ཡང་དག་སྨོན་ལམ་བཞུགས་སོ། །

2014-04-25

~~ཡང་དག་སྨོན་ལམ་བཞུགས་སོ། །
ཕུང་ཁམས་སྐྱེ་མཆེད་དག་པའི་བདག་ཉིད་ཅན། །སངས་རྒྱས་བྱང་སེམས་ཁྲོ་བོའི་སྐུར་སྣང་བ། །རབ་འབྱམས་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་ཀྱིས། །ཡང་དག་སྨོན་ལམ་འགྲུབ་པའི་མཐུན་སྦྱོར་མཛོད། །མ་བཅོས་གཉུག་མའི་གནས་ལུགས་འོད་གསལ་ཆེ། །འཁོར་འདས་རིས་སུ་མ་ཆད་མཉམ་པར་གདལ། །བླ་མེད་ཡོན་ཏན་མ་ལུས་ལྷུན་རྫོགས་པ། །སེམས་ཉིད་ལྟ་བའི་རྒྱལ་ས་ཟིན་པར་ཤོག །འདི་སྒོམ་བཅོས་མའི་གཏད་སོ་ཐམས་ཅད་བྲལ། །མ་ཡེངས་རང་བབས་ངང་དུ་ལྷུགས་པར་འཇོག །རེ་དོགས་འཛིན་པ་མ་ལུས་དབྱིངས་སུ་དག །སེམས་དོན་སྒོམ་པའི་རྒྱལ་ས་ཟིན་པར་ཤོག །སྤང་བླང་མཚན་རྟོག་མཉམ་ཉིད་ཀློང་དུ་ཞི། །ཆོས་རྣམས་བབས་ཀྱི་དགེ་སྡིག་འགལ་མེད་སྤྱོད། །སྒོ་གསུམ་བྱ་བས་ལྟ་བའི་བོགས་འདོན་བྱེད། །ཀུན་བཟང་སྤྱོད་པའི་རྒྱལ་ས་ཟིན་པར་ཤོག །གང་འདུལ་ཐབས་མཁས་ཚུལ་ལ་རང་དབང་འབྱོར། །གྲོལ་བ་རྣམ་བཞིའི་ནུས་པ་མངོན་དུ་གྱུར། །བྱ་རྩོལ་བྲལ་བའི་ལྷུན་གྲུབ་རྒྱུན་ཆད་མེད། །མཁའ་ཁྱབ་གདལ་བའི་ཕྲིན་ལས་དཔལ་འབར་ཤོག །ཅེས་པ་མཆོག་སྤྲུལ་འཇིགས་མེད་བཀའ་བཞིན་རྒྱལ་ཁམས་པ་སྐྱོ་བྲག་དགའ་དབང་གིས་སྨོན་པའོ།།  །།