དབུ་མ་ཤེས་རབ་ལ་འཇུག་པའི་ཊཱིཀ་ཚིག་དོན་རབ་གསལ་ཞེས་བྱ་བ་བཞུགས་སོ། ། 1

2014-04-26

~~དབུ་མ་ཤེས་རབ་ལ་འཇུག་པའི་ཊཱིཀ་ཚིག་དོན་རབ་གསལ་ཞེས་བྱ་བ་བཞུགས་སོ། །

མཛད་པ་པོ། སྐྱོ་བྲག་དགའ་དབང་།


དཀར་ཆག
དབུ་མ་ཤེས་རབ་ལ་འཇུག་པ།
ཊཱིཀ་ཚིག་དོན་རབ་གསལ།
ཐོག་མར་དགེ་བ་ཀླད་ཀྱི་དོན།
བར་དུ་དགེ་བ་གཞུང་གི་དོན།
ལྟ་བས་སྤྲོས་པ་གཅོད་པ།
སྒོམ་པས་ཉམས་སུ་ལེན་པ།
སྤྱོད་པས་བླང་དོར་བྱ་བ།
འབྲས་བུས་གཞན་དོན་བྱེད་པ།
དོན་བསྡུ་བ།
ཐ་མར་དགེ་བ་མཇུག་གི་དོན།
ལྟ་བའི་གསང་གནད།
ཤེར་འཇུག་ས་བཅད།
པར་བྱང་སྨོན་ཚིག །


༄༅། །རྒྱ་གར་སྐད་དུ། མ་དྷྱ་མ་ཀ་ཨ་བ་ཏཱ་ར་པྲཛྙཱ་ནཱ་མ། བོད་སྐད་དུ། དབུ་མ་ཤེས་རབ་ལ་འཇུག་པ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དབུ་མ་ཤེས་རབ་ལ་འཇུག་པའི་དོན་ནི་བདག་གིས་བཤད་པར་བྱ་སྟེ། དགག་བསྒྲུབ་གཉིས་ཀ་དགག་འབའ་ཞིག །དངོས་ལ་དགག་སྒྲུབ་གང་ཡང་མེད། །དེ་ལྟ་བུ་ནི་གོམས་བྱས་ན། །ཕུན་སུམ་ཚོགས་པ་ཐོབ་པར་འགྱུར། །མི་དགེ་བཅུ་ནི་སྤངས་ནས་ནི། །དགེ་བ་བཅུ་ནི་དང་དུ་བླང༌། །དངོས་པོར་ཞེན་པ་བཀག་ནས་ནི། །རང་ལ་བསྒྲུབ་ཏུ་ཅུང་ཟད་མེད། །སྣང་བའི་དངོས་པོ་འདི་ཡང་ནི། །ཡང་དག་པ་ཡི་རང་བཞིན་མེད། །དུ་མ་དང་ནི་གཅིག་བྲལ་ཕྱིར། །སྒྱུ་མའི་གླང་པོ་ཇི་བཞིན་ནོ། །ཆ་ཤས་སྣ་ཚོགས་གནས་པ་ན། །རྡུལ་ཕྲན་གཅིག་པུ་ཉིད་མ་ཡིན། །དེ་ཉིད་མེད་པས་དུ་མ་གང༌། །ཕན་ཚུན་སྤངས་ཏེ་གནས་པས་ན། །གཞན་གྱི་དངོས་པོ་ག་ལ་ཡོད། །དེ་ཉིད་མེད་པས་དེ་བསགས་པའི། །རགས་པའི་གཟུགས་དང་རྫས་སོགས་གང༌། །རྣམ་པ་སྣ་ཚོགས་སྣང་བ་དང༌། །ཤེས་པ་ཐ་ནི་མི་དད་པས། །ཤེས་པ་དུ་མ་ཉིད་དུ་འགྱུར། །རྣམ་པ་བརྫུན་པ་ཉིད་ཀྱིས་ན། །ཤེས་པ་དེ་ཡང་བརྫུན་པར་འགྱུར། །དེ་ལྟ་མིན་ན་བདེན་ཉིད་འགྱུར། །དེ་ཉིད་ཕྱིར་ན་སེམས་བྱུང་གང༌། །གཅིག་དང་དུ་མ་སྤངས་པ་ཡི། །དངོས་པོ་གང་ཡང་མི་གནས་ཏེ། །ཕན་ཚུན་སྤངས་ཏེ་གནས་ཕྱིར་རོ། །མངོན་སུམ་ལ་སོགས་འགལ་ཞེ་ན། །མ་ཡིན་མ་བརྟགས་ཉམས་དགའ་བ། །དེ་ནི་བདག་གིས་བཀག་པ་མེད། །ཐ་སྙད་ཙམ་ཞིག་བསྒྲུབ་པའི་ཕྱིར། །དམ་བཅའ་གཏན་ཚིགས་ཉིད་མ་ཡིན། །ཡེ་ནས་སྐྱེ་མེད་ངང་ཉིད་ལ། །དགག་བྱ་མེད་ལ་བསྒྲུབ་བྱ་མེད། །མྱ་ངན་འདས་དང་མ་འདས་པ། །སྐྱེ་མེད་ངང་དུ་ཁྱད་པར་མེད། །སྐྱེ་མེད་ཉིད་ཀྱང་མ་ཡིན་ཏེ། །སྐྱེ་བའི་དངོས་པོ་མེད་ཕྱིར་རོ། །ཀུན་རྫོབ་མེད་ལ་དོན་དམ་མེད། །སངས་རྒྱས་མེད་ལ་སེམས་ཅན་མེད། །ལྟ་བ་མེད་ཅིང་སྒོམ་པ་མེད། །འབྲས་བུ་མེད་ཅིང་སྤྱོད་པ་མེད། །དེ་ཡི་དོན་ནི་བསྒོམ་བྱ་སྟེ། །རྟོག་མེད་བློ་ནི་རང་ཞིར་གཞག །ངོས་གཟུང་མེད་ཅིང་ཡེངས་པ་མེད། །མཚན་མ་མེད་ཅིང་གསལ་བར་བསྒོམ། །ལངས་ལ་དངོས་པོར་སྣང་བ་ཀུན། །སྒྱུ་མ་ཙམ་དུ་ཤེས་བྱས་ནས། །སྡོམ་པ་རྣམ་གསུམ་འབད་པས་བསྲུང༌། །ཡན་ལག་བདུན་པ་ལ་སོགས་བྱ། །སྙིང་རྗེ་ཕན་སེམས་ཆེ་བར་བྱ། །ཡུལ་ལ་ཆགས་པ་སྤང་བྱ་ཞིང༌། །འགྲོན་པོའི་ཚུལ་གྱིས་གནས་པར་བྱ། །སེམས་ཅན་མ་དད་སྤངས་ནས་ནི། །བདག་ཉིད་དགོན་པར་གནས་པར་བྱ། །དེ་ཡི་འབྲས་བུ་སངས་རྒྱས་ཀྱི། །འབྲས་བུ་ཆེན་པོ་ཐོབ་པ་སྟེ། །ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས། །སྤྲུལ་པའི་སྐུ་རུ་གནས་པ་ཡིས། །སེམས་ཅན་ཐམས་ཅད་སྒྲོལ་པར་བྱེད། །དེ་ཕྱིར་འབད་པ་ཐམས་ཅད་ཀྱིས། །དང་པོ་ལྟ་བ་ཐག་བཅད་དེ། །བར་དུ་སྒོམ་པས་ཉམས་སུ་བླང༌། །ཐ་མར་འབྲས་བུ་ཐོབ་པར་འགྱུར། །དེ་བས་འབད་དེ་བརྩོན་པར་བྱ། །དེ་ལྟར་བདག་གིས་བཤད་འདི་ལ། །ཕྱོགས་འཛིན་པ་ཡི་སེམས་བོར་ལ། །རིགས་པ་ཡིས་ནི་དཔྱད་པར་བྱ། །ཆོས་ལ་སྐུར་པ་གདབ་མི་བྱ། །གཡེང་བ་ཐམས་ཅད་སྤངས་ནས་ནི། །བསྒྲུབ་པ་ལ་ནི་བརྩོན་པར་བྱ། །བདག་གིས་འདི་བྱས་བསོད་ནམས་ཀྱིས། །སེམས་ཅན་ཐམས་ཅད་གྲོལ་གྱུར་ཅིག །
དབུ་མ་ཤེས་རབ་ལ་འཇུག་པ་ཞེས་བྱ་བ། སློབ་དཔོན་ཆེན་པོ་ཟླ་བ་གྲགས་པས་མཛད་པ་རྫོགས་སོ།། །།པཎྜི་ཏ་དེ་ཉིད་དང་ལོ་ཙྪ་བ་འགོས་ཁུག་པ་ལྷ་བཙས་ཀྱིས་བསྒྱུར་པའོ།། །།

༈    དབུ་མ་ཤེས་རབ་ལ་འཇུག་པའི་ཊཱིཀ་ཚིག་དོན་རབ་གསལ་ཞེས་བྱ་བ་བཞུགས་སོ། །
འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཆོས་རྣམས་སྒྱུ་མ་ལྟ་བུ་ལས། །ཡང་དག་དོན་ལ་སྐྱེ་བ་མེད། །གསུང་མཆོག་མཚུངས་པ་མེད་པ་ཡི། །ཐུབ་དབང་སྨྲ་བའི་ཉི་མ་རྒྱལ། །གང་གི་བསྟན་པའི་སྙིང་པོ་ནི། །འཛིན་པའི་བློ་གྲོས་མ་སྨད་པ། །ཀླུ་སྒྲུབ་ཟླ་བ་གྲགས་པ་སོགས། །བརྒྱུད་པའི་བླ་མ་རྣམས་ལ་གུས། །འཇིགས་རུང་འཁོར་བར་འཁྱམས་པའི་འགྲོ་བ་ཉམ་ཐག་གྱུར་པ་རྣམས། །ཐར་པ་འཆི་མེད་དམ་པར་འཁྲིད་པའི་གདམས་པ་བླ་ན་མེད། །སྟོང་དང་རྟེན་འབྱུང་དབྱེར་མེད་བསྟན་པ་ཟབ་མོའི་གཞུང་བཟང་འདི། །སྔོན་རབས་མཁས་པའི་གསུང་ལ་བརྟེན་ནས་ཚིག་དོན་རབ་གསལ་བྱ། །
དེ་ཡང་རང་རེའི་སྟོན་པ་སྐྱོན་གྱི་ཆ་ཅུང་ཟད་ཀྱང་མི་མངའ་ཞིང་། ཡོན་ཏན་ལུས་པ་དང་བྲལ་བ་མངའ་བ་བསྐལ་བཟང་གི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་འཇིག་རྟེན་གྱི་སྒྲོན་མེ་མཆོག་དེས་རིས་མེད་པའི་གདུལ་བྱ་སེམས་ཅན་རྣམས་མངོན་མཐོ་དང་ངེས་ལེགས་ཀྱི་ལམ་ལ་སྦྱོར་ཆེད་ཆོས་ཀྱི་སྒོ་མོ་མཐའ་ཡས་པ་ཞིག་གསུངས་པ་རྣམས་ཡང་དག་པར་བསྡུས་པ་ན། ལུས་དང་ངག་གིས་གྲོལ་བ་མི་འཐད་ཀྱི་གྲོལ་བ་དང༌འཆིང་བ་ནི་སེམས་ཀྱི་དབང་ལས་སོ་ཞེས་ཡིད་གཙོ་བར་འདོད་པའི་ནང་པ་རྣམས་ཀྱིས་སངས་རྒྱས་ཀྱི་ཆོས་ནི་རྣམ་པ་བཞིར་མཐོང་སྟེ་རང་རང་གི་འབྲས་བུ་སྒྲུབ་པར་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ་ལས། སངས་རྒྱས་ཆོས་ནི་རྣམ་པ་བཞིར། །ཡིད་འདོད་རྣམས་ཀྱིས་སྔོན་མཐོང་སྟེ། །བྱེ་བྲག་སྨྲ་ལ་སོགས་པའི་ལམ། །བཤད་པས་དེ་ཉིད་སྒྲུབ་པའོ། །ཞེས་གསུངས་སོ། །དེ་ལ་བྱེ་བྲག་ཏུ་སྨྲ་བ་ནི། འདུས་མ་བྱས་གསུམ་པོ་རྟག་པ་སྟེ་བཏགས་ཡོད་ཙམ་དང་། བེམས་ཤེས་ལྡན་མིན་འདུ་བྱེད་གསུམ་པོ་ནི་དངོས་པོ་རྫས་ཡོད་འདུས་བྱས་ཡིན་ལ། དུས་གསུམ་ཡང་རྫས་སུ་གྲུབ་ཅིང་རྫས་ཡོད་ཀྱི་རགས་པ་རྣམས་སྤྱི་མཚན་ཀུན་རྫོབ་དང་། ཕྲ་བ་དོན་རང་མཚན་དང་ཤེས་པ་རང་མཚན་ནི་བདེན་པར་ཡོད་པར་སྨྲ་ཞིང་། མུ་སྟེགས་ཀྱིས་བཏགས་པའི་བདག་དང་བྱེད་པ་པོ་མེད་ལ། དོན་ཤེས་ཐུག་ཕྲད་རྣམ་མེད་རྗེན་ཆར་དུ་འཛིན་པར་འདོད་དེ། ནམ་མཁའ་དང་ནི་འགོག་པ་གཉིས། །འདུས་མ་བྱས་གསུམ་རྟག་པ་སྟེ། །འདུས་བྱས་ཐམས་ཅད་སྐད་ཅིག་མ། །བདག་གིས་སྟོང་ཞིང་བྱེད་པོ་མེད། །དབང་སྐྱེས་བློ་ནི་རྣམ་མེད་ཀྱིས། །ཕྲ་རབ་བསགས་པ་དངོས་སུ་རིག །ཁ་ཆེའི་གཞུང་གི་ཆུ་གཏེར་གྱི། །བྱེ་བྲག་སྨྲ་བའི་གཞུང་འདོད་འགྱུར། །ཞེས་སོ། །མདོ་སྡེ་པ་ནི། འདུས་མ་བྱས་གསུམ་པོ་མེད་ཅིང་ཕྱི་དོན་རང་མཚན་ལྐོག་ན་མོར་ཡོད་པ་ལ་ཤེས་པས་དམིགས་པ་ན་སྐད་ཅིག་གཉིས་པར་ཤེས་པ་དེ་ཡུལ་དེའི་རྣམ་པར་སྐྱེས་པ་རྒྱ་ལས་འབུར་ལྟ་བུ་ནི་དོན་གྱི་རྣམ་པ་སྟེ་ཇི་ལྟར་སྣང་བ་འདི་ཡིན་ཞིང་འདི་ནི་ཤེས་པ་ཡིན་ལ། ལྡན་མིན་འདུ་བྱེད་དང་དུས་གསུམ་དང་རིག་བྱེད་མ་ཡིན་པའི་གཟུགས་དངོས་པོར་མེད་པར་འདོད་དེ། ཤེས་པ་རྣམ་བཅས་སྐྱེད་བྱེད་ནི། །དབང་པོའི་སྤྱོད་ཡུལ་སྣང་བ་མིན། །ནམ་མཁའ་མོ་ཤམ་བུ་དང་མཚུངས། །འགོག་པ་གཉིས་ཀྱང་ནམ་མཁའ་བཞིན། །འདུ་བྱེད་བེམས་པོ་ཡོད་མ་ཡིན། །དུས་གསུམ་རྗེས་འགྲོ་དག་ཀྱང་མེད། །ཐོགས་པ་མེད་པའི་གཟུགས་ཡོད་མིན། །ཞེས་པ་མདོ་སྡེ་པ་ཡིས་རིག །ཅེས་སོ། །བྱེ་མདོ་དེ་གཉི་གའང་མྱང་འདས་ཐོབ་པ་ན་མར་མེ་ཤི་བ་ལྟར་རྒྱུན་འཆད་པར་འདོད་དོ། །རྣམ་རིག་པ་ནི། རྡུལ་ཕྲ་རབ་དང་དེ་བསགས་པའི་ཆ་ཤས་ཅན་སོགས་ཕྱི་དོན་དང་བདག་མེད་ལ་ཇི་ལྟར་སྣང་བ་འདི་ནི་སེམས་ཡིན་ཏེ་རྨི་ལམ་ལྟ་བུའོ། །སེམས་དེ་ཡང་གཟུང་བའི་རྣམ་པ་འཛིན་པའི་སེམས་ནི་འཁྲུལ་པ་ཡིན་པས་མི་བདེན་ཡང་གཟུང་འཛིན་གཉིས་མེད་ཀྱི་རྣམ་ཤེས་སམ་ཡེ་ཤེས་རང་རིག་རང་གསལ་བ་གྲུབ་པར་འདོད་དེ། ཡན་ལག་ཅན་ཞེས་བྱ་བ་མེད། །ཕྲ་རབ་རྡུལ་རྣམས་ཡོད་པ་མིན། །རྨི་ལམ་ཉམས་སུ་མྱོང་བ་བཞིན། །དམིགས་པ་མེད་པར་རབ་ཏུ་སྣང་། །གཟུང་དང་འཛིན་པ་རྣམ་གྲོལ་བའི། །རྣམ་པར་ཤེས་པ་དོན་དམ་ཡོད། །ཅེས་པ་རྣལ་འབྱོར་སྤྱོད་པའི་གཞུང་། །རྒྱ་མཚོའི་ཕ་རོལ་ཕྱིན་རྣམས་སྒྲོག །ཅེས་སོ། །དབུ་མ་པ་ནི། རྣམ་ཤེས་སམ་ཡེ་ཤེས་དེ་ཡང་ཡང་དག་པར་ཡོད་པ་མ་ཡིན་ཏེ་གཅིག་དང་དུ་མས་བརྟགས་ན་མི་འཐད་པའི་ཕྱིར་དང་མཐའ་བཞི་གང་དུའང་མི་གནས་པའི་ཕྱིར་ཏེ། རྣམ་ཤེས་དེ་ཡང་དོན་དམ་དུ། །ཡོད་པར་མཁས་རྣམས་མི་འདོད་དེ། །གཅིག་དང་དུ་མའི་རང་བཞིན་དང་། །བྲལ་བས་ནམ་མཁའི་པདྨ་བཞིན། །ཡོད་མིན་མེད་མིན་ཡོད་མེད་མིན། །གཉི་གའི་བདག་ཉིད་མིན་པའང་མིན། །མཐའ་བཞི་རྣམ་པར་གྲོལ་བ་ཡི། །དེ་ཉིད་དབུ་མ་པ་ཡིས་རིག །ཅེས་སོ། །དུས་འཁོར་རྩ་རྒྱུད་དུ་གསུངས་པའི་ཚིགས་བཅད་འདི་རྣམས་འགྲེལ་ཆེན་དྲི་མེད་འོད་དང་། འཇམ་དཔལ་རང་གི་ལྟ་བའི་འདོད་པ་མདོར་བསྟན་པ་དང་། ཛེ་ཏ་རིའི་བདེ་བར་གཤེགས་པའི་གཞུང་རྣམ་འབྱེད་དང་། ཨརྻ་དེ་ཝའི་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ་རྣམས་སུ་ཚིག་མཐུན་པར་དྲངས་པས་ན་གྲུབ་པའི་མཐའ་སྨྲ་བ་རྣམས་ཀྱི་འདོད་པའི་སྙིང་པོ་དག་ཡིན་པ་ཤེས་པར་བྱའོ། །དེས་ན་བདེ་བར་གཤེགས་པས་ཀྱང་གྲུབ་མཐའ་བཞི་ལ་མངོན་པར་དགའ་བའི་སྐལ་བ་དམན་མཆོག་གི་གདུལ་བྱ་ལ་རང་རང་གི་བློ་དང་འཚམས་པའི་ཆོས་བསྟན་པ་ལས། གྲུབ་མཐའ་སྨྲ་བ་འོག་མ་གསུམ་ནི་དྲང་ངེས་ཅི་རིགས་པར་གསུངས་པ་ལྟར་གདུལ་བྱ་ལ་སྣང་བ་ཡོད་ཀྱང་། གོང་མ་བཞི་པར་ནི་མཐར་ཐུག་གི་ངེས་པའི་དོན་ཅན་ཁོ་ན་ལས་དྲང་ངེས་གཉིས་སུ་གསུངས་པ་མེད་དེ། རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་ཞལ་སྔ་ནས། བྱེ་བྲག་སྨྲ་དང་མདོ་སྡེ་དང་། །རྣལ་འབྱོར་སྤྱོད་པའི་གཞུང་རྣམས་སུ། །ཅུང་ཟད་བདེན་དང་མི་བདེན་ཀྱང་། །ཐམས་ཅད་བདེན་པ་དབུ་མའི་ལུགས། །ཞེས་གསུངས་པའི་ཕྱིར་རོ། །གང་མངོན་པར་མཐོ་བའི་ལམ་གྱི་ཆེད་དུ་ནི། སྟོང་པ་ཉིད་དང་། དེ་རྟོགས་པའི་ཤེས་རབ་དང་། དེ་རྒྱུད་ལ་བསྐྱེད་པའི་ལྷག་མཐོང་གི་རྣལ་འབྱོར་མི་དགོས་ཤིང་། ངེས་པར་ལེགས་པའི་ལམ་གྱི་ཆེད་དུ་ནི། བདག་མེད་པའི་ཆོས་ཚུལ་ངེས་པར་མ་བསྟན་ན་ལམ་དེས་དེར་ངེས་པར་འབྱིན་མི་ནུས་པ་ཁོ་ན་སྟེ། མདོ་ལས། སྟོང་པ་ཞི་བ་སྐྱེ་བ་མེད་པའི་ཚུལ། །མ་ཤེས་པས་ནི་འཁོར་བར་འཁྱམས་གྱུར་ཏེ། །ཞེས་དང་། འཇིག་རྟེན་འདས་བསྟོད་ལས། མཚན་མ་མེད་པ་མ་རྟོགས་པར། །ཁྱོད་ཀྱིས་ཐར་པ་མེད་པར་གསུངས། །དེ་ཕྱིར་ཁྱོད་ཀྱིས་ཐེག་ཆེན་ལས། །དེ་ནི་ཚང་བར་བསྟན་པ་ལགས། །ཞེས་སོ། །ཐེག་པ་ཆེན་པོའི་ཆོས་ཚུལ་དག་ཏུ་རྒྱས་པར་བཞུགས་པའི་སྟོང་པ་ཉིད་ཀྱི་དོན་ཇི་ལྟ་བ་བཞིན་སྨྲ་བ་དབུ་མ་པའི་ལམ་སྲོལ་ནི། དབུ་མ་རིན་ཆེན་སྒྲོན་མ་ལས། ཆོས་རྣམས་ཆོས་ཉིད་སྟོན་པས་ནི། །བསྟན་པའི་སྙིང་པོར་གྱུར་པ་ཉིད། །ཀླུ་སྒྲུབ་ལས་ནི་འབྱུང་བ་འདི། །སློབ་མ་དག་ལ་བཤད་པར་བྱ། །དིང་སང་སྐྱེ་བོ་ཕལ་ཆེར་ནི། །དབུ་མ་ཆེ་ལ་སྡང་བར་བྱེད། །སངས་རྒྱས་ཀུན་གྱི་ཡུལ་འདི་ནི། །ཀླུ་སྒྲུབ་ཞལ་ནས་བྱུང་བས་ན། །འདི་ལ་སྡང་བར་བྱ་མི་རིགས། །ཞེས་པ་ལྟར་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཞབས་ཀྱིས་ལེགས་པར་ཕྱེས་ནས། དེའི་སློབ་མ་འཕགས་པ་ལྷ་དང་། དཔའ་བོ་དང་། ཞི་བ་ལྷ་སོགས་ཀྱིས་དབུ་མར་སྨྲ་བ་ལ་དབུ་མར་སྨྲ་བ་སུས་ཀྱང་མི་རྒོལ་བས་གཞུང་ཕྱི་མོའི་དབུ་མར་གྲགས་ལ། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་དབུ་མའི་དོན་འཆད་པ་ལ། སློབ་དཔོན་ལེགས་ལྡན་འབྱེད་རྒོལ་བར་མཛད་དེ། རྒོལ་བ་དེ་ལའང་སློབ་དཔོན་ཆེན་པོ་ཟླ་བ་གྲགས་པས་རྣམ་པར་དཔྱད་པས་ན་ཐལ་རང་གི་ལུགས་སོ་སོར་གྱེས་སོ། །ཐལ་རང་ཁྱད་པར་འབྱེད་བྱེད་ཀྱི་སྲོག་གནད་ནི། བདེན་པ་གཉིས་ལས་བརྩམས་པའི་རང་ལུགས་ལ་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་རྣམ་གཞག་མེད་ཀྱང་གཞན་གྱིས་བཏགས་པ་སེལ་བའི་ཆེད་ཀྱི་དགག་སྒྲུབ་འཇིག་རྟེན་དང་རྗེས་མཐུན་དུ་བརྗོད་པ་ནི་ཐལ་འགྱུར་བའི་ལུགས་ཡིན་ལ། དོན་དམ་བདེན་པ་ལས་བརྩམས་པའི་རང་ལུགས་ལ་བསྒྲུབ་བྱ་སྒྲུབ་བྱེད་མེད་ཀྱང་ཀུན་རྫོབ་ལས་བརྩམས་ནས་དེ་ཉིད་འཚོལ་བྱེད་ཀྱི་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་རྣམ་གཞག་འཐད་ལྡན་གྱིས་གཞན་གྱི་བཏགས་པ་སེལ་བའི་དགག་སྒྲུབ་ཁྱད་པར་ཅན་བརྗོད་པ་ནི་རང་རྒྱུད་པའི་ལུགས་སོ། །ཞེས་པ་ཡིན་པར་འཇུག་འགྲེལ་གྲུབ་ཤིང་དུ་གསུངས་སོ། །རང་རྒྱུད་པ་རྣམས་ཆོས་ཐམས་ཅད་ཡང་དག་པར་རམ་དོན་དམ་པར་མ་གྲུབ་ཅེས་སྨྲས་པས་ཀུན་རྫོབ་ཏུ་མ་གྲུབ་པར་སྨྲ་ཅི་དགོས་སྙམ་པ་ལ་བརྟེན་ནས་ཀུན་རྫོབ་ཀྱི་ཆོས་ཐ་སྙད་དུ་འཇོག་ཚུལ་གྱིས་ནང་གི་དབྱེ་བ་གསུམ་བྱུང་སྟེ། འཇུག་པ་རང་འགྲེལ་ལས། ཁ་ཅིག་གིས་མདོ་སྡེ་པ་རྣམས་ཀྱི་ལུགས་གང་ཞིག་དོན་དམ་པར་སྨྲས་པ་དེ་ཉིད་དབུ་མ་པ་རྣམས་ཀྱིས་ཀུན་རྫོབ་ཏུ་འདོད་དོ་ཞེས་སྨྲས་པ་གང་ཡིན་པ་དེ་ནི་དབུ་མའི་བསྟན་བཅོས་ཀྱི་དོན་གྱི་དེ་ཁོ་ན་ཉིད་མངོན་པར་མི་ཤེས་པ་ཁོ་ནས་སྨྲས་པ་ཡིན་ནོ་ཞེས་ཤེས་པར་བྱའོ། །ཡང་གང་དག་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་གང་དོན་དམ་པར་སྨྲས་པ་དེ་དབུ་མ་པ་རྣམས་ཀྱི་ཀུན་རྫོབ་ཏུ་ཡིན་ནོ་སྙམ་དུ་སེམས་པ་དེ་དག་གིས་ཀྱང་བསྟན་བཅོས་ཀྱི་དོན་གྱི་དེ་ཉིད་ཡོངས་སུ་མ་ཤེས་པ་ཁོ་ན་སྟེ། འདི་ལྟར་འཇིག་རྟེན་ལས་འདས་པའི་ཆོས་ནི་འཇིག་རྟེན་པའི་ཆོས་དང་ཆོས་མཚུངས་པར་མི་རིགས་པའི་ཕྱིར། ཞེས་ཀུན་རྫོབ་བྱེ་མདོ་ལྟར་སྨྲ་བ་ཡོད་པར་གསུངས་ཤིང་། རྣལ་འབྱོར་སྤྱོད་པའི་དབུ་མ་པ་ནི་སློབ་དཔོན་ཟླ་བའི་རྗེས་ན་བྱུང་བའི་ཕྱིར་རོ། །ཀུན་རྫོབ་སྒྱུ་མ་ལྟ་བུའི་དངོས་པོ་སྟོབས་ཞུགས་ཀྱི་རྟེན་འབྲེལ་དང་ཚད་མ་ཁས་བླངས་ནས་ཕྱི་ནང་གི་དངོས་འཛིན་གྱི་དུག་སེལ་བར་བྱེད་དོ་ཞེས་པའི་རང་རྒྱུད་དུ་སྨྲ་ཚུལ་འདི་ལས་བརྩམས་ཏེ། འཕགས་པའི་ཡུལ་དུ་རང་རྒྱུད་པ་ལ་སྒྱུ་མ་རིགས་སྒྲུབ་སྨྲ་བའི་དབུ་མ་པ་ཞེས་བྱ་སྟེ། སྟག་ཚང་ལོ་ཙཱས། བྱེ་བྲག་ཀླུ་སྒྲུབ་ལུགས་མཆོག་འཆད་པ་ལའང་། །སངས་རྒྱས་བསྐྱངས་དང་ལེགས་ལྡན་འབྱེད་གཉིས་ཀྱིས། །ཐལ་འགྱུར་ཙམ་དང་རང་རྒྱུད་སྒྲུབ་བྱེད་ཕྱིར། །ཐལ་རང་གཉིས་སུ་མཁས་ལ་གྲགས་ཤིང་གྲུབ། །དེ་ཉིད་རིམ་བཞིན་རབ་ཏུ་མི་གནས་དང་། །སྒྱུ་མ་རིགས་སྒྲུབ་པ་ཞེས་འཕགས་ཡུལ་གྱི། །ཚད་ལྡན་དུ་མས་བཤད་ཕྱིར་དབྱེ་བ་དེ། །རྨོངས་པ་མཚར་བསྐྱེད་ཡིན་ཅེས་གསུང་མི་རིགས། །ཞེས་གསུངས་སོ། །ཐལ་རང་གི་སློབ་དཔོན་རྣམས་དབུ་མའི་ལྟ་བ་གོམས་པའི་ཚོགས་སོག་གི་ཁྱད་པར་གྱིས་ཐ་སྙད་སྒྱུ་མ་ལྟ་བུའི་ཞེན་པ་ཡོད་མེད་ཙམ་ཡིན་གྱི་མཐར་ཐུག་གི་དབུ་མའི་ལྟ་བ་ལ་ནི་མི་མཐུན་པ་ཅུང་ཟད་ཀྱང་མེད་དེ། དེ་ཐམས་ཅད་དབུ་མ་པར་སྨྲ་བ་ཉིད་ཀྱི་ཕྱིར། གལ་ཏེ་དེ་ལྟ་མིན་ན་ནི་གང་དམན་པ་དེ་དབུ་མ་པ་མ་ཡིན་པར་འགྱུར་ཏེ། དབུ་མའི་དོན་མ་གྲུབ་བཞིན་དུ་དབུ་མ་དང་དབུ་མ་པར་མིང་གིས་འབོད་པ་ཙམ་དུ་ཟད་པའི་ཕྱིར་རྣམ་རྫུན་དབུ་མ་དང་དབུ་མ་པ་བཞིན་ནོ། །གཏན་ལ་འབེབ་ཚུལ་གྱིས་ཕྱི་ནང་གི་དབུ་མ་གཉིས་སུ་ཡང་འགྱུར་ཏེ། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་དབུ་མ་རིན་ཆེན་སྒྲོན་མ་ལས། འཕགས་པ་ཀླུ་སྒྲུབ་དང༌། སློབ་དཔོན་འཕགས་པའི་ལྷ་དང༌། སློབ་དཔོན་རྗེ་བཙུན་ཟླ་བ་གྲགས་པ་ནི་འདི་སྐད་དུ་གསུངས་པ་ཡིན་ཏེ། འདི་ལྟར་ཀུན་རྫོབ་ཀྱི་བདེན་པ་ཉན་ཐོས་ཀྱི་ཚུལ་དུ་སྨྲས་པ་ནི་ཕྱི་རོལ་གྱི་དབུ་མ་རགས་པ་ཡིན་ལ། དེ་ཉིད་རང་གི་སེམས་ཙམ་དུ་གནས་པ་ནང་གི་དབུ་མ་ཞེས་བྱ་བ་ཕྲ་བ་ཡིན་ནོ་ཞེས་གསུངས་པ། ཞེས་དང། ཕ་རོལ་རྒོལ་བ་ཟློག་པ་དང༌། །བསྟན་བཅོས་ཆེན་པོའི་གཞུང་དང་ནི། །རྩོད་པ་ཆེན་པོ་བྱུང་དུས་སུ། །རགས་པའི་དབུ་མའི་གཞུང་སྨྲ་བྱ། །དེ་ཉིད་དོན་ལ་གཙོར་བྱེད་ཅིང༌། །རྣལ་འབྱོར་ཉམས་སུ་ལེན་དུས་སུ། །ཕྲ་བའི་རྣལ་འབྱོར་བསྒོམ་པར་བྱ། །འདི་ནི་ཞལ་གྱི་གདམས་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །འཕགས་པའི་ཡུལ་དུ་དབུ་མའི་སློབ་དཔོན་འབྱམས་ཀླས་པ་བྱོན་པ་ལས་ལེགས་ལྡན་འབྱེད་ཀྱིས། སྟོང་ཉིད་སྨྲ་བའི་སེང་གེའི་སྒྲ། །ཟླ་བ་གྲགས་པའི་ཞབས་ལ་འདུད། །ཅེས་བསྔགས་པ་ལྟར་མཐའ་བྲལ་གྱི་དོན་རྒྱ་ཆེར་བསྟན་པས་ཕྱི་ནང་གི་མུ་སྟེགས་བྱེད་ཀྱི་བློའི་སྤོབས་པ་མྱུར་བར་བཅོམ་པ་ལ་འགྲན་པའི་ཟླ་དང་བྲལ་བའི་སློབ་དཔོན་ཆེན་པོ་ཟླ་བ་གྲགས་པའི་ཞལ་སྔ་ནས་དབུ་མའི་གཞུང་རང་རྐང་དང་གཞན་འགྲེལ་དུ་མཛད་པ་ཆེས་མང་བ་ལས། འདིར་རང་རྐང་དུ་མཛད་པའི་དབུ་མ་ཤེས་རབ་ལ་འཇུག་པ་ཞེས་བྱ་བ་ཟབ་པ་དང་རྒྱ་ཆེ་བའི་ཚུལ་སྟོན་པའི་གཞུང་གི་ཚིག་དོན་རབ་ཏུ་གསལ་བར་བྱ་བ་ལ།
ཐོག་མར་དགེ་བ་ཀླད་ཀྱི་དོན། བར་དུ་དགེ་བ་གཞུང་གི་དོན། ཐ་མར་དགེ་བ་མཇུག་གི་དོན་ནོ། །དང་པོ་ལ། མཚན་གྱི་དོན། འགྱུར་གྱི་ཕྱག །བཤད་པའི་དམ་བཅའོ། །དང་པོ་ནི། རྒྱ་གར་སྐད་དུ། མ་དྷྱ་མ་ཀ་ཨ་བ་ཏཱ་ར་པྲཛྙཱ་ནཱ་མ། བོད་སྐད་དུ། དབུ་མ་ཤེས་རབ་ལ་འཇུག་པ་ཞེས་བྱ་བ།
ཞེས་པ་སྟེ། བསྟན་བཅོས་འདི་ཉིད་རྒྱ་གར་འཕགས་ཡུལ་གྱི་སྐད་རིགས་ཆེན་པོ་བཞི་ལས་མཁས་པ་ལ་གྲགས་པ་ལེགས་སྦྱར་གྱི་སྐད་དུ་ཡོད་པ་བོད་སྐད་དུ་བསྒྱུར་ན། མ་དྷྱ་མ་ཀ་ནི་དབུ་མ། ཨ་བ་ཏཱ་ར་ནི་འཇུག་པ། པྲཛྙཱ་ནི་ཤེས་རབ་། ནཱ་མ་ནི་ཞེས་བྱ་བའོ། །
གཉིས་པ་ནི། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །
ཞེས་པ་སྟེ། བྱིས་པའི་ཆོས་ལས་འཕགས་པ་བྱམས་པ་ཆེན་པོས་རང་གཞན་གྱི་རྒྱུད་འཇམ་པར་མཛད་ཅིང་། དོན་གཉིས་མཆོག་ཏུ་གྲུབ་པས་ལུས་ཅན་ཀུན་གྱི་དཔལ་དུ་གྱུར་ཏེ། མ་དག་ས་ལས་བརྒལ་ནས་དག་པའི་ས་གཞོན་ནུའི་ཡོན་ཏན་དང་ལྡན་བཞིན་པར་གཞོན་ནུའི་ལང་ཚོའི་ཉམས་ཀྱིས་གཞོན་ནུར་གྱུར་པ་ལ་ལོ་པཎ་དག་གིས་གནས་སྐབས་དང་མཐར་ཐུག་གི་དོན་ཆེན་པོ་སྒྲུབ་ཆེད་དུ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ་ཞེས་བཀོད་པར་མཛད་དོ། །
གསུམ་པ་ནི། དབུ་མ་ཤེས་རབ་ལ་འཇུག་པའི་དོན་ནི་བདག་གིས་བཤད་པར་བྱ་སྟེ།
ཞེས་པ་སྟེ། དབུ་མ་ཞེས་པ་མཐའ་གང་ལའང་མི་གནས་པའི་མིང་ཡིན་ལ། མིང་དེ་གང་ལ་འཇུག་པའི་དོན་ལ་དབྱེ་ན། བརྗོད་བྱ་དོན་གྱི་དབུ་མ་དང་། རྗོད་བྱེད་ཚིག་གི་དབུ་མ་གཉིས་སུ་ཡོད་ཅིང་། དང་པོ་ནི། ཆོས་འདི་ཐམས་ཅད་ཀུན་རྫོབ་པར་ཐ་སྙད་དུ་རྒྱུ་རྐྱེན་འདུས་ཙམ་དང་། དེ་ལ་བརྟེན་ནས་བཏགས་ཙམ་གྱི་འབྱུང་བ་ལྟོས་བཞག་གི་མིང་ཐ་སྙད་ཙམ་སྒྲོ་བཏགས་པར་ཟད་ཀྱི། དོན་དམ་པར་རམ་ཡང་དག་པར་ཡོད་མེད་སྐྱེ་འགག་སོགས་ཀྱི་སྤྲོས་མཐར་གང་ཡང་མི་གནས་ཤིང་། དབུས་ཞེས་པར་ཡང་གནས་པ་དང་བྲལ་བ་དེ་ལ་གཞི་བདེན་གཉིས་ཟུང་འཇུག་གི་དབུ་མ་ཞེས་བྱ་ལ། བདེན་གཉིས་ཀྱི་རིང་ལུགས་དེ་ལྟར་ཤེས་ནས་ཀུན་རྫོབ་མིང་ཙམ་པའི་ཆོས་སུ་ཁོང་དུ་ཆུད་དེ། ཆོས་ཐམས་ཅད་སྐྱེ་སོགས་དང་བྲལ་བའི་ཕྱིར་འཁྲུལ་པའི་སྒྲོ་སྐུར་ཐམས་ཅད་དང་བྲལ་བ་རྟོགས་བཞིན་པར་རྟེན་འབྱུང་སྒྱུ་འདྲའི་མ་རྒན་མཐའ་མེད་ལ་རྟེན་འབྱུང་སྒྱུ་འདྲའི་སྙིང་རྗེ་ཆེན་པོ་དང་། དེས་དྲངས་པའི་ཕྱིན་དྲུག་གིས་བསྡུས་པའི་ཚོགས་གཉིས་རྟེན་འབྱུང་སྒྱུ་མ་དང་ནམ་མཁའ་ལྟ་བུ་ལ་སློབ་པར་བྱེད་པ་ནི་ལམ་ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཟུང་དུ་འཇུག་པའི་དབུ་མ་ཞེས་བྱ་ཞིང་། དེ་ལྟར་བསླབས་པའི་འབྲས་བུ་དོན་དམ་བྱང་ཆུབ་ཀྱི་སེམས་ལ་གསལ་སྣང་རབ་ཀྱི་མཐར་ཕྱིན་པས་སྒྲིབ་གསུམ་མངོན་གྱུར་ས་བོན་གནས་ངན་ལེན་དང་བཅས་པའི་མཚམས་སྦྱོར་བ་བཅད་ཅིང་། སྤྲོས་པ་མཐའ་དག་གིས་དབེན་པར་བྱས་ནས་རང་དོན་ཆོས་ཀྱི་སྐུའི་གོ་འཕང་བརྙེས་ཤིང་། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་གསལ་སྣང་རབ་ཀྱི་མཐར་ཕྱིན་པས་གདུལ་བྱ་མཁའ་མཉམ་དག་གི་ངོར་གང་ལ་གང་འཚམས་ཀྱི་སྐུ་གསུང་ཐུགས་ཀྱི་མཛད་པ་བསྐལ་པ་མ་སྟོངས་ཀྱི་བར་དུ་འབད་མེད་ལྷུན་གྲུབ་ཏུ་འབྱུང་ཞིང་། ཆོས་ཀྱི་འཁོར་ལོ་བསྐོར་བ་སོགས་མཛད་ཕྲིན་གྱི་སྤྲོས་པ་ལ་མངའ་བསྒྱུར་ནས་གཞན་དོན་གཟུགས་སྐུའི་གོ་འཕང་བརྙེས་པ་ནི་འབྲས་བུ་ཆོས་ཀྱི་སྐུ་དང་གཟུགས་ཀྱི་སྐུ་ཟུང་དུ་འཇུག་པའི་དབུ་མ་ཞེས་བྱའོ། །གཉིས་པ་ནི། རྒྱལ་བའི་ཡུམ་ལ་སོགས་པ་ལྟ་བུ་བཀའ་དང་། དེ་དག་གི་དགོངས་པ་འགྲེལ་བ་རྩ་བ་ཤེས་རབ་ལྟ་བུ་བསྟན་བཅོས་ཏེ་གཉིས་སུ་ཡོད་ཅིང། རྗོད་བྱེད་ཚིག་གི་དབུ་མ་ལ་གཞུང་དབུ་མ་ཞེས་གྲགས་པ་ལས། བདེན་པ་གཉིས་ཕྱིན་ཅི་མ་ལོག་པར་བསྟན་པ་དབུ་མ་རྩ་བ་ཤེས་རབ་ཀྱི་གཞུང་ལ་ཇི་ལྟར་འཇུག་པའི་ཟབ་པ་དང་རྒྱ་ཆེ་བའི་དོན་ནི་སློབ་དཔོན་ཟླ་བ་གྲགས་པ་བདག་གིས་བཤད་པར་བྱ་སྟེ་ཞེས་དམ་བཅས་པའོ། །
གཉིས་པ་བར་དུ་དགེ་བ་གཞུང་གི་དོན་ལ། མདོར་བསྟན་པ། རྒྱས་པར་བཤད་པ། དོན་བསྡུ་བའོ། །དང་པོ་ནི། དགག་བསྒྲུབ་གཉིས་ཀ་དགག་འབའ་ཞིག །དངོས་ལ་དགག་སྒྲུབ་གང་ཡང་མེད། །དེ་ལྟ་བུ་ནི་གོམས་བྱས་ན། །ཕུན་སུམ་ཚོགས་པ་ཐོབ་པར་འགྱུར། །
ཞེས་པ་སྟེ། རིན་ཆེན་ཕྲེང་བ་ལས། ཇི་ལྟར་སྒྱུ་མའི་གླང་པོ་ལ། །སྐྱེ་དང་འཇིག་པ་ཉིད་སྣང་ཡང༌། །དེ་ལ་དོན་གྱི་ཡང་དག་ཏུ། །སྐྱེ་དང་འཇིག་པ་ཉིད་མེད་ལྟར། །དེ་བཞིན་སྒྱུ་འདྲའི་འཇིག་རྟེན་ལ། །སྐྱེ་དང་འཇིག་པ་ཉིད་སྣང་ཡང༌། །དམ་པའི་དོན་དུ་སྐྱེ་བ་དང༌། །འཇིག་པ་ཉིད་ནི་ཡོད་མ་ཡིན། །ཇི་ལྟར་སྒྱུ་མའི་གླང་པོ་ནི། །གང་ནས་མ་འོངས་གར་མི་འགྲོ། །སེམས་རྨོངས་ཙམ་དུ་ཟད་པས་ན། །ཡང་དག་ཉིད་དུ་གནས་པ་མེད། །དེ་བཞིན་སྒྱུ་མའི་འཇིག་རྟེན་ནི། །གང་ནས་མ་འོངས་གར་མི་འགྲོ། །སེམས་རྨོངས་ཙམ་དུ་ཟད་པས་ན། །ཡང་དག་ཉིད་དུ་གནས་པ་མེད། །ཅེས་ཆོས་རྣམས་ཀྱི་རང་བཞིན་སྐྱེ་གནས་འཇིག་པའི་སྤྲོས་པ་དང་བྲལ་བ་ཡིན་ནའང་། རྒྱ་ཆེན་རོལ་པའི་མདོ་ལས། སྲིད་སྲེད་མ་རིག་དབང་གིས་སྐྱེ་བོ་རྣམས། །མི་དང་ལྷ་གནས་ངན་སོང་ལམ་གསུམ་པོ། །འགྲོ་བ་ལྔ་པོ་དག་ཏུ་མི་མཁས་འཁོར། །དཔེར་ན་རྫ་མཁན་ཕང་ལོ་བསྐོར་བ་བཞིན། །ཞེས་སེམས་ཅན་རྣམས་ལ་མ་རིག་པའི་དབང་གིས་གནས་ལུས་ལོངས་སྤྱོད་སྣ་ཚོགས་པ་ཞིག་སྣང་བ་ལ་སྲེད་པས་བླང་དོར་བྱས་པའི་ལས་ཉོན་གྱིས་འཁོར་བ་མུ་མཐའ་མེད་པར་རྫ་མཁན་གྱི་ཕང་ལོ་བཞིན་འཁོར་བ་རྣམས་ཀྱི་འཁྲུལ་པ། ལང་གཤེགས་ལས། སྲིད་པ་གསུམ་ནི་བཏགས་པ་ཙམ། །ངོ་བོ་ཉིད་ཀྱིས་དངོས་པོ་མེད། །བཏགས་པ་དངོས་པོའི་ངོ་བོར་ནི། །རྟོག་གེ་པ་དག་རྟོག་པར་འགྱུར། །རང་བཞིན་མེད་ཅིང་རྣམ་རིག་མེད། །ཀུན་གཞི་མེད་ཅིང་དངོས་མེད་ན། །བྱིས་པ་ངན་པ་རྟོག་གེ་པ། །རོ་དང་འདྲ་བས་འདི་དག་བཏགས། །ཞེས་བདེན་དངོས་སུ་ཡོད་པར་སྒྲོ་བཏགས་པ་སེལ་བའི་ཐབས་ཟབ་མོ་སྟོང་པ་ཉིད་ཀྱི་དོན་སྟོན་པའི་རིགས་པ་དངོས་པོ་མེད་པར་དགག་པ་དང་སྟོང་ཉིད་ཡིན་པར་སྒྲུབ་པ་གང་གི་ལྟར་ནའང་དོན་དགག་པའི་རིགས་པ་ལས་འདའ་བ་མིན་ཏེ། དངོས་ཞེན་ཟློག་པའི་སྐབས་ཡིན་པའི་ཕྱིར། དེ་ཉིད་དཔྱོད་པའི་རིགས་པས་ཐ་སྙད་དུ་དགག་པར་བྱས་ཀྱང་དོན་དམ་པར་དགག་སྒྲུབ་གང་ཡང་བྱར་མེད་དེ། རྩོད་ཟློག་ལས། གལ་ཏེ་མངོན་སུམ་ལ་སོགས་པའི། །དོན་གྱིས་འགའ་ཞིག་དམིགས་ན་ནི། །བསྒྲུབ་པའམ་བཟློག་པར་བྱ་ན་དེ། །མེད་ཕྱིར་ང་ལ་ཀླན་ཀ་མེད། །ཅེས་ཆོས་གང་ཡང་མི་རྙེད་པའི་ཕྱིར་རོ། །བསྒྲུབ་ཅིང་དམིགས་པར་བྱ་བ་དང། དགག་ཅིང་བསལ་བར་བྱ་བ་ཅུང་ཟད་ཀྱང་མེད་པ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ལྟ་བ་དེ་ལྟ་བུ་སྒོམ་པས་ཉམས་སུ་བླངས་ཤིང་སྤྱོད་པས་ལམ་དུ་ཁྱེར་བའི་གོམས་པ་རབ་ཀྱི་མཐར་ཕྱིན་ན། འབྲས་བུ་སངས་རྒྱས་ཀྱི་གོ་འཕང་ཐོབ་སྟེ་ལྷུན་གྲུབ་དང་རྒྱུན་མི་ཆད་པའི་ཕྲིན་ལས་ཕུན་སུམ་ཚོགས་པ་འབྱུང་བ་ནི་རྒྱུ་འབྲས་ཀྱི་ཆོས་ཉིད་དོ། །
གཉིས་པ་རྒྱས་པར་བཤད་པ་ལ། ལྟ་བས་སྤྲོས་པ་གཅོད་པ། སྒོམ་པས་ཉམས་སུ་ལེན་པ། སྤྱོད་པས་བླང་དོར་བྱ་བ། འབྲས་བུས་གཞན་དོན་བྱེད་པའོ། །དང་པོ་ལ། ཡང་དག་པའི་ལྟ་བ། མཐའ་བྲལ་གྱི་ལྟ་བའོ། །དང་པོ་ནི། མི་དགེ་བཅུ་ནི་སྤངས་ནས་ནི། །དགེ་བ་བཅུ་ནི་དང་དུ་བླང༌། །
ཞེས་པ་སྟེ། སྤྱིར་ཤེས་པ་ལྡན་པའི་གང་ཟག་དག་གིས། རིན་ཆེན་ཕྲེང་བ་ལས། མེད་པ་པ་ནི་ངན་འགྲོར་འགྲོ། །ཡོད་པ་པ་ནི་བདེ་འགྲོར་འགྲོ། །ཡང་དག་ཇི་བཞིན་ཡོངས་ཤེས་ཕྱིར། །གཉིས་ལ་མི་བརྟེན་ཐར་པར་འགྱུར། །ཞེས་པ་ལྟར། ཡང་ན་ཚེ་སྔ་ཕྱི་དང་། ལས་རྒྱུ་འབྲས། མཐོ་རིས་ཐར་པ་སོགས་མེད་པར་འཛིན་ལ། ཡང་ན་ཡུལ་དང་ཤེས་པ་ལས་འབྲས་སོགས་ཡོད་པར་འཛིན་ཅིང། ཡང་ན་ཡོད་མེད་གང་ཡང་མི་འཛིན་པ་ལས། མེད་པར་ལྟ་བའི་གཉེན་པོ་ཚེ་སྔ་ཕྱི་དང་ལས་རྒྱུ་འབྲས་སོགས་ཡོད་པར་ཡིད་ཆེས་པ་ཡང་དག་པའི་ལྟ་བ། ཆེད་དུ་བརྗོད་པའི་ཚོམས་ལས། འཇིག་རྟེན་པ་ཡི་ཡང་དག་ལྟ། །ཆེན་པོ་སུ་ལ་ཡོད་གྱུར་པ། །དེ་ནི་ཚེ་རབས་སྟོང་དུ་ཡང་། །ངན་འགྲོར་འགྲོ་བར་མི་འགྱུར་རོ། །ཞེས་པ་རྒྱུད་ལ་ཡོད་པ་དག་གིས། རིན་ཆེན་ཕྲེང་བ་ལས། ཆགས་དང་ཞེ་སྡང་གཏི་མུག་དང༌། །དེས་བསྐྱེད་ལས་ནི་མི་དགེ་བ། །མ་ཆགས་ཞེ་སྡང་གཏི་མུག་མེད། །དེས་བསྐྱེད་ལས་དེ་དགེ་བ་ཡིན། །མི་དགེ་བ་ལས་སྡུག་བསྔལ་ཀུན། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །དགེ་ལས་བདེ་འགྲོ་ཐམས་ཅད་དང༌། །སྐྱེ་བ་ཀུན་དུ་བདེ་བ་དག །ཅེས་པའི་དགེ་བ་དང་མི་དགེ་བའི་གནད་འགག་ཤེས་པས། གསོད་པ་ཡིས་ནི་ཚེ་ཐུང་འགྱུར། །རྣམ་པར་འཚེ་བས་གནོད་པ་མང༌། །རྐུ་བ་ཡིས་ནི་ལོངས་སྤྱོད་ཕོངས། །བྱི་བོ་བྱེད་པས་དགྲ་དང་བཅས། །བརྫུན་དུ་སྨྲ་བས་སྐུར་བ་སྟེ། །ཕྲ་མ་ཡིས་ནི་བཤེས་དང་འབྱེ། །ཚིག་རྩུབ་ཉིད་ཀྱིས་མི་སྙན་ཐོས། །མ་འབྲེལ་པ་ཡིས་ཚིག་མི་བཙུན། །བརྣབ་སེམས་ཡིད་ལ་རེ་བ་འཇོམས། །གནོད་སེམས་འཇིགས་པ་སྦྱིན་པར་བྱེད། །ལོག་པར་ལྟ་བས་ལྟ་ངན་ཉིད། །ཆང་འཐུངས་པས་ནི་བློ་འཁྲུལ་ཏེ། །སྦྱིན་པ་མ་བཏང་དབུལ་བ་ཉིད། །ལོག་པར་འཚོ་བས་བསླུས་པ་སྟེ། །ཁེངས་པ་ཡིས་ནི་རིགས་ངན་ཉིད། །ཕྲག་དོག་གིས་ནི་གཟི་ཆུང་ཉིད། །ཁྲོ་བས་ཁ་དོག་ངན་པ་ཉིད། །མཁས་ལ་མི་འདྲི་བླུན་པ་ཉིད། །ཅེས་གནོད་པ་འབྱུང་བའི་མི་དགེ་བ་བཅུ་དང་ཆང་འཐུང་བ་སོགས་སྤངས་ནས། མི་གསོད་པ་དང་རྐུ་སྤོང་དང༌། །གཞན་གྱི་ཆུང་མ་སྤོང་བ་དང༌། །ལོག་དང་ཕྲ་མ་རྩུབ་ཉིད་དང༌། །མ་འབྲེལ་སྨྲ་བ་ཡང་དག་སྡོམ། །ཆགས་དང་གནོད་སེམས་མེད་པ་ལ། །ཉིད་ཀྱི་ལྟ་བ་ཡོངས་སྤོང་བ། །འདི་དག་ལས་ལམ་དཀར་བཅུ་སྟེ། །བཟློག་པ་དག་ནི་ནག་པོ་ཡིན། །ཆང་མི་འཐུང་དང་འཚོ་བ་བཟང༌། །རྣམ་མི་འཚེ་དང་གུས་སྦྱིན་དང༌། །མཆོད་འོས་མཆོད་དང་བྱམས་པ་སྟེ། །མདོར་ན་ཆོས་ནི་དེ་ཡིན་ནོ། །ཞེས་དགེ་བ་བཅུ་དང་ཆང་མི་འཐུང་བ་སོགས་དང་དུ་བླང་བར་བྱ་སྟེ། མདོ་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་གསུངས་པ་བཞིན་ལས་འབྲས་བསླུ་མེད་ཡིན་པའི་ཕྱིར་རོ། །
གཉིས་པ་མཐའ་བྲལ་གྱི་ལྟ་བ་ལ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། དངོས་པོར་ཞེན་པ་བཀག་ནས་ནི། །རང་ལ་བསྒྲུབ་ཏུ་ཅུང་ཟད་མེད། །
ཅེས་པ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བ་མ་ལུས་པ་སུན་འབྱིན་ཅིང། མི་དགེ་བའི་ཆོས་ཐམས་ཅད་གསོག་པའི་རྒྱུར་གྱུར་པའི་ཕྱིར་ཉེས་པ་ཐམས་ཅད་ཀྱི་འབྱུང་གནས་ཡིན་པ་མེད་པར་ལྟ་བའི་ལོག་ལྟ་ནི། ཡང་དག་གི་ལྟ་བའི་སྐབས་ན་ཟློག་པར་བྱ་བ་ཡིན་ཅིང། མཐའ་བྲལ་གྱི་ལྟ་བ་གཏན་ལ་འབེབ་པའི་སྐབས་སུ་ནི་བྱིས་པ་རྣམས་ཡུན་རིང་པོ་ནས་ཡོད་པར་ལྟ་བ་ལ་གོམས་པའི་དངོས་པོར་ཞེན་པ་དག་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་དགག་པར་བྱ་བ་ཡིན་ཏེ། རིགས་པ་དྲུག་ཅུ་པ་ལས། རེ་ཞིག་ཉེས་ཀུན་འབྱུང་བའི་གནས། །མེད་ཉིད་རྣམ་པར་བཟློག་ཟིན་གྱི། །རིགས་པ་གང་གིས་ཡོད་ཉིད་ཀྱང་། །བཟློག་པར་འགྱུར་བ་མཉན་པར་གྱིས། །ཞེས་སོ། །དོན་དཔྱོད་རིགས་པས་དཔྱད་ན། འཇུག་པ་ལས། གང་ཕྱིར་དངོས་པོ་འདི་དག་རྣམ་དཔྱད་ན། །དེ་ཉིད་བདག་ཅན་དངོས་ལས་ཚུ་རོལ་ཏུ། །གནས་རྙེད་མ་ཡིན་དེ་ཕྱིར་འཇིག་རྟེན་གྱི། །ཐ་སྙད་བདེན་ལ་རྣམ་པར་དཔྱད་མི་བྱ། །ཞེས་ཐ་སྙད་ཀུན་རྫོབ་ཀྱི་ཆོས་གང་ཡང་རྙེད་པར་མི་འགྱུར་བས་ན། སྤྱོད་འཇུག་ལས། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པ། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་འཛིན་པའི་དམིགས་པ་ཐམས་ཅད་ཞི་སྟེ། རིགས་པ་དྲུག་ཅུ་པ་ལས། གང་གིས་བློ་གྲོས་ཡོད་མེད་ལས། །རྣམ་པར་འདས་ཤིང་མི་གནས་པ། །དེ་དག་གིས་ནི་རྐྱེན་གྱི་དོན། །ཟབ་མོ་དམིགས་མེད་རྣམ་པར་རྟོགས། །ཞེས་རང་བཞིན་གྱིས་མ་སྐྱེས་པའི་དངོས་པོའི་དེ་ཁོ་ན་ཉིད་ཡོངས་སུ་ཤེས་པར་འགྱུར་ལ། དེ་ཁོ་ན་ཉིད་མཐོང་བར་གྱུར་ན། ཏིང་འཛིན་རྒྱལ་པོ་ལས། ཇི་ལྟར་བར་སྣང་ནམ་མཁའ་བཞིན། །ཆོས་ཀྱི་མཚན་ཉིད་དེ་འདྲ་བར། །སྔོན་གྱི་མཐའ་དང་ཕྱི་མའི་མཐའ། །ད་ལྟར་བྱུང་བའང་མཐོང་བར་འགྱུར། །ནམ་མཁའ་གཟུང་བ་མེད་པར་བཤད། །དེ་ལ་གཟུང་བ་མི་རྙེད་དེ། །ཆོས་ཀྱི་རང་བཞིན་དེ་ཉིད་ཡིན། །གཟུང་བ་མེད་པ་ནམ་མཁའ་འདྲ། །དེ་ལྟ་བུར་ནི་ཆོས་བསྟན་ཏེ། །དེ་ལ་གང་ཡང་མཐོང་བ་མེད། །སུ་དག་ཆོས་འདི་མི་མཐོང་བ། །དེ་ཡི་ཆོས་རྣམས་བསམ་མི་ཁྱབ། །ཅེས་ཆོས་ཐམས་ཅད་ཀྱི་རང་བཞིན་ཅི་ཡང་དམིགས་སུ་མེད་པའི་ཕྱིར། རྩ་བ་ཤེས་རབ་ལས། གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །སྟོང་པ་ཅུང་ཟད་ཡོད་པར་འགྱུར། །མི་སྟོང་ཅུང་ཟད་ཡོད་མིན་ན། །སྟོང་པ་ཡོད་པར་ག་ལ་འགྱུར། །ཞེས་པ་ལྟར་ཡོད་མེད་གང་རུང་དུ་ཞེན་པའི་རྟག་ཆད་ཀྱི་མཐའ་ལས་གྲོལ་ཏེ། རང་གི་རང་ལུགས་ལ་བསྒྲུབ་པར་བྱ་བའི་ཆོས་ཅུང་ཟད་ཀྱང་མེད་པ་རྩོད་བཟློག་ལས། གལ་ཏེ་ངས་དམ་བཅས་འགའ་ཡོད། །དེས་ན་ང་ལ་སྐྱོན་དེ་ཡོད། །ང་ལ་དམ་བཅའ་མེད་པས་ན། །ང་ལ་སྐྱོན་མེད་ཁོ་ན་ཡིན། །ཞེས་པའི་ཁས་ལེན་ཀུན་བྲལ་གྱི་ལྟ་བར་སླེབ་པ་ཡིན་ནོ། །འདིར་རྟག་ཆད་ལ། བདག་ཏུ་ལྟ་བས་མུ་སྟེགས་པ་རྟག་ལྟར་བཞག་པ་དང་། ལས་རྒྱུ་འབྲས་དང་ཚེ་སྔ་ཕྱི་མེད་པར་འདོད་པའི་རྒྱང་འཕེན་ལྟ་བུ་ཆད་ལྟར་བཞག་པ་ནི་དྲང་དོན་གྱི་སྐབས་ནས་སེལ་ཞིང་། སྔར་མེད་ཀྱི་དངོས་པོ་ཡོད་པར་ལྟ་བ་རྟག་པ་དང་། སྔར་ཡོད་ཀྱི་དངོས་པོ་རྒྱུན་ཆད་པ་ཆད་པར་བཞག་པ། ཇི་སྐད་དུ། སྔར་མེད་གསར་དུ་ཡོད་ཅེས་པ། །དེས་ན་རྟག་པར་བལྟ་བར་འགྱུར། །སྔར་ཡོད་གསར་དུ་མེད་ཅེས་པ། །དེས་ན་ཆད་པར་བལྟ་བར་འགྱུར། །ཞེས་པའི་རྟག་ཆད་ངེས་དོན་གྱི་སྐབས་ན་སེལ། རྩ་ཤེས་ལས། ཡོད་ཅེས་བྱ་བ་རྟག་པར་འཛིན། །མེད་ཅེས་བྱ་བ་ཆད་པར་བལྟ། །དེ་ཕྱིར་ཡོད་དང་མེད་པ་ལ། །མཁས་པས་གནས་པར་མི་བྱའོ། །ཞེས་པའི་རྟག་ཆད་ནི། ཤིན་ཏུ་མཐར་ཐུག་པའི་སྐབས་ན་སེལ་བ་ཡིན་ཏེ། ཕྱོགས་ཐམས་ཅད་སྤངས་པས་སོ། །
གཉིས་པ་རྒྱས་པར་བཤད་པ་ལ། གཞན་གྱི་ཞེན་པ་དགག་པ། རང་ལ་བསྒྲུབ་ཏུ་མེད་པའོ། །དང་པོ་ལ། སྒྲུབ་ངག་འགོད་པ། ཚུལ་སྒྲུབ་པ། རྩོད་པ་སྤོང་བའོ། །དང་པོ་ནི། སྣང་བའི་དངོས་པོ་འདི་ཡང་ནི། །ཡང་དག་པ་ཡི་རང་བཞིན་མེད། །དུ་མ་དང་ནི་གཅིག་བྲལ་ཕྱིར། །སྒྱུ་མའི་གླང་པོ་ཇི་བཞིན་ནོ། །
ཞེས་པ་སྟེ། སྤྱིར་དབུ་མ་པས་འཇིག་རྟེན་ལ་གྲགས་པའི་ཚད་མ་བཞིས་ཐ་སྙད་ཙམ་དུ་ཕྱོགས་གཉིས་དགག་སྒྲུབ་ཀྱི་དོན་རྟོགས་པར་བྱེད་པ་ལས། དང་པོ་མངོན་སུམ་ཚད་མ་ནི། སྔར་མ་རྟོགས་པའི་དོན་མྱོང་བས་རྟོགས་པ་སྟེ་དེས་ཕྱི་དང་ནང་གིས་བསྡུས་པའི་མ་དཔྱད་པ་མངོན་གྱུར་གྱི་རྟེན་འབྲེལ་ཙམ་མཐོང་བས་གཙོ་བོར་ཐ་སྙད་དུ་མེད་པའི་མཐའ་སེལ་བ་ཡིན་ནོ། །