ཏི་རས་མགུར་འགྲེལ་ལོ་རྒྱུས་བཞུགས་སོ། །

2014-04-25

~~ཏི་རས་མགུར་འགྲེལ་ལོ་རྒྱུས་བཞུགས་སོ། །
གསལ་སྟོང་ངོས་བཟུང་བྲལ་བ་སེམས་ཀྱི་གཤིས། །མ་བཅོས་སོ་མར་འཇོག་པའི་མན་ངག་གིས། །སྒྲིབ་བྲལ་མངོན་དུ་གྱུར་པའི་རྒྱལ་ས་ཆེ། །བཀའ་བརྒྱུད་གྲུབ་པའི་ཚོགས་ལ་སྙིང་ནས་གུས། །མདོ་སྔགས་བསྟན་པ་རྒྱ་མཚོའི་གདམས་པའི་སྲོག །ཉམས་སུ་བླངས་པས་མངོན་སུམ་གྱུར་པའི་ལམ། །རྡོ་རྗེའི་མགུར་གྱི་སྙིང་པོ་གསལ་བ་ལ། །ཇི་ལྟར་ཞུགས་པའི་ལོ་རྒྱུས་འདི་ན་སྤྲོ། །དེ་ཡང་སྐྱེས་སྦྱངས་ཀྱི་མཁས་ཡོན་ཅི་ཡང་མེད་པའི་དམན་པ་བདག་ལྟ་བུས་མདོ་སྔགས་བསྟན་པ་རྒྱ་མཚོའི་གདམས་པའི་སྲོག་ཏུ་གྱུར་པ་ངེས་དོན་ཕྱག་རྒྱ་ཆེན་པོའི་རྣམ་གཞག་ཟབ་ཅིང་རྒྱ་ཆེ་བའི་གཞུང་ལུགས་འདི་ལྟ་བུ་བཤད་པར་མི་འོས་མོད། སྐྱེ་བ་དང་ཚེ་རབས་དུ་མ་རྣམས་སུ་ལམ་ཡང་དག་པ་ལ་ཞུགས་པས་སྙིགས་མའི་དུས་འདིར་ཡང་། མཁས་པའི་རྣམ་དཔྱོད། བཙུན་པའི་ཡོན་ཏན། སྒྲུབ་པའི་ཉམས་རྟོགས་སོགས་ཀྱིས་བསྟན་པ་དང་སེམས་ཅན་གྱི་དོན་བླ་ན་མེད་པ་གྲུབ་པའི་སྐྱེས་ཆེན་དུ་གྱུར་ཅིང་། ཁོ་བོའི་ཆོས་མཆེད་དམ་པ་མཆོག་སྤྲུལ་ཨ་བསྟན་ཕུན་ཚོགས་རིན་པོ་ཆེ་འཕགས་ཡུལ་གྱི་ནང་པའི་གནས་ཆེན་རྣམས་ཀྱི་མཇལ་བསྐོར་དུ་ཆིབས་བསྒྱུར་བསྐྱང་བ་ན། རྒྱ་གར་གྱི་རྒྱལ་ས་དིལླི་གསར་པ་ནས་སྒོམ་རིམ་ཕྱག་ཆེན་དང་ལམ་རིམ་རྣལ་འབྱོར་བཞི་བཤད་པ་འབའ་རོམ་བཀའ་བརྒྱུད་པའི་ཟབ་ཆོས་ཏི་ཤྲི་རས་པའི་མགུར་ལ་རང་བློས་དཔོག་ཚོད་ཀྱི་འགྲེལ་བ་ཁུངས་ལུང་ཡོད་པའི་གོ་བདེ་བ་ཞིག་འབྲི་དགོས་པའི་བཀའ་ནན་བསྩལ་བ་རྟེན་འབྲེལ་གྱི་ལ་ཉེ་ལ་བསམས་ཏེ་དྭང་ལེན་ཞུས་ནའང་། སྣ་མང་ལས་ཀྱི་གཡེང་བས་རིམ་ལུས་སུ་གྱུར་ཏེ་ལོ་མང་སོང་བས་རྒྱ་གར་དུ་འགྲུབ་ཐབས་བྲལ་བའི་ཚོར་སྣང་གིས། འབའ་རོམ་བཀའ་བརྒྱུད་ཀྱི་བསྟན་པར་ཞེན་པ་ཧ་ཅང་ཆེ་བའི་ཚངས་གསར་བླ་མ་ཀརྨ་དཔལ་འབྱོར་གནས་མཆོག་རྡོ་རྗེ་གདན་དུ་ཕེབས་པ་དང་སྟབས་སྟུན་གྱིས། ང་ཐེ་ཝན་དུ་ཡོང་སྟེ་འགྲོ་མགོན་ཏི་ཤྲི་རས་པའི་མགུར་གྱི་འགྲེལ་བ་འབྲི་འཆར་ཡོད་པས། ཁྱོད་ཀྱིས་བདག་ལ་སྡོད་སའི་ཁང་པ་དང་། བཟའ་བའི་ཟ་མ་སོགས་ཉེར་མཁོའི་འཚོ་བ་སྦྱོར་བའི་བཀའ་དྲིན་གྱིས་སྐྱོང་ཐུབ་པ་ཡོང་ངམ་ཞུས་པ་ན། ཁོང་གིས་ཅིས་ཀྱང་སྦྱོར་ཐུབ་པ་བྱེད་ཀྱི་ཡིན་ཕྱིར་ངེས་པར་དུ་ཡོང་ཐུབ་པ་གྱིས་ཤོག །ཅེས་པའི་ཞལ་བཞེས་ཀྱིས་བློ་སྟོབས་འཕེལ་ཞིང་། ཡུལ་ཐེ་ཝན་གྱི་མི་རིགས་ཡིན་པ་གསང་སྔགས་རྡོ་རྗེ་ཐེག་པའི་བསྐྱེད་རྫོགས་ཀྱི་ཉམས་ལེན་ལ་ཞུགས་པའི་སྒྲུབ་བཙུན་ཨ་ནེ་ཕུན་ཚོགས་ཀྱིས་ཐོངས་མཆན་ཐོབ་པའི་རོགས་པ་དང་། གནམ་གྲུ་ཕར་ཚུར་གྱི་འགྲོ་སོང་ཆ་ཚང་གནང་བ་ལ་བརྟེན་ནས་ཞི་བདེ་རྒྱ་མཚོའི་མཚོ་འཇིངས་ཀྱི་གླིང་ཕྲན་ཡུལ་ཐེ་ཝན་གྱི་དབུས་ཕྱོགས་ཐེ་ཀྲུང་དུ་ཡོད་པ་འབའ་རོམ་བཀའ་བརྒྱུད་ཆོས་ཚོགས་དོན་གྲུབ་གླིང་དུ་བདེ་འབྱོར་གྱིས་མགུར་གྱི་འགྲེལ་བ་བྲི་བ་ལ་ཞུགས་སོ། །བསྟན་བཅོས་ཡོན་ཏན་རིན་པོ་ཆེ་ཀུན་ཏུ་འོད་ཀྱི་མ་དཔེ་ཁོ་བོའི་སྤྱོད་ཡུལ་དུ་གྱུར་པ་ནི། ཏི་ཤྲི་རས་པའི་བཀའ་འབུམ་དུ་བཞུགས་པ་དང་། འབའ་རོམ་བཀའ་བརྒྱུད་ཀྱི་མགུར་མཚོར་བཞུགས་པ་གཉིས་ཙམ་བྱུང་བ་ལས། ཕྱི་མ་འདི་དག་པར་མཐོང་བས་གཞི་ལ་བཞག་ནས་སྔ་མའི་ཚིག་གིས་ལེགས་བཅོས་བཏང་བ་ཡིན་ནོ། །སྤྱིར་གཞུང་གི་འགྲེལ་བ་བྲི་བ་ན། འབྲི་བྱའི་གཞུང་དེ་ཐེ་ཚོམ་ཅན་དུ་རྟོག་ན་ནི་ཚད་མར་ཡོངས་སུ་གྲགས་པའི་གཞུང་གཞན་གྱི་ལུང་སྦྱོར་དང་རིགས་པས་སྒྲུབ་པར་བྱ་ལ། ཡོངས་གྲགས་ཀྱིས་ཚད་མར་ངེས་ན་ནི་དགོངས་དོན་གསལ་བཤད་ཙམ་གྱིས་ཆོག་པ་ལས། འདིར་ནི་མོས་གུས་ཀྱི་བཀའ་བབས་འགྲོ་མགོན་བཀའ་བརྒྱུད་པའི་ལུགས་ལ། ཅི་མཛད་ལེགས་པར་མཐོང་བ་དང་། ཅི་གསུང་ཚད་མར་འཛིན་པ་དགོས་ཤིང་། ལྷག་ཏུ་རྗེ་ཏི་ཤྲི་རས་པ་ནི་གྲུབ་པ་ཐོབ་པའི་བླ་མ་མང་པོའི་ཞབས་རྡུལ་ལ་སྤྱི་བོས་རེག་སྟེ་གཞུང་ལུགས་མན་ངག་རྒྱ་མཚོའི་མཛོད་ལ་མངའ་དབང་བསྒྱུར་བའི་མཁས་དང་གྲུབ་པའི་དབང་ཕྱུག་ཆེན་པོ་ཡིན་ཕྱིར་ཚད་མའི་གསུང་དུ་ངེས་སོ། །ཚད་མར་ངེས་པའི་གཞུང་ཟབ་མོའི་དགོངས་དོན་གསལ་བར་འགྲེལ་བ་ནའང་། རང་གི་ཉམས་རྟོགས་ཡོན་ཏན་གྱི་རྩལ་གྱིས་འདི་ཡི་དོན་ནི་འདི་ཡིན་ནོ་བྱ་བའམ། མཚན་ཉིད་ལྡན་པའི་བླ་མ་དམ་པས་འདི་ལྟར་གསུངས་སོ་བྱ་བའམ། གཞུང་རྩོམ་པ་པོ་རང་གིས་འདི་ལྟར་བཤད་པས་ན་འདི་བཞིན་ཡིན་ནོ་བྱ་བ་རྣམས་སུ་ཡོད་པ་ལས། ཁོ་བོ་ནི་ཉམས་རྟོགས་ཡོན་ཏན་ལྟ་ཅི། གསུང་རྒྱུན་ཙམ་ཡང་མེད་ཅིང་། ཆོས་བརྒྱུད་ཅིག་གི་ཆེད་དུ་དམིགས་པས་ན་ཚིག་དོན་རེ་རེ་བཞིན་ཏི་ཤྲི་རས་པ་རང་གི་གསུང་ལ་གཞི་བཅོལ་བ་ལས་ཕོ་ཚོད་བྱས་པ་གཅིག་ཀྱང་ཡོད་པར་མི་སེམས་སོ། །མར་མི་དྭགས་པོ་སོགས་བཀའ་བརྒྱུད་གོང་མ་རྣམས་ཀྱི་གསུང་འགའ་ཞིག་བྱིན་རློབས་ཀྱི་རྟེན་དུ་དྲངས་པ་ཙམ་ལས་གཞན་ཉམས་ལེན་གཙོ་བོར་བྱས་པ་ཕྱག་ཆེན་ངེས་དོན་རྒྱ་མཚོ། ལུང་སྦྱོར་གཙོ་བོར་བྱས་པ་ཕྱག་ཆེན་རྒྱལ་བའི་གན་མཛོད། གཉི་ག་ཆ་མཉམ་དུ་བྱས་པ་ཕྱག་ཆེན་ཟླ་བའི་འོད་ཟེར་སོགས་ནས་རྐུ་བཤུ་བྱས་པ་ཅི་ཡང་མེད་པས་ན་འབའ་རོམ་བཀའ་བརྒྱུད་པའི་གསུང་སྒྲོས་གཙང་མར་གནས་པར་འཁུམས་སོ། །ཟབ་མོའི་གདམས་པ་ཉམས་ལེན་གྱིས་སེམས་རྒྱུད་གྲོལ་བར་བྱེད་པ་ལ་བྱིན་རློབས་མེད་དུ་མི་རུང་བ་ཡིན་ནའང་ཁོ་བོའི་བྱིན་རློབས་ནི་རི་བོང་མགོ་ཡི་རྭ་ཅོ་ཡིན་ཕྱིར། ནང་གི་ཟབ་མོའི་ལམ་ནས་ཚེ་ལུས་འདི་ཉིད་དུ་རྡོ་རྗེ་འཆང་ཞེས་གཡེར་པོ་ཆེའི་གོ་འཕང་མིག་འཕྲུལ་བཞིན་མངོན་དུ་མཛད་པ་གྲུབ་པའི་སྐྱེས་བུ་སྐྱོ་བྲག་གསལ་བྱེད་རིན་པོ་ཆེའི་སྙན་དྲུང་དུ། རྡོ་རྗེའི་མགུར་གྱི་འགྲེལ་བ་ཚིག་དོན་གོ་རུང་ཙམ་ཞིག་བྱ་ཐུབ་པར་སྲིད་ནའང་ནུས་པ་དང་བྱིན་རློབས་ཅི་ཡང་མེད་པའི་སྡུག་ཡུས་ཞུས་པ་ན། ཁྱོད་ཀྱི་བླ་མ་ཁོ་བོ་ཡིན་ཕྱིར་ངས་གྱིས་ཤིག་པའི་གནང་བ་བསྩལ་པ་ཁོ་ནས་ཆོག་ཅིང་། བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོས་བྱིན་གྱིས་བརླབས་པའི་བརྒྱུད་པ་ཡིན་ཕྱིར། རང་རེའི་བྱིན་རློབས་ཙམ་ལ་ལྟོས་དགོས་ཅི་ཡང་མེད་པའི་རྡོ་རྗེའི་གསུང་གིས་དབུགས་དབྱུང་བསྩལ་བས་ཞུམ་པ་དང་བྲལ་བ་ཡིན་ནོ། །ནམ་ཞིག་བརྩམས་པའི་དུས་ནི། སྤྱི་ལོ་ཉིས་སྟོང་བཅུ་གསུམ་ཟླ་བ་བརྒྱད་པའི་ཚེས་བཅུ་བཞི་ཉིན་ཕ་ཡུལ་སྐྱོ་བྲག་དགོན་པར་འབའ་རོམ་བཀའ་བརྒྱུད་སྨོན་ལམ་ཆེན་མོ་འཚོགས་པ་དང་མཉམ་དུ་ཁེལ་བས་མགུར་གྱི་ས་བཅད་དང་འགྲེལ་བ་མགོ་འཛུགས་ཙམ་ཞུས་ཏེ་སྤྱི་ཚེས་བཅུ་དྲུག་ཉིན་མོར་ས་བཅད་ཆ་ཚང་གྲུབ་པར་བྱས་ཤིང། སྤྱི་ཚེས་ཉེར་གཅིག་གི་སྔ་དྲོར་ཡུལ་ཐེ་ཝན་གྱི་དབུས་ཕྱོགས་ཉི་ཟླ་མཚོའམ་རྀ་ཡའུ་ཐན་དུ་བསྐྱོད་དེ་ཕྱི་དྲོ་ནས་འགྲེལ་བ་འབྲི་བ་ལ་ཤུགས་ཕྱུངས་པས་སྤྱི་ཚེས་ཉེར་བཞིའི་སྔ་དྲོ་ཡན་དུ་ཕྱག་ཆེན་སྒོམ་པའི་ཡོན་ཏན་བར་གྱི་འགྲེལ་བ་རྣམས་གྲུབ་པའི་ལ་ཉེས་བརྩམས་བྱང་ཡང་བཀོད་དོ། །ཕྱི་དྲོ་ཐེ་ཀྲུང་ཆོས་ཚོགས་སུ་ཚུར་ལོག་སྟེ་སྤྱི་ཚེས་ཉེར་ལྔ་ཉེར་དྲུག་གཉིས་ལ་རྣལ་འབྱོར་བཞི་ཡི་རིམ་པའི་འགྲེལ་བ་བྲི་བ་ལ་ཧུར་ཐག་གིས་འབད་ཅིང་། སྤྱི་ཚེས་ཉེར་བརྒྱད་ནས་སུམ་ཅུའི་བར་གྱི་ཉིན་གསུམ་རིང་ལྷོད་དལ་ངང་ལེགས་བཅོས་དང་ལུང་སྦྱོར་བསྐྱར་སྣོན་གྱིས་གྲུབ་པར་བྱས་པ་སྟེ། བར་བར་གྱི་ཞག་མ་འགའ་ཤས་ལ་ནི་ལས་ཀ་གཞན་པའི་རྐྱེན་གྱིས་མགུར་འགྲེལ་འབྲི་བའི་ཁོམ་ལྕོགས་ནི་མ་བྱུང་ངོ་། །ཕྱིས་སྐྱབས་གཅིག་འཁོར་ལོའི་མགོན་པོ་མཚུར་ཕུ་དྲུང་པ་གོ་ཤྲི་རྒྱལ་ཚབ་རིན་པོ་ཆེ་མཆོག་གི་གདན་ས་འབྲས་ལྗོངས་ར་ལང་དཔལ་ཆེན་ཆོས་གླིང་དུ་བསླེབས་ཏེ་ཉིན་ཤས་རིང་ཏི་ཤྲི་རས་པའི་བཀའ་འབུམ་དིང་སང་བདག་ཅག་གི་སྤྱོད་ཡུལ་དུ་གྱུར་པ་པོད་གཅིག་རང་འདུག་པར་ཞིབ་བལྟ་བགྱིས་པས་ཚིག་དོན་གཉིས་ཀའི་ལེགས་བཅོས་མཐར་ཕྱིན་པ་ཡིན་ཅིང་། ད་ནས་བཟུང་མདོ་སྔགས་ཉམས་ལེན་དང་བཅས་པར་མཁས་པའི་སྐྱེས་བུ་དམ་པ་སེང་ཁྱུ་དབེན་གནས་སུ་ཡན་པ་འདྲ་བ་མང་དུ་བཞུགས་པ་དག་གིས་ཀྱང་དམན་པའི་ཕྱོགས་སྟོན་འདི་ལ་ཐུགས་གཞིག་གིས་འགྲོ་མགོན་ཏི་ཤྲི་རས་པའི་རྡོ་རྗེའི་མགུར་ལ་འབྲེལ་འཇོག་གི་ཡིག་ཆ་དབྱར་གྱི་དཔལ་ལྟར་འཕེལ་བས་ངེས་དོན་ཕྱག་རྒྱ་ཆེན་པོའི་ཕྲིན་ལས། ཁ་དབུ་མ་དང་། སྣ་དབུ་མ་ཟེར་བ་ལྟར་གྱི་ཡོངས་ཁྱབ་ཡོང་བའི་རེ་སྨོན་ཅི་བས་ཆེའོ། །ཕྲན་རང་ཐེ་ཀྲུང་འབའ་རོམ་བཀའ་བརྒྱུད་ཆོས་ཚོགས་དོན་གྲུབ་གླིང་དུ་ཟླ་བ་གཅིག་གི་ལྷག་ཙམ་སྡོད་རིང་ཚངས་གསར་བླ་མ་ཀརྨ་དཔལ་འབྱོར་གྱིས་ཉེར་མཁོའི་འཚོ་བའི་གནང་སྦྱིན་དང་ལུས་ངག་གིས་ཕྱག་རོགས་མཛད་པ་སོགས་ནི་བློ་ཡུལ་དུ་ཤོང་བར་དཀའ་ཞིང་། ཁོང་གི་མཐུན་སྦྱོར་གྱིས་ཏི་ཤྲི་རས་པའི་བསྟན་བཅོས་ཡོན་ཏན་རིན་པོ་ཆེ་ཀུན་ཏུ་འོད་ཀྱི་ཊཱིཀ་སྙིང་པོ་གསལ་བ་འདི་དུས་ཡུན་ཐུང་ངུའི་ནང་བཟང་གྲུབ་བྱུང་བ་ལགས་སོ། །སྨྲས་པ། མགུར་གྱི་འགྲེལ་བ་ཇི་ལྟར་བགྱིས་པའི་ཚུལ། །གཞན་པའི་སྒྲོ་སྐུར་དག་ལ་མི་ལྟོས་ཕྱིར། །དངོས་ཀྱི་ལོ་རྒྱུས་རང་གིས་མྱོང་བ་དག །ཡི་གེའི་ཕྲེང་བ་སྤེལ་ལ་སྤྲོ་བར་བྱས། །འདིར་འབད་ལས་བྱུང་དགེ་བའི་ཟླ་དཀར་གྱིས། །མཐའ་ཡས་འགྲོ་བའི་རྒུད་པ་ཐམས་ཅད་ཞི། །གནས་མཐར་ཕན་བདེའི་འབྲས་བུས་ཕྱུག་པ་ཡི། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །ཅེས་ཏི་རས་མགུར་འགྲེལ་ཇི་ལྟར་བརྩམས་པའི་ལོ་རྒྱུས་ཉུང་ངུ་འདི་ཉིད་རྒྱལ་ཁམས་པ་སྐྱོ་བྲག་དགའ་དབང་གིས་བཀའ་བརྒྱུད་ཀྱི་གདན་ས་ཆེན་པོ་དཔལ་ཆེན་ཆོས་གླིང་གི་རང་ཤག་ཏུ་མགྱོགས་པར་བགྱིས་པ་དགེ་ལེགས་འཕེལ། །