དབུ་མ་ཤེས་རབ་ལ་འཇུག་པའི་ཊཱིཀ་ཚིག་དོན་རབ་གསལ་ཞེས་བྱ་བ་བཞུགས་སོ། ། 2

2014-04-26

~~གཉིས་པ་རྗེས་དཔག་ཚད་མ་ནི། ཚུལ་གསུམ་པའི་རྟགས་ལས་ལྐོག་ཏུ་གྱུར་པའི་དོན་རྟོགས་པ་སྟེ། དེ་ལ་སྣང་ཙམ་ལ་དཔྱོད་པ་རྟེན་འབྲེལ་གྱི་རིགས་པ་ནི། རྩ་བ་ཤེས་རབ་ལས། གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །དེ་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་སོ། །རིགས་པ་འདིས་རྟག་ཆད་གཉི་གའི་མཐའ་སེལ་བ་སྟེ། རྩ་བ་ཤེས་རབ་ལས། གང་ལ་བརྟེན་ཏེ་གང་འབྱུང་བ། །དེ་ནི་རེ་ཞིག་དེ་ཉིད་མིན། །དེ་ལས་གཞན་པའང་མ་ཡིན་ཕྱིར། །དེ་ཕྱིར་ཆད་མིན་རྟག་མ་ཡིན། །ཞེས་སོ། །དགག་པའི་གཏན་ཚིགས་བཞི་ནི། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་དབུ་མ་རིན་ཆེན་སྒྲོན་མ་རུ་གསུངས་པ། བདག་ལས་མི་སྐྱེ་གཞན་ལས་མིན། །གཉིས་ལས་མི་སྐྱེ་རྒྱུ་མེད་མིན། །རྒྱུ་ངན་པ་ལས་མི་སྐྱེ་ཞིང༌། །ཀུན་རྫོབ་ཉིད་དུའང་སྐྱེ་བ་མིན། །ཞེས་རྒྱུ་ལ་དཔྱོད་པ་རྡོ་རྗེ་གཟེགས་མ་དང་། ཡོད་པ་ནམ་ཡང་མི་སྐྱེ་སྟེ། །མེད་པའང་སྐྱེ་བར་རིགས་མ་ཡིན། །ཡོད་དང་མེད་པ་གཉི་གའང་མིན། །གཉི་ག་མིན་པའང་མི་སྐྱེ་འོ། །ཞེས་འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག་དང་། གཅིག་ལས་དུ་མའི་དངོས་མི་སྐྱེ། །དུ་མས་གཅིག་གི་དངོས་མི་སྐྱེད། །གཅིག་ལས་གཅིག་ཀྱང་མི་སྐྱེ་ཞིང༌། །དུ་མ་ལས་ཀྱང་དུ་མ་མིན། །ཞེས་གཉིས་ཀ་ལ་དཔྱོད་པ་མུ་བཞི་སྐྱེ་འགོག་དང་། དངོས་པོ་གཅིག་ཏུ་མི་རིགས་ཏེ། །དུ་མ་དག་ཏུའང་རིགས་པ་མིན། །གཅིག་དང་དུ་མ་མ་གཏོགས་པའི། །དངོས་གང་རྙེད་པར་ག་ལ་འགྱུར། །ཞེས་ངོ་བོ་ལ་དཔྱོད་པ་གཅིག་དུ་བྲལ་ཏེ་གཞུང་དུ་བསྟན་པའང་རིགས་པ་འདི་ཉིད་དོ། །དེ་ལ་དབུ་མའི་གཞུང་ནས་བཤད་པའི་རྗེས་དཔག་ཕལ་ཆེ་བ་ཡང་དག་པར་དགག་པ་བྱེད་པ་གཙོ་ཆེ་བར་བལྟའོ། །མཁས་པ་ཕལ་ལ་ཐལ་འགྱུར་ཐུན་མོང་མིན་པའི་རིགས་པར་གྲགས་པ་བཞི་ནི། ཕྱོགས་ཆོས་ཁྱབ་པ་ཕ་རོལ་ལ་གྲུབ་པའི་རྟགས་ཀྱིས་ཕ་རོལ་གྱི་ངོར་མཐའ་གཅིག་ཏུ་ངེས་པའི་དམ་བཅའ་བསྒྲུབས་ནས་གཞན་ཕྱོགས་སེལ་བ་གཞན་ལ་གྲགས་པའི་རྗེས་དཔག་དང་། ཕྱོགས་ཆོས་ཁྱབ་པ་བསལ་བ་གསུམ་ཕ་རོལ་ལ་གྲུབ་པས་ཕ་རོལ་གྱི་ངོར་བཟློག་པ་འཕངས་པའི་སྒོ་ནས་གཞན་ཕྱོགས་སེལ་བ་འགལ་བ་བརྗོད་པའི་ཐལ་འགྱུར་དང་། རྒྱུ་མཚན་མཚུངས་ཀྱང་རྒྱུ་མཚན་ཅན་མི་མཚུངས་པར་འདོད་པ་ལ་རྒྱུ་མཚན་མཚུངས་པའི་སྒོ་ནས་རྒྱུ་མཚན་ཅན་ཡང་མཚུངས་པར་བསྒྲེ་བ་རྒྱུ་མཚན་མཚུངས་པའི་འགོ་སྙོམས་དང་། དངོས་པོར་སྨྲ་བའི་སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་པར་མ་གྲུབ་པ་དང་། དབུ་མ་པའི་ཕྱོགས་ལ་སྐྱོན་ཐམས་ཅད་བསྒྲུབ་བྱ་དང་མཚུངས་པར་མ་གྲུབ་པས་རྩོད་པའི་ཡན་ལག་གང་ལ་བརྩད་པའི་ཡུལ་དེ་ལ་མ་གྲུབ་པ་བསྒྲུབ་བྱ་དང་མཚུངས་པའི་མ་གྲུབ་པ་དང་བཞི་ཡིན་ལ། ཀུན་རྫོབ་ཏུ་དབུ་མ་པ་རང་གི་བློ་ངོར་མཐའ་གཅིག་ཏུ་ངེས་པ་བསྒྲུབ་པ་དང་། དགག་པ་འཕེན་པའང་ཡོད་མོད་ཀྱི་དེ་ཕ་རོལ་ལ་གྲགས་པའི་ཚད་མ་ཙམ་གྱིས་གྲུབ་པ་ཡིན་གྱི། དངོས་པོ་སྟོབས་ཞུགས་ཀྱིས་གྲུབ་པའི་མཐའ་གཅིག་ཏུ་ངེས་པ་དང་། བཟློག་པ་འཕངས་པ་ནི་ཀུན་རྫོབ་ཏུ་ཡང་མེད་པས་རང་རྒྱུད་དང་སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་དུ་མི་འགྱུར་བར་ཤེས་པར་བྱའོ། །ཀརྨ་པ་མི་བསྐྱོད་རྡོ་རྗེས་ནི་འཇུག་འགྲེལ་གྲུབ་ཤིང་དུ། སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་པའི་མ་གྲུབ་པ་དང་། རྒྱུ་མཚན་མཚུངས་པའི་མགོ་སྙོམས་གཉིས་ནི་ཕྱོགས་གླང་གྲགས་པའི་ལུགས་ལ་སུན་འབྱིན་ལྟར་སྣང་གི་ལན་ལ་རྟགས་དང་ཁྱབ་པ་མ་གྲུབ་པའི་ལན་དུ་བཤད་ལ། འགལ་བ་བརྗོད་པའི་ཐལ་འགྱུར་ནི་དེའི་ལུགས་ལ་གཞན་ཕྱོགས་དགག་པའི་ཐལ་འགྱུར་ཡང་དག་ཏུ་བཤད་པ་དང་། གཞན་གྲགས་ཀྱི་རྗེས་དཔག་ཀྱང་དེའི་རིགས་ཚུལ་ལ་མེད་པ་མ་ཡིན་ཏེ། ལུགས་དེར་རྒོལ་བ་ཕ་རོལ་པོ་ལ་རྗེས་དཔག་བསྐྱེད་ནུས་ཀྱི་སྒྲུབ་པའི་ཐལ་འགྱུར་གང་དུ་མ་དང་འབྲེལ་ན་ཆ་དང་བཅས་པས་ཁྱབ། དཔེར་ན་སྣོད་ཐ་དད་ཀྱི་རྒྱ་ཤུག་བཞིན། བ་ལང་གི་སྤྱི་ཡང་རང་གི་གསལ་བ་དུ་མ་དང་འབྲེལ་བར་ཁས་བླངས་སོ། །ཞེས་པའི་ངག་དེ་ཉིད་ཡིན་པའི་ཕྱིར། དེས་ན་ཕྱོགས་གླང་གྲགས་པའི་དགག་སྒྲུབ་ཀྱི་ལུགས་ལས་ཐལ་འགྱུར་བའི་དགག་སྒྲུབ་ཀྱི་ཚུལ་གཞན་དུ་ཡིན་ཅེས་སྨྲ་བའང་གསོག་གསོབ་པོར་མ་གྱུར་ཏམ། ཞེས་གསུངས་སོ། །གསུམ་པ་ལུང་གི་ཚད་མ་ནི། གཞལ་བྱའི་གནས་གསུམ་པ་སྟོན་པ་ལ་མངོན་སུམ་དང་རྗེས་སུ་དཔག་པ་དང་ལུང་གིས་མི་གནོད་ཅིང་དེ་དག་གིས་གྲུབ་པ་བརྟག་པ་གསུམ་གྱིས་དག་པའི་སངས་རྒྱས་ཀྱི་བཀའ་འམ་སློབ་དཔོན་འཕགས་པའི་བསྟན་འཆོས་ལྟ་བུ། ཡིད་ཆེས་པའི་ཚིག་ལས་ཤིན་ཏུ་ལྐོག་ཏུ་གྱུར་པའི་དོན་རྟོགས་པ་སྟེ། དེ་ཡང་ཀུན་རྫོབ་རྒྱ་ཆེན་པོ་སྟོན་པ་དྲང་དོན་གྱི་ལུང་གིས་ཐ་སྙད་དུ་མེད་པའི་དང་། དོན་དམ་ཟབ་མོ་སྟོང་པ་ཉིད་སྟོན་པ་ངེས་དོན་གྱི་ལུང་གིས་ཡང་དག་པར་ཡོད་པ་སྒྲོ་འདོགས་ཀྱི་མཐའ་སེལ་བར་བལྟའོ། །བཞི་པ་ཉེ་བར་འཇལ་བའི་ཚད་མ་ནི། མཐོང་བའི་དཔེ་ལས་མ་མཐོང་བའི་དོན་ལ་འདྲ་བའི་ཆ་འཇལ་བ་སྟེ། སྒྱུ་མ་ལ་སོགས་པ་སྣང་ཡང་རང་བཞིན་མེད་པའི་དཔེས་ཡང་དག་པར་ཡོད་པའི་དང་། རང་བཞིན་མེད་ཀྱང་ཐ་སྙད་དུ་སྣང་བའི་དཔེས་ཐ་སྙད་དུ་མེད་པ་སྐུར་འདེབས་ཀྱི་མཐའ་སེལ་བ་ཡིན་ནོ། །རིགས་པ་དེ་རྣམས་ལས་ངོ་བོ་ལ་དཔྱོད་པ་གཅིག་དུ་བྲལ་གྱི་རིགས་པས་དངོས་འཛིན་ཟློག་པའི་ཚུལ་ནི། མི་སྣང་བ་ཀུན་བརྟགས་རྣམས་མེད་པ་ཙམ་དུ་མ་ཟད་བདག་ཅག་ལ་སྣང་བ་ཡུལ་ཤེས་སུ་གྱུར་པའི་དངོས་པོ་ལྷན་སྐྱེས་ཀྱི་ཆ་འདི་ཡང་ནི། གཉིས་སྣང་འཁྲུལ་པའི་སྣང་བ་ཙམ་ལས་ཡང་དག་པ་ཡི་རང་བཞིན་མེད་དེ། བདེན་པའི་དུ་མ་དང་ནི་གཅིག་བྲལ་ཡིན་པའི་ཕྱིར། དཔེར་ན་སྣང་ཡང་མི་བདེན་པ་སྒྱུ་མའི་གླང་པོ་ཇི་ལྟ་བ་བཞིན་ནོ། །དེ་ལ་གཅིག་དུ་བྲལ་གྱི་རྟགས་དེ་དངོས་པོ་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་གྲུབ་པ་ནི་ཚུལ་དང་པོ་ཕྱོགས་ཆོས། གཅིག་དུ་བྲལ་གྱི་རྟགས་དེ་ཡོད་ན་བསྒྲུབ་བྱ་བདེན་མེད་ཡོད་དགོས་པ་ནི་ཚུལ་གཉིས་པ་རྗེས་འགྲོ། བསྒྲུབ་བྱ་བདེན་མེད་མེད་ན་གཅིག་དུ་བྲལ་གྱི་རྟགས་ཀྱང་ལྡོག་པ་ནི་ཚུལ་གསུམ་པ་ལྡོག་ལྡན། དེ་ལྟར་བསྒྲུབ་བྱ་དང་རྟགས་གཉིས་རྗེས་སུ་འགྲོ་ཞིང་ལྡོག་པའི་འབྲེལ་པ་ཁྱད་པར་ཅན་ངེས་པས་ན་རྟགས་དེས་བསྒྲུབ་ཆོས་དེ་འགྲུབ་ངེས་པའི་ཁྱབ་པ་ཡོད་པ་ནི་ཁྱབ་པ་ཞེས་བྱའོ། །གཅིག་དུ་བྲལ་གྱི་རིགས་པ་ནི་དབུ་མའི་གཏན་ཚིགས་རྣམས་ལས་རལ་གྲིའི་སོ་དང་མདུང་གི་རྩེ་ལྟ་བུ་ཡིན་ཏེ། གཅིག་དུ་མའི་ཚུལ་ཙམ་རྟོགས་སླ་ཞིང་། བརྟག་བདེ་བ། ཆོད་ཆེ་བ་སོགས་ཁྱད་པར་དུ་མས་འཕགས་པས་ན། སློབ་དཔོན་ཀླུ་སྒྲུབ་ཀྱིས་རིན་ཆེན་ཕྲེང་བར། ཐ་དད་ཕྱོགས་ཕྱིར་གཅིག་པུ་མིན། །ཕྱོགས་མེད་པ་ནི་འགའ་ཡང་མེད། །གཅིག་མེད་པར་ནི་དུ་མའང་མེད། །ཡོད་པ་མེད་ཕྱིར་མེད་པའང་མེད། །ཅེས་གསུངས་ཤིང་། ཞི་བ་འཚོས། བདག་དང་གཞན་སྨྲས་དངོས་འདི་དག །ཡང་དག་ཏུ་ན་གཅིག་པ་དང་། །དུ་མའི་རང་བཞིན་བྲལ་བའི་ཕྱིར། །རང་བཞིན་མེད་དེ་གཟུགས་བརྙན་བཞིན། །ཞེས་དབུ་མ་རྒྱན་ལས་ཕྱི་ནང་གི་དངོས་འཛིན་མཐའ་དག་གཞིག་པར་མཛད་དོ། །ཀུན་བརྟགས་དང་ལྷན་སྐྱེས་ཀྱི་ཁྱད་པར་ནི། སྐྱེ་འཕགས་གང་རུང་གི་སྣང་མྱོང་དུ་ཡོད་པ་ལྷན་སྐྱེས་དང་། མེད་པ་ནི་ཀུན་བརྟགས་སོ། །
གཉིས་པ་ཚུལ་སྒྲུབ་པ་ལ། ཕྱོགས་ཆོས་སྒྲུབ་པ། ཁྱབ་པ་སྒྲུབ་པའོ། །དང་པོ་ལ། ཕྱི་དོན་མེད་པ། རྣམ་རིག་མེད་པའོ། །དང་པོ་ལ། རྩོམ་གཞི་རྡུལ་ཕྲན་མེད་པ། བརྩམས་པའི་རགས་པ་མེད་པའོ། །དང་པོ་ནི། ཆ་ཤས་སྣ་ཚོགས་གནས་པ་ན། །རྡུལ་ཕྲན་གཅིག་པུ་ཉིད་མ་ཡིན། །དེ་ཉིད་མེད་པས་དུ་མ་གང༌། །ཕན་ཚུན་སྤངས་ཏེ་གནས་པས་ན། །གཞན་གྱི་དངོས་པོ་ག་ལ་ཡོད། །
ཅེས་པ་སྟེ། ཆོས་ཐམས་ཅད་ཡུལ་ཤེས་གཉིས་སུ་ངེས་པ་ལས། ཕྱི་ཡི་ཡུལ་རྣམས་ཡུལ་ཤེས་རྒྱང་ཆད་དུ་སྣང་བ་ལྟར་གྱི་རྡུལ་གྲུབ་ཏུའང་བདེན་པ་མིན་ཏེ། ཉི་ཤུ་པ་ལས། དྲུག་གིས་གཅིག་ཆར་སྦྱར་བ་ན། །ཕྲ་རབ་རྡུལ་ཆ་དྲུག་དུ་འགྱུར། །དྲུག་པོ་དག་ཀྱང་གོ་གཅིག་ན། །གོང་བུའང་རྡུལ་ཕྲ་ཙམ་དུ་འགྱུར། །ཞེས་པས་རྩོམ་གཞི་རྡུལ་ཕྲན་ལ་ཆ་ཡོད་དམ་མེད། མེད་ན་ནམ་མཁའ་བསགས་པ་ལྟར་རགས་པ་རྩོམ་པར་མི་ནུས་ཤིང་། ཡོད་ན་ཕྱོགས་དྲུག་ལ་སོགས་པའི་ཆ་ཤས་སྣ་ཚོགས་སུ་གནས་པར་འགྱུར་བས་ན། རྡུལ་ཕྲན་གཅིག་པུའི་བདག་ཉིད་མ་ཡིན་པར་འགྱུར་ཞིང་། གཞི་གཅིག་ཉིད་མེད་ན་གཅིག་བསགས་པའི་དུ་མ་གང་ནའང་ཡོད་པར་མི་འགྱུར་རོ། །གཅིག་དང་དུ་མ་ནི་ཕན་ཚུན་སྤངས་འགལ་དུ་གནས་པས་ན་གཞན་ཕུང་གསུམ་པའི་དངོས་པོ་ཡང་ག་ལ་ཡོད་དེ་མེད་དོ། །དེས་ན་རྩོམ་གཞི་རྡུལ་ཕྲན་བྱ་བ་ཞིག་དོན་དུ་མེད་པ་ཤེས་པར་བྱ་སྟེ། སྤྱོད་འཇུག་ལས་ནི། ཆ་ཡང་རྡུལ་དུ་ཕྱེ་བ་སྟེ། །རྡུལ་དེའང་ཕྱོགས་ཆའི་དབྱེ་བ་ཡིས། །ཕྱོགས་དབྱེ་ཆ་ཤས་དང་བྲལ་ཕྱིར། །མཁའ་བཞིན་དེས་ན་རྡུལ་ཡང་མེད། །ཅེས་ཕྱོགས་ཆར་དབྱེ་བའི་རིགས་པས་མ་གྲུབ་པར་གསུང་སོ། །
གཉིས་པ་ནི། དེ་ཉིད་མེད་པས་དེ་བསགས་པའི། །རགས་པའི་གཟུགས་དང་རྫས་སོགས་གང༌། །
ཞེས་པ་སྟེ། དོན་དུ་རགས་པའི་རྩོམ་གཞི་རྡུལ་ཕྲན་དེ་ཉིད་མེད་པས་ན། རྡུལ་ཕྲན་དེ་ཉིད་བསགས་པའི་རགས་པ་ཕྱི་དོན་གཟུགས་དང་རྫས་ལ་སོགས་པ་གང༌ཞིག་ཡོད་དེ། རྩོམ་གཞི་མེད་པའི་དངོས་པོར་འགྱུར་བས་སོ། །
གཉིས་པ་རྣམ་རིག་མེད་པ་ལ། རྣམ་བདེན་མེད་པ། རྣམ་རྫུན་མེད་པའོ། དང་པོ་ནི། རྣམ་པ་སྣ་ཚོགས་སྣང་བ་དང༌། །ཤེས་པ་ཐ་ནི་མི་དད་པས། །ཤེས་པ་དུ་མ་ཉིད་དུ་འགྱུར། །
ཞེས་པ་སྟེ། ཕྱི་ཡི་ཡུལ་རྣམས་ཤེས་པའི་ངོ་བོར་ཡང་བདེན་པ་མིན་ཏེ། སེམས་ཙམ་པས་སེམས་དང་ཤེས་པ་དང་རིག་པ་དང་བློ་དང་མཁྱེན་པ་དང་ཡེ་ཤེས་དོན་གཅིག་མིང་གི་རྣམ་གྲངས་པ་ཞིག་དོན་དམ་བདེན་པར་གྲུབ་པ་ཤེས་བྱ་ཡོངས་གྲུབ་ཀྱི་མཚན་ཉིད་ཅན་དུ་འདོད་པ་གཞིར་བྱས་ཀྱི་གྲུབ་མཐའ་ལ་རྣམ་པ་ཡོད་མེད་གཉིས་བྱུང་བའི་རྣམ་བདེན་པས་ཕྱི་དོན་ལ་བལྟོས་པའི་གཟུང་འཛིན་གཉིས་མེད་པས་དེར་བལྟོས་ཀྱི་ཆོས་ཐམས་ཅད་སེམས་ཙམ་དུ་ཁས་ལེན་ཀྱང་ནང་ཤེས་པ་ལ་བལྟོས་པའི་དོན་གྱི་རྣམ་པའི་གཟུང་འཛིན་རྫས་གཞན་ཁས་ལེན་པ་ལྟར་ན། ཕྱི་ཡི་ཡུལ་རྣམ་པ་སྣ་ཚོགས་སུ་སྣང་བ་དང༌ནང་གི་ཤེས་པ་ཐ་ནི་མི་དད་པས་ཤེས་པ་དུ་མ་ཉིད་དུ་ཐལ་བར་འགྱུར་ཞིང་། དུ་མའི་ཕྱིར་ན་གཅིག་ཉིད་མེད་ལ། གཅིག་ཉིད་མེད་ན་དུ་མའང་མི་འགྲུབ་པས་དོན་དུ་མེད་པ་ཁོ་ནའོ། །
གཉིས་པ་ནི། རྣམ་པ་བརྫུན་པ་ཉིད་ཀྱིས་ན། །ཤེས་པ་དེ་ཡང་བརྫུན་པར་འགྱུར། །དེ་ལྟ་མིན་ན་བདེན་ཉིད་འགྱུར། །དེ་ཉིད་ཕྱིར་ན་སེམས་བྱུང་གང༌། །
ཞེས་པ་སྟེ། རྣམ་བརྫུན་པས་རྣམ་བདེན་ལྟར་ན་ནང་ཤེས་པ་ལ་བལྟོས་པའི་གཟུང་འཛིན་རྫས་གཞན་ཁས་བླངས་པས་ཆོས་ཀྱི་བདག་མེད་མི་འབྱུང་བས་རྣམ་པ་དེ་དག་སྐྲ་ཤད་ལྟར་བརྫུན་པ་ཉིད་དུ་སྨྲས་ནས་གཉིས་མེད་ཀྱི་ཡེ་ཤེས་སམ་རྣམ་ཤེས་ཉིད་བདེན་གྲུབ་པར་སྨྲ་བ་ལྟར་ན། ཕྱི་ཡི་ཡུལ་རྣམ་པ་བརྫུན་པ་ཉིད་ཀྱིས་ནང་གི་ཤེས་པ་དེ་ཡང་བརྫུན་པར་འགྱུར་ཏེ། ཡུལ་སྣང་བ་གང་ཞིག་ལ་ཤེས་པ་ལས་གཞན་དུ་མེད་པའི་ཕྱིར། དེ་ལྟ་མིན་ན་ཡུལ་ཡང་ཤེས་པ་བཞིན་དུ་བདེན་པ་ཉིད་དུ་འགྱུར་བས་རང་གི་གྲུབ་མཐའ་ཉམས་སོ། །ཡུལ་གྱི་རྣམ་པ་ཤེས་པའི་ངོ་བོར་བདེན་མིན་གང་ལྟར་ཡང་བདེན་པར་མི་འགྲུབ་པ་དེ་ཉིད་ཀྱི་ཕྱིར་ན་སེམས་ལས་བྱུང་བའི་ཆོས་གང༌ཡང་མེད་དེ། གང་ལས་འབྱུང་བའི་གཞི་སེམས་ཉིད་མི་འགྲུབ་པའི་ཕྱིར། གལ་ཏེ་ཤེས་བྱའི་ཡུལ་མེད་ན་ནི་ཤེས་པ་ཡོད་པར་ག་ལ་འགྱུར་ཏེ། སྤྱོད་འཇུག་ལས། ཤེས་བྱ་མེད་ན་ཅི་རིག་ན། །གང་གིས་ཤེས་པ་ཞེས་བརྗོད་བྱེད། །གལ་ཏེ་ཤེས་མེད་ཤེས་ཡིན་ན། །ཤིང་ཡང་ཤེས་པར་ཐལ་བར་འགྱུར། །དེས་ན་ཤེས་བྱ་ཉེར་གནས་པ། །མེད་པར་ཤེས་པ་མེད་ཅེས་ངེས། །ཞེས་པའི་ཕྱིར་རོ། །
གཉིས་པ་ཁྱབ་པ་སྒྲུབ་པ་ནི། གཅིག་དང་དུ་མ་སྤངས་པ་ཡི། །དངོས་པོ་གང་ཡང་མི་གནས་ཏེ། །ཕན་ཚུན་སྤངས་ཏེ་གནས་ཕྱིར་རོ། །
ཞེས་པ་སྟེ། གལ་ཏེ་གཅིག་དང་དུ་མ་གང་ཡང་མ་ཡིན་པའི་དངོས་པོ་ཞིག་ཡོད་སྲིད་ན་ནི། གཅིག་དང་དུ་མ་གཉིས་ཀར་བདེན་པ་མེད་ཀྱང་། ད་རུང་ཤེས་བྱ་ཐམས་ཅད་བདེན་མེད་ཡིན་དགོས་པའི་ཁྱབ་པ་མེད་ནའང་། གཅིག་དང་དུ་མ་སྤངས་པ་ཡི་དངོས་པོ་གང་ཡང་མི་གནས་ཏེ། གཅིག་དང་དུ་མ་འདི་གཉིས་ནི་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཡིན་པས་ཕུང་པོ་གཞན་མི་སྲིད་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་ཤེས་བྱའི་ཆོས་ཐམས་ཅད་ལ་བདེན་པའི་གཅིག་དང་དུ་བྲལ་གྱི་རྟགས་དེ། ཕྱོགས་ཀྱི་ཆོས་སུ་གྲུབ་ཅིང་ཁྱབ་པ་ངེས་པས་ན་ཆོས་ཐམས་ཅད་རང་བཞིན་མེད་པར་གྲུབ་པ་ཡིན་ནོ། །དབུ་མ་རྒྱན་ལས་ཀྱང་། གཅིག་དང་དུ་མ་མ་གཏོགས་པར། །རྣམ་པ་གཞན་དང་ལྡན་པ་ཡི། །དངོས་པོ་མི་རུང་འདི་གཉིས་ནི། །ཕན་ཚུན་སྤངས་ཏེ་གནས་ཕྱིར་རོ། །ཞེས་གསུངས་སོ། །
གསུམ་པ་རྩོད་པ་སྤོང་བ་ལ། ཐ་སྙད་དང་འགལ་བ་སྤོང་བ། རིགས་པ་དང་འགལ་བ་སྤོང་བའོ། །དང་པོ་ནི། མངོན་སུམ་ལ་སོགས་འགལ་ཞེ་ན། །མ་ཡིན་མ་བརྟགས་ཉམས་དགའ་བ། །དེ་ནི་བདག་གིས་བཀག་པ་མེད། །
ཅེས་པ་སྟེ། སྣང་བའི་དངོས་པོ་མེད་པ་ནི་མངོན་སུམ་ལ་སོགས་པ་དང་འགལ་ལོ་ཞེ་ན། སྤྱོད་འཇུག་ལས། ཇི་ལྟར་མཐོང་ཐོས་ཤེས་པ་དག །འདིར་ནི་དགག་པར་བྱ་མིན་ཏེ། །འདིར་ནི་སྡུག་བསྔལ་རྒྱུར་གྱུར་པ། །བདེན་པར་རྟོག་པ་བཟློག་བྱ་ཡིན། །ཞེས་པ་ལྟར་འཁོར་བའི་སྡུག་སྔལ་གྱི་རྒྱུར་གྱུར་པ་སྣང་བའི་དངོས་པོ་ལ་བདེན་པར་ཞེན་པ་ཉིད་ཟློག་པར་བྱ་བ་ཡིན་གྱི། མཁས་པ་ནས་བྱིས་པའི་བར་གྱི་འགྲོ་བ་རྣམས་ལ་ཐུན་མོང་དུ་སྣང་བའི་དངོས་པོ་རྟེན་ཅིང་འབྲེལ་བར་འབྱུང་བ་ཙམ་ཞིག་གང་ལའང་མི་སྣང་བ་སྟོངས་སྐལ་གྱི་ནམ་མཁའ་ལྟ་བུར་བཤད་པ་མ་ཡིན་པར་མ་བརྟགས་ཉམས་དགའ་ཙམ་དུ་འཇིག་རྟེན་གྱི་རྗེས་བརྗོད་བྱེད་པས་རྟེན་འབྲེལ་སྣང་ཙམ་པོ་དེ་ནི་བདག་གིས་བཀག་པ་མེད་དེ། སྨིག་རྒྱུ་ལ་ཆུར་འཛིན་ལོག་པའི་ཚེ་སྔོ་ཕྲིག་གི་རྣམ་པ་ཙམ་དེ་སྣང་མི་སྣང་ལ་བལྟོས་པ་ཅི་ཡང་མེད་པ་བཞིན་དུ། ཇི་ལྟར་སྣང་བ་ལ་དེ་དང་དེར་བདེན་ཞེན་གྱི་བློ་འཇིག་རྟེན་པའི་ཤེས་པ་དང་། ཇི་ལྟར་སྣང་བ་དེ་གཉེན་པོས་བསལ་ཞིང་མེད་པར་བྱས་ནས་ཁང་རུལ་ཞིག་པའི་ནམ་མཁའ་འམ་མར་མེ་ཤི་བ་ལྟ་བུ་དོན་དམ་དུ་འཛིན་པ་སྟེ་དབུ་མའི་སྟོང་ཉིད་མ་གོ་བར་ཡོན་པོར་བཟུང་བ་ཉི་ཚེ་བའི་སྟོང་ཉིད་ཅེས་བྱ་བ་དེ་གཉི་ག་ལོག་པ་ན། སྣང་གྲག་གི་ཆོས་སྒྱུ་མ་ཙམ་འདི་ནི་རྒྱུ་རྐྱེན་ཚོགས་ན་སྣང་ལ་མ་ཚོགས་ན་མི་སྣང་བར་སྔ་མ་སྒྲོ་སྐུར་མ་ལོག་པ་དང་ཕྱི་མ་ལོག་པའི་སྐབས་གཉི་ག་ན་ཁྱད་པར་མེད་ཀྱང་རང་བཞིན་ཤེས་མ་ཤེས་ཀྱི་ཁྱད་པར་ཡོད་པས་དེ་ཕྱིན་སྣང་མི་སྣང་ལ་ལྟོས་པ་རྡུལ་ཙམ་ཡང་མེད་པར་རྨི་ལམ་ལ་རྨི་ལམ་དུ་ཤེས་པའི་སྐྱེས་བུ་རྨི་ལམ་གྱི་སྣང་བ་ལ་ལོངས་སྤྱོད་པ་ལྟར་འགྱུར་ཏེ། འདི་ལྟར་གནས་པ་ནི་པདྨ་ཆུ་ནང་ན་ཆུས་མ་གོས་པར་གནས་པ་ལྟར་སྲིད་པ་ན་ཡང་སྲིད་པའི་སྐྱོན་གྱིས་མ་གོས་པར་གནས་པ་ཡིན་ནོ། །ཀུན་རྫོབ་མཐོང་ཐོས་ཀྱི་ཤེས་པ་དགག་བྱ་མིན་པར་གསུངས་པ་ནི། ཀུན་རྫོབ་ཐ་སྙད་ཀྱི་ཚད་མས་གྲུབ་པའི་དོན་མིན་པར། ཀུན་རྫོབ་མཐོང་ཐོས་ཀྱི་འཁྲུལ་པ་དང་བསླུ་ཆོས་ཀྱི་སྣང་བ་འདི་བཙན་ཐབས་སུ་འགོག་མི་ནུས་ཀྱི། མཐོང་ཐོས་ཀྱི་ཤེས་པ་སྐྱེ་བའི་འཁྲུལ་རྒྱུའི་རྟོག་པ་མངོན་གྱུར་སྤངས་ན་ཀུན་རྫོབ་པའི་མཐོང་ཐོས་ཤེས་པ་དང་བཅས་པའི་མཚན་འཛིན་བཟློག་ལ། རྟོག་པའི་ས་བོན་སྤངས་པ་ན་ཀུན་རྫོབ་ཏུ་མཐོང་ཐོས་ཀྱི་ཤེས་པའི་མཚན་མ་ཐམས་ཅད་རང་སར་ཞི་བས་རྒྱུ་བཟློག་ན་འབྲས་བུ་བཟློག་གི །རྒྱུ་མ་བཀག་པར་འབྲས་བུ་མི་བཟློག་པར་བསྟན་པའི་ཆེད་དུ་ཡིན་པ་ཤེས་པར་བྱའོ། །
གཉིས་པ་ནི། ཐ་སྙད་ཙམ་ཞིག་བསྒྲུབ་པའི་ཕྱིར། །དམ་བཅའ་གཏན་ཚིགས་ཉིད་མ་ཡིན། །
ཞེས་པ་སྟེ། གལ་ཏེ་མ་བརྟགས་ཉམས་དགའ་ཙམ་དུ་བཀག་པ་མེད་ན་ཡུལ་ཤེས་མ་གྲུབ་པར་བཤད་པ་དང་འགལ་ལོ་ཞེ་ན། སྤྱིར་ཤེས་པར་བྱ་བའི་ཆོས་རྣམས་ནི། མདོ་ལས། འཇིག་རྟེན་མཁྱེན་པས་གཞན་ལ་མ་གསན་པར། །བདེན་པ་གཉིས་པོ་འདི་དག་ཉིད་ཀྱིས་གཟིགས། །ཀུན་རྫོབ་གང་ཡིན་དེ་བཞིན་དོན་དམ་སྟེ། །བདེན་པ་གསུམ་པ་གཞན་ནི་ཡོད་མ་ཡིན། །ཞེས་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་སུ་འདུས་སོ། །བདེན་པ་གཉིས་ཀྱི་ཁྱད་པར་ནི། དབུ་མ་འཇུག་པ་ལས། དངོས་ཀུན་ཡང་དག་བརྫུན་པ་མཐོང་བ་ཡིས། །དངོས་རྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར། །ཡང་དག་མཐོང་ཡུལ་གང་དེ་དེ་ཉིད་དེ། །མཐོང་བ་རྫུན་པ་ཀུན་རྫོབ་བདེན་པར་གསུངས། །ཞེས་འཕགས་པའི་ཡེ་ཤེས་ཀྱིས་ཡང་དག་པར་གཟིགས་པ་དང་། སོ་སྐྱེ་མ་རིག་པའི་ལིང་ཏོག་གིས་བློ་མིག་ཁེབས་པ་རྣམས་ཀྱིས་བརྫུན་པར་མཐོང་བ་གང་ཡིན་པ་དེས་ནི་དོན་དམ་པ་དང་ཀུན་རྫོབ་པའི་ངོ་བོ་གཉིས་ནི་འཛིན་པར་འགྱུར་བ་ལས་ཡང་དག་པ་མཐོང་བའི་ཡུལ་གང་ཡིན་པ་དེ་ནི་དོན་དམ་བདེན་པ་དང། མཐོང་བ་བརྫུན་པའི་ཡུལ་གང་ཡིན་པ་དེ་ནི་ཀུན་རྫོབ་བདེན་པར་རྣམ་པར་འཇོག་གོ། །ཀུན་རྫོབ་ལ་ཡང་ལོག་གཉིས་སུ་འབྱེད་པ་ནི། དབུ་མ་བདེན་གཉིས་ལས། སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་པས། །ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས། །ཞེས་ཤེས་པ་ལ་གསལ་བར་སྣང་བའི་རྣམ་པ་ཅན་དུ་འདྲ་ཡང༌། ཇི་ལྟར་སྣང་བ་བཞིན་དུ་དོན་བྱེད་པ་ལ་སླུ་བ་དང་མི་སླུ་བ་ཡིན་པར་ངེས་པར་བྱས་ནས་ཆུ་ལ་སོགས་པ་དང་སྨིག་རྒྱུ་ལ་སོགས་པ་དག་འཇིག་རྟེན་གྱིས་ཡང་དག་པ་དང་ཡང་དག་པ་མ་ཡིན་པར་རྟོགས་པའི་རྗེས་སུ་སྨྲ་བའོ། །བདེན་གཉིས་ཀྱི་མཚན་ཉིད། གང་ལ་རིགས་པས་གནོད་པ་མེད་ཅིང་དཔྱད་བཟོད་པ་དོན་དམ་དང་དེ་ལས་བཟློག་པ་ཀུན་རྫོབ་དང་། རང་གི་ངོ་བོ་མི་བསླུ་བར་དོན་ལ་གནས་པ་དོན་དམ་དང་དེ་ལས་བཟློག་པ་ཀུན་རྫོབ་དང་། ཡུལ་ཅན་མ་འཁྲུལ་བའི་ཡུལ་དོན་དམ་དང་འཁྲུལ་བའི་ཡུལ་ཀུན་རྫོབ་ཡིན་པར་ནང་པའི་གྲུབ་མཐའ་གོང་འོག་ཐམས་ཅད་མཐུན་ནའང་། འོག་མ་འོག་མའི་དོན་དམ་དུ་སྒྲོ་བཏགས་པའི་མཚན་གཞི་རྣམས་གོང་མ་གོང་མ་རྣམས་ཀྱི་རིགས་པས་འགོག་པ་ཡིན་ནོ། །ཀུན་རྫོབ་བདེན་པ་ཐབས་སུ་གྱུར་པ་དང་དོན་དམ་བདེན་པ་ཐབས་ལས་བྱུང་བ་ཡིན་པའི་ཕྱིར་ན་བདེན་གཉིས་རྣམ་དབྱེ་ལ་མཁས་པར་བྱ་སྟེ། དབུ་མ་འཇུག་པ་ལས། ཐ་སྙད་བདེན་པ་ཐབས་སུ་གྱུར་པ་དང་། །དོན་དམ་བདེན་པ་ཐབས་བྱུང་གྱུར་པ་སྟེ། །དེ་གཉིས་རྣམ་དབྱེ་གང་གིས་མི་ཤེས་པ། །དེ་ནི་རྣམ་རྟོག་ལོག་པས་ལམ་ངན་ཞུགས། །ཞེས་སོ། །བདེན་པ་གཉིས་ནི་གཅིག་དང་ཐ་དད་གང་ཡང་མ་ཡིན་ཏེ། མདོ་དགོངས་པ་ངེས་འགྲེལ་ལས། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། །གཅིག་དང་ཐ་དད་ཉིད་དུ་གང་རྟོག་པ། །དེ་དག་ཚུལ་བཞིན་མ་ཡིན་ཞུགས་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །དེ་ཡང་བྱིས་པའི་བློ་ལ་བལྟོས་ནས་གཅིག་ཀྱང་མ་ཡིན་ཏེ་དོན་དམ་མི་སྣང་བའི་ཕྱིར། ཐ་དད་པའང་མ་ཡིན་ཏེ་ཐ་དད་དུ་མ་མཐོང་བའི་ཕྱིར། འཕགས་པའི་མཉམ་གཞག་ལ་བལྟོས་ནས་ཀྱང་གཅིག་མ་ཡིན་ཏེ། ཀུན་རྫོབ་སྣ་ཚོགས་པའི་སྣང་བ་འདི་མི་སྣང་བའི་ཕྱིར་དང་། ཐ་དད་པའང་མ་ཡིན་ཏེ་ཐ་དད་དུ་མ་གཟིགས་པའི་ཕྱིར། གཟིགས་ན་སྟོང་པ་མ་ཡིན་པའི་ཆོས་སྣང་བའི་ཕྱིར་འདུ་བྱེད་ཀྱི་མཚན་མ་དང་མ་བྲལ་བ་དང་། དེའི་ཕྱིར་མཚན་མའི་འཆིང་བ་ལས་མ་གྲོལ་བ་དང་། དེའི་ཕྱིར་གནས་ངན་ལེན་གྱི་འཆིང་བ་ལས་མ་གྲོལ་བར་འགྱུར་ཞིང་། དེ་གཉིས་ལས་མ་གྲོལ་ན་མྱང་འདས་དང་རྫོགས་པའི་བྱང་ཆུབ་གཏན་མི་སྲིད་པར་འགྱུར་བའི་ཕྱིར། དེས་ན་འཕགས་པའི་ཡེ་ཤེས་ལ་ཁྱད་གཞི་འདི་དག་ཉིད་ཀྱང་མ་གཟིགས་ན་ཁྱད་ཆོས་གཅིག་དང་ཐ་དད་ལ་སོགས་པ་ལྟ་སྨོས་ཀྱང་ཅི་དགོས། བྱིས་པའི་བློ་ལ་བལྟོས་ནས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པར་འཇོག་སྟེ། འདི་དག་ཕན་ཚུན་བདེན་པ་ལ་བལྟོས་ནས་བརྫུན་པ་དང་། བརྫུན་པ་ལ་བལྟོས་ནས་བདེན་པར་རྣམ་པར་བཞག་པའི་ཕྱིར་ཏེ། གཅིག་ལ་བལྟོས་ནས་གཅིག་རྣམ་པར་འཇོག་པའི་ཕྱིར། གང་ཞིག་གང་ལ་བལྟོས་པ་དེ་ནི་དེ་དང་གཅིག་མ་ཡིན་ཏེ། གཅིག་ལ་བལྟོས་ས་བལྟོས་ཆོས་གཉིས་འགལ་བའི་ཕྱིར། གཞན་ཉིད་ཀྱང་མ་ཡིན་ཏེ། ལྟོས་པ་པོ་མ་གྲུབ་ན་གཞན་ཉིད་ཀྱང་མ་ཡིན་ལ། བལྟོས་པར་ཡང་མི་རུང་བའི་ཕྱིར། གྲུབ་ན་གཞན་ལ་བལྟོས་མི་དགོས་པའི་ཕྱིར་རོ། །དེ་ལྟར་བདེན་པ་གཉིས་སུ་བཤད་པ་ལས་ངོ་བོ་ལ་དཔྱོད་པ་གཅིག་དུ་བྲལ་གྱིས་ཡུལ་ཤེས་བདེན་མེད་དུ་གཏན་ལ་ཕབས་པ་ནི་དོན་དམ་རྣམ་འཇོག་གི་སྐབས་སུ་ཡིན་པ་ལས་ཐ་སྙད་ཀུན་རྫོབ་པའི་ཆོས་ཙམ་ཞིག་བསྒྲུབ་པར་བྱ་བའི་ཕྱིར་དུ་དམ་བཅའ་དང་གཏན་ཚིགས་བཀོད་པ་ཉིད་ནི་མ་ཡིན་ཅིང་། མ་བརྟགས་ཉམས་དགའ་ཙམ་དུ་སྨྲ་བ་ནི་ཐ་སྙད་རྗེས་བརྗོད་ཀྱི་སྐབས་ཡིན་པས་ན་འགལ་བ་མེད་དོ། །དེས་ན་བདེན་གཉིས་རྣམ་འཇོག་ལ་མཁས་པའི་ཤེས་རབ་ཀྱིས་དངོས་འཛིན་ཐམས་ཅད་སེལ་བར་བྱེད་དེ། དབུ་མ་རིན་ཆེན་སྒྲོན་མ་ལས། ཚུལ་གཉིས་ཤིང་རྟར་ཞུགས་བྱས་ནས། །རིགས་པའི་ཁ་ལོ་ལེགས་བསྒྱུར་ཏེ། །ལུང་གི་ལམ་དུ་ཞུགས་བྱས་ན། །ལམ་ལོག་པར་ནི་འགྲོ་མི་འགྱུར། །ཇི་ལྟར་འདབ་གཤོག་མ་ཉམས་བྱ། །བར་སྣང་གཅོད་པ་ཐོགས་པ་མེད། །དེ་བཞིན་ཚུལ་གཉིས་ལྡན་པ་ཡང༌། །ཆོས་རྣམས་ཀུན་ལ་ཐོགས་པ་མེད། །ཇི་ལྟར་སེང་གེའི་ང་རོ་ཡིས། །གཅན་གཟན་ཐམས་ཅད་སྐྲག་ཅིང་འཇིགས། དེ་བཞིན་སྟོང་ཉིད་སེང་གེའི་སྒྲས། །རྒོལ་བ་ཐམས་ཅད་འཇིགས་ཤིང་སྐྲག །དངོས་པོ་མེད་ལ་དབང་ཐོབ་པས། །དེ་ཕྱིར་དངོས་པོ་ཀུན་བདག་ཉིད། །རང་གཞན་སྡེ་པ་ཐམས་ཅད་ལ། །སེང་གེའི་ང་རོ་སྨྲ་བ་ཡིན། །ཞེས་གསུངས་སོ། །
གཉིས་པ་རང་ལ་བསྒྲུབ་ཏུ་མེད་པ་ལ། ཆོས་ཉིད་དགག་སྒྲུབ་བྲལ་བ། ཆོས་ཅན་མེད་པར་བསྟན་པའོ། །དང་པོ་ནི། ཡེ་ནས་སྐྱེ་མེད་ངང་ཉིད་ལ། །དགག་བྱ་མེད་ལ་བསྒྲུབ་བྱ་མེད། །མྱ་ངན་འདས་དང་མ་འདས་པ། །སྐྱེ་མེད་ངང་དུ་ཁྱད་པར་མེད། །སྐྱེ་མེད་ཉིད་ཀྱང་མ་ཡིན་ཏེ། །སྐྱེ་བའི་དངོས་པོ་མེད་ཕྱིར་རོ། །
ཞེས་པ་སྟེ། ཆོས་ཐམས་ཅད་ཡེ་གདོད་མ་ནས་སྐྱེ་བ་མེད་པའི་ཆོས་ཉིད་ཡིན་པ་དཀོན་བརྩེགས་ལས། འོད་སྲུང་གཞན་ཡང་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ནི། གང་སྟོང་པ་ཉིད་ཀྱིས་ཆོས་རྣམས་སྟོང་པར་མི་བྱེད་དེ་ཆོས་རྣམས་ཉིད་སྟོང་པ་དང་། གང་མཚན་མ་མེད་པས་ཆོས་རྣམས་མཚན་མ་མེད་པར་མི་བྱེད་དེ་ཆོས་རྣམས་ཉིད་མཚན་མ་མེད་པ་དང་། གང་སྨོན་པ་མེད་པས་ཆོས་རྣམས་སྨོན་པ་མེད་པར་མི་བྱེད་དེ་ཆོས་རྣམས་ཉིད་སྨོན་པ་མེད་པ་དང་། གང་མངོན་པར་འདུ་བྱེད་པ་མེད་པས་ཆོས་རྣམས་མངོན་པར་འདུ་བྱེད་པ་མེད་པར་མི་བྱེད་དེ་ཆོས་རྣམས་ཉིད་མངོན་པར་འདུ་བྱེད་པ་མེད་པ་དང་། གང་མ་སྐྱེས་པའི་ཆོས་རྣམས་ཀྱིས་མ་སྐྱེས་པ་ཉིད་དུ་མི་བྱེད་དེ་ཆོས་རྣམས་ཉིད་མ་སྐྱེས་པ་དང་། གང་མ་བྱུང་བས་ཆོས་རྣམས་མ་བྱུང་བར་མི་བྱེད་དེ་ཆོས་རྣམས་ཉིད་མ་བྱུང་བ་དང་། ཞེས་གསུངས་པ་ལྟར་གྱི་ངང་ཉིད་ལ་མི་མཐུན་ཕྱོགས་དགག་པར་བྱ་བ་མེད་དེ། རྩོད་ཟློག་ལས། དགག་བྱ་ཅི་ཡང་མེད་པས་ན། །ང་ནི་ཅི་ཡང་མི་འགོག་གོ །དེ་ཕྱིར་འགོག་པ་བྱེད་དོ་ཞེས། །ཡང་དག་མིན་དེ་ཁྱོད་ཀྱིས་སྨྲས། །ཞེས་སོ། །མཐུན་ཕྱོགས་བསྒྲུབ་པར་བྱ་བའི་དངོས་པོ་ཡང་རྡུལ་ཕྲ་རབ་འབུམ་དུ་གཤགས་པའི་ཚད་ཀྱང་མེད་དེ། རིན་ཆེན་སྒྲོན་མ་ལས། ཁས་བླངས་པ་ཡི་དངོས་པོ་ནི། །ཕྲ་རབ་ཙམ་ཡང་ཡོད་མིན་ཏེ། །གདོད་ནས་སྐྱེ་བ་མེད་པའི་ཕྱིར། །མོ་གཤམ་གྱི་ནི་བུ་བཞིན་ནོ། །དཔེར་ན་བུད་མེད་མོ་གཤམ་ལ། །ཁྱོད་ཀྱི་བུ་ནི་གང་ཡིན་དྲིས། །དེ་ལ་དེ་ནི་ཡོད་མིན་པས། །སྨྲ་བར་ནུས་པ་མ་ཡིན་ནོ། །ཞེས་སོ། །དེ་བཞིན་དུ་མྱ་ངན་ལས་འདས་པ་ཐར་པ་དང་ཐམས་ཅད་མཁྱེན་པ་དང་། མ་འདས་པ་འཁོར་བའི་རྒྱ་མཚོ་དག་ཡེ་ནས་སྐྱེ་མེད་ཀྱི་ངང་དུ་ཁྱད་པར་ཅི་ཡང་མེད་དེ། རྩ་བ་ཤེས་རབ་ལས། འཁོར་བ་མྱ་ངན་འདས་པ་ལས། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །མྱ་ངན་འདས་པ་འཁོར་བ་ལས། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །མྱ་ངན་འདས་མཐའ་གང་ཡིན་པ། །དེ་ནི་འཁོར་བའི་མཐའ་ཡིན་ཏེ། །དེ་གཉིས་ཁྱད་པར་ཅུང་ཟད་ནི། །ཤིན་ཏུ་ཕྲ་བའང་ཡོད་མ་ཡིན། །ཞེས་སོ། །སྐྱེ་མེད་ཉིད་ཀྱང་མ་ཡིན་ཏེ། སྐྱེ་མེད་དུ་འགྲུབ་པའི་བལྟོས་ཆོས་སྐྱེ་བའི་དངོས་པོ་མེད་པའི་ཕྱིར་རོ། །དེ་ལྟར་སྐྱེ་མེད་ཉིད་ཀྱང་མིན་པའི་ཕྱིར་ན་མེད་པའི་ལྟ་བར་བསླན་པར་མི་བྱ་སྟེ། རིན་ཆེན་ཕྲེང་བ་ལས། ཡང་དག་ཇི་བཞིན་ཡོངས་ཤེས་པས། །མེད་དང་ཡོད་པར་མི་འདོད་པ། །དེ་ཕྱིར་མེད་པ་པར་འགྱུར་ན། །ཅི་ཕྱིར་ཡོད་པ་པར་མི་འགྱུར། །གལ་ཏེ་ཡོད་པ་སུན་ཕྱུང་བས། །དོན་གྱིས་འདི་ནི་མེད་པར་བསླན། །དེ་བཞིན་མེད་པ་སུན་ཕྱུང་བས། །ཡོད་པར་ཅི་ཡི་ཕྱིར་མི་བསླན། །གང་དག་དོན་གྱི་མེད་ཉིད་དུ། །དམ་མི་འཆའ་ཞིང་མི་སྤྱོད་པ། །བྱང་ཆུབ་རྟེན་ཕྱིར་སེམས་མེད་ན། །དེ་དག་ཇི་ལྟར་མེད་པར་བཤད། །ཅེས་སོ། །གལ་ཏེ་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་བློ་རྟོག་པའི་འཁྲུལ་སྣང་ཙམ་མིན་པར་རང་གི་ངོ་བོའི་རྒྱུ་དང་རྐྱེན་ལ་བརྟེན་ནས་སྐྱེ་བར་འགྱུར་བ་ཞིག་ཡིན་ན་ནི་སྟོང་ཉིད་དངོས་པོའི་འཇིག་རྒྱུར་ཐལ་ཕྱིར་རིགས་པ་མ་ཡིན་ཏེ། འཇུག་པ་ལས། གལ་ཏེ་རང་གི་མཚན་ཉིད་བརྟེན་འགྱུར་ན། །དེ་ལ་སྐུར་བས་དངོས་པོ་འཇིག་པའི་ཕྱིར། །སྟོང་ཉིད་དངོས་པོ་འཇིག་པའི་རྒྱུར་འགྱུར་ན། །དེ་ནི་རིགས་མིན་དེ་ཕྱིར་དངོས་ཡོད་མིན། །ཞེས་སོ། །
གཉིས་པ་ནི། ཀུན་རྫོབ་མེད་ལ་དོན་དམ་མེད། །སངས་རྒྱས་མེད་ལ་སེམས་ཅན་མེད། །ལྟ་བ་མེད་ཅིང་སྒོམ་པ་མེད། །འབྲས་བུ་མེད་ཅིང་སྤྱོད་པ་མེད། །