདོད་སྤོང་ཞིང་། །བུ་དང་ཆུང་མ་ལ་ཡང་སྲིད་སྤངས་ནས། །སྐྲག་ཅིང་དངངས་པས་ཁྱིམ་ནས་མངོན་བྱུང་བ། །དེ་དག་བྱང་ཆུབ་མཆོག་འདི་རྙེད་མི་དཀའ། །གང་དག་ཁྱིམ་གྱི་དབུས་ན་འདུག་བཞིན་དུ། །བྱང་ཆུབ་དམ་པ་མཆོག་འདི་ཐོབ་པ་ནི། །དེ་འདྲའི་སངས་རྒྱས་གང་ཡང་སྔོན་མ་བྱུང་། །མ་བྱོན་པ་དང་ད་ལྟར་བཞུགས་པའང་མེད། །རྒྱལ་སྲིད་མཆིལ་མ་བཞིན་དུ་རབ་སྤངས་ལ། །དབེན་པ་འདོད་པས་དགོན་པར་གནས་པར་གྱིས། །ཉོན་མོངས་རབ་སྤངས་བདུད་ཀྱང་རྣམ་བཅོམ་ན། །བྱང་ཆུབ་རྡུལ་མེད་འདུས་མ་བྱས་པ་རྟོགས། །སངས་རྒྱས་དཔའ་བོ་གང་གཱའི་བྱེ་མ་སྙེད། །བསྐལ་པ་བྱེ་མང་རིམ་གྲོ་སུས་བྱས་པས། །གང་ཞིག་ཡོངས་སུ་སྐྱོ་བའི་ཡིད་ཀྱིས་ནི། །ཁྱིམ་ནས་མངོན་པར་བྱུང་ན་འདི་མཆོག་འགྱུར། །ཇི་ལྟར་རབ་ཏུ་བྱུང་ནས་ཆོས་སྤྱོད་པ། །དེ་ལྟར་ཟས་དང་སྐོམ་དང་ཆོས་གོས་དང་། །མེ་ཏོག་དང་ནི་སྤོས་དང་བྱུག་པ་ཡིས། །མི་མཆོག་རྒྱལ་བ་རིམ་གྲོ་བྱས་མ་ཡིན། །སུ་དག་བྱང་ཆུབ་ཏུ་ཡང་འདོད་མོས་ཤིང་། །སེམས་ཅན་དོན་ཕྱིར་འདུས་བྱས་ཡོངས་སྐྱོ་ནས། །དགོན་པར་བལྟས་ཏེ་གོམ་པ་བདུན་བོར་ན། །དེ་བས་བསོད་ནམས་འདི་ནི་ཁྱད་པར་འཕགས། །ཞེས་གསུངས་སོ། །སྤྱིར་ཡུལ་དུ་གྱུར་པའི་ཕྱི་ནང་སྣོད་བཅུད་ཐམས་ཅད་མི་རྟག་པ་རྒྱ་ཆེན་རོལ་པའི་མདོ་ལས། སྲིད་གསུམ་མི་བརྟན་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་ལྟ་དང་མཚུངས། །འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ། །ཞེས་པ་ལྟར་ཡིན་ཅིང་། ལྷག་པར་རང་ཉིད་ཀྱི་གནས་ལུས་ལོངས་སྤྱོད་མཛའ་གྲོགས་གཉེན་བཤེས་གང་ཞིག་ཡིན་ནའང་མགྲོན་པོའི་ཚུགས་སོའི་གནས་ཚུལ་ལྟ་བུ་ལས་མཐར་གྱིས་འཐོར་ཞིག་ཏུ་འགྲོ་བར་ངེས་པ་རྒྱལ་པོ་ལ་གདམས་པའི་མདོ་ལས། འཆི་བའི་ཚེ་ན་ཕ་མ་བུ་ཚ་དང་། །ཕུ་ནུ་མཛའ་བཤེས་བྲན་ཁོལ་ནོར་ཀུན་ཀྱང་། །བདག་ཉིད་འཆི་བའི་ཕྱི་ན་འོང་མེད་པས། །སྡུག་བསྔལ་སྐལ་ལེན་འགའ་ཡང་ཡོད་མ་ཡིན། །དེ་བས་སྐྱེས་ཀྱང་བདག་ཉིད་གཅིག་པུ་སྐྱེས། །ཐ་མ་འཆི་ཡང་བདག་ཉིད་གཅིག་པུ་འཆི། །སྐད་ཅིག་ཚེ་ལས་འཐུན་པ་ཉེ་གཞི་རྣམས། །འགྲོན་པོ་གནས་འཐུན་ཙམ་སྟེ་སོ་སོར་འགྲོ། །སྐད་ཅིག་ཙམ་ཡང་འབྲལ་བར་མི་ཕོད་པའི། །གཉེན་དང་ནོར་རྫས་ཡུལ་མཁར་ཀུན་བོར་ནས། །བདག་ཉིད་གཅིག་པུ་འཇིགས་པའི་ལམ་དུ་འགྲོ། །ཇི་ཙམ་སྡིག་དང་བསྡོས་ནས་ནོར་བསགས་ཀྱང་། །སྡིག་པའི་རྣམ་སྨིན་རྨོངས་པ་བདག་ཉིད་འཁུར། །བསགས་པའི་ནོར་ནི་ཁོང་དག་བུ་ཚས་འཁྱེར། །དེ་ཕྱིར་བསགས་པའི་ནོར་གྱིས་ཅི་ཞིག་ཕན། །བདག་ལ་ཤིན་ཏུ་ཕངས་པའི་ལུས་འདི་ཡང་། །ཤི་བའི་དུས་སུ་རྫ་ཞིག་བཞིན་དུ་འབོར། །ལྷན་ཅིག་སྐྱེས་པའི་ཤ་རུས་གཉིས་ཀྱང་འབྱེ། །དབང་མེད་བདག་ཉིད་གཅིག་པུ་འཁྱམས་ནས་ནི། །ལས་ཀྱི་དབང་གིས་གང་དུ་སྐྱེས་གྱུར་ན། །དེ་བས་ལུས་ཀྱི་ཕྱིར་ནི་སྡིག་མི་བྱ། །ཞེས་གསུངས་པ་ཉིད་ཡིན་པས་མི་རྟག་པའི་འདུ་ཤེས་དང་བྲལ་བར་མི་བྱའོ། །
གསུམ་པ་ནི། སེམས་ཅན་མ་དད་སྤངས་ནས་ནི། །བདག་ཉིད་དགོན་པར་གནས་པར་བྱ། །
ཞེས་པ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྤྱོད་འཇུག་ལས། འཇིག་རྟེན་མ་དད་གྱུར་པ་ཀུན། །མཐོང་དང་དྲིས་ཏེ་སྤང་བར་བྱ། །ཞེས་འཇིག་རྟེན་སེམས་ཅན་གཞན་རྣམས་ཀྱིས་འཕྱ་ཞིང་མ་དད་པར་གྱུར་པའི་སྤྱོད་པ་ཀུན་རང་གིས་མཐོང་ཞིང་ཤེས་པ་རྣམས་དང་རང་གིས་མ་མཐོང་ཞིང་མི་ཤེས་པ་
རྣམས་ཀྱང་གང་ཟག་གཞན་མཁས་པ་དང་རྒྱུས་ཡོད་རྣམས་ལ་དྲིས་ནས་སྤོང་བར་བྱ་དགོས་ཏེ། ཐེག་པ་ཆེན་པོའི་སྡེ་སྣོད་རྣམས་སུ་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་མཚོ་ལྟ་བུར་གསུངས་པའི་སྙིང་པོ་རྒྱལ་བ་དགྱེས་པའི་ཐབས་གཅིག་པུ་བ་ནི། སྤྱོད་འཇུག་ལས། གཞན་ཡང་གཡོ་མེད་གཉེན་གྱུར་ཅིང་། །ཕན་པ་དཔག་མེད་མཛད་རྣམས་ལ། །སེམས་ཅན་མགུ་བྱ་མ་གཏོགས་པར། །གཞན་གང་ཞིག་གིས་ལན་ལོན་འགྱུར། །ཞེས་གཞན་ཕན་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །དེས་ན་དཀོན་མཆོག་སྤྲིན་ལས། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་དུར་ཁྲོད་པས་གཙུག་ལག་ཁང་དུ་ཞུགས་ཏེ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཕྱག་བྱས་དགེ་སློང་རྒན་རབས་རྣམས་ལ་ཕྱག་བྱས་ཏེ། གསར་བུ་རྣམས་ཀྱང་དགའ་བར་བྱས་ལ་འགྲེང་སྟེ་འདུག་པར་བྱའོ། །དགེ་འདུན་གྱི་མལ་སྟན་ལ་འདུག་པར་མི་བྱའོ། །རིགས་ཀྱི་བུ་དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་ཡིད་དང་སྦྱར་བར་བྱ་སྟེ། བྱང་ཆུབ་སེམས་དཔའ་དུར་ཁྲོད་པ་ནི་འཕགས་པ་མ་ཡིན་པའི་འཇིག་རྟེན་དང་མི་འཐུན་གྱི། འཕགས་པ་དང་ནི་མི་འཐུན་པ་མེད་དོ། །ཞེས་སྦྱངས་ཡོན་ལ་གནས་པ་འཕགས་པ་དགྱེས་པའི་བྱང་སེམས་ཡིན་ནའང་འཇིག་རྟེན་གྱི་ཡིད་དང་སྦྱར་བར་བྱ་ཕྱིར་དགེ་འདུན་གྱི་མལ་སྟན་ལ་འདུག་པར་མི་བྱ་བར་གསུངས་སོ། །དེ་ལྟར་གཞན་དོན་གྱི་བསྒྲུབ་བྱ་གཙོ་བོ་འཇིག་རྟེན་སེམས་ཅན་གྱི་མ་དད་པ་རྣམས་ཅི་ནུས་སུ་སྤངས་ཏེ། རང་དོན་གྱི་བསྒྲུབ་བྱ་གཙོ་བོ་ཏིང་འཛིན་རྒྱལ་པོའི་མདོ་ལས། རྟག་ཏུ་ནགས་ཁྲོད་དབེན་པར་བསྙེན་པར་གྱིས། །གྲོང་དང་གྲོང་ཁྱེར་དགའ་བ་རྣམ་སྤོངས་ལ། །བསེ་རུ་ལྟ་བུར་གཉིས་སུ་མེད་པར་གྱིས། །རིང་པོར་མི་ཐོགས་ཏིང་འཛིན་མཆོག་འདི་འཐོབ། །ཅེས་པས་བདག་ཉིད་དགོན་པ་ལ་གནས་པར་བྱའོ། །དེ་ཡང་སྔོན་གྱི་དམ་པ་རྣམས་ཀྱིས་བསྟེན་པའི་དབེན་གནས་ཉམས་དགའ་བ་དག་ཏུ་འདུ་འཛིའི་གཡེང་བ་མེད་པར་རང་དབང་དང་གུ་ཡངས་ཆོག་ཤེས་ཀྱི་ངང་ནས། སོ་སོ་ཐར་པའི་མདོ་ལས། སྡིག་པ་ཐམས་ཅད་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་རྒྱལ་བའི་བསྟན་པ་རིན་པོ་ཆེའི་དགོས་དོན་རང་སེམས་འདུལ་བ་ལ་བརྩོན་པར་སླ་བས་ན།