བསྟན་བཅོས་ཡོན་ཏན་རིན་པོ་ཆེ་ཀུན་ཏུ་འོད་ཀྱི་ཊཱིཀ་སྙིང་པོ་གསལ་བ་ཞེས་བྱ་བ་བཞུགས་སོ། ། 9

2014-04-25

~~ཡིད་ཀྱི་རྣམ་པར་ཤེས་པ་དེ། །ཡིད་ཤེས་བསམ་པའི་རང་གཟུགས་ཡིན། །སེམས་ཉིད་སྐྱེ་བ་མེད་པ་ཡིན། །ཞེས་པ་ལྟར་དོན་ཡེ་ཤེས་ལྔ་དང་སྐུ་གསུམ་གྱི་ཡོན་ཏན་གྱི་ཆོས་ཡིན་པས་ན་རང་ངོ་མ་ཤེས་པའི་ཉོན་མོངས་སངས་ནས་ཡེ་ཤེས་ལྔ་དང་སྐུ་གསུམ་པོ་མངོན་དུ་གྱུར་པ་དེ་དག་མ་གཏོགས་ལོགས་ཤིག་ནས་གྲུབ་པ་མེད་དོ། །སྤང་གཉེན་གྱི་ཁྱད་པར་ཡང་ཞེ་སྡང་དང་ང་རྒྱལ་དང་འདོད་ཆགས་དང་ཕྲག་དོག་དང༌གཏི་མུག་ལ་སོགས་པ་ཉོན་མོངས་པའི་སྒྲིབ་པ་ཀུན་གྱི་ཆོས་རྣམས་དེ་དག་སོ་སོ་རང་རང་གི་ངོ་བོ་མ་གྲུབ་པས་ན་རང་སྟོང༌ཡིན་པའི་ཉོན་མོངས་སྒྲིབ་པ་རྣམས་རང་སྟོང་ཡིན་པར་ཤེས་པ་དེ་དག་ཉིད་ཀྱིས་འདག་པ་དང་། ཉོན་མོངས་པའི་སྒྲིབ་པ་འཁོར་བ་ཐོག་མ་མེད་པ་ནས་བསགས་པ་ནི། ལས་དང་། བག་ཆགས་དང་། སྔར་བསགས་ཀུན་ནས་ལྡང་བའི་རྣམ་པར་སྨིན་པ་དང་། རྒྱུ་འབྲས་མ་ཤེས་པའི་མ་རིག་པ་དང་། རྒྱུ་འབྲས་ཕྱིན་ཅི་ལོག་ཏུ་འཛིན་པའི་ལྟ་ལོག་དང་། རྒྱུ་འབྲས་ལ་ཡིད་ཆེས་མེད་པའི་ཐེ་ཚོམ་ཡིད་གཉིས་ཟ་བ་ཀུན། ལམ་རྣམས་ཉམས་སུ་བླངས་པས་སྤང་གཉེན་སོ་སོའི་ཐད་སོར་འདག་པས། ཉོན་མོངས་པའི་བདུད་དང་ཉོན་མོངས་རྟོག་པའི་དྲྭ་རྒྱ་ཆོད་པ་སྟེ། ལམ་རིམ་གསལ་བ་ལས། ཁམས་རང་བཞིན་རྣམ་པར་དག་པ་ཞེས་ཀྱང་བྱ། བདེ་བར་གཤེགས་པའི་སྙིང་པོ་ཞེས་ཀྱང་བྱ། ཀུན་གཞི་ཞེས་ཀྱང་བྱ་སྟེ། དེ་མ་རྟོགས་པའི་དུས་ན་འཁོར་བའི་སྡུག་བསྔལ་གྱི་གཞིར་སྣང་ལ། རྟོགས་པའི་དུས་ན་དེ་ཉིད་མྱ་ངན་ལས་འདས་པར་སྣང་བའོ། །ཞེས་ཆོས་རྣམས་རང་སེམས་གཅིག་ཏུ་རྟོགས་པ་ཡིས། བསྒོམ་བྱ་ཕྱག་ཆེན་སྒོམ་བྱེད་སྒོམ་པ་སྒོམ་མཁན་ཁོ་བོ་བསྒོམ་རྒྱུ་སེམས་ཉིད་རྣམས་འཁོར་གསུམ་ཡོངས་སུ་དག་པ་སྤྲོས་བྲལ་གསུམ་པའི་ཤེས་རབ་ཀྱིས། ཤེས་བྱའི་སྒྲིབ་པ་ཆེན་པོ་འདག་པར་བྱེད་དོ། །
གསུམ་པ་རོ་གཅིག་ནི། སྒོམ་རོ་གཅིག་གི་རྟོགས་པ་སེམས་ཀྱི་མཚན་ཉིད་ཤེས་པ་སྐྱེས་པའི་གང་ཟག་ལ། ཡོན་ཏན་སྐྱེ་བ་དང་སྒྲིབ་པ་སྤོང་བའི་ཚུལ་རྣམས་ལམ་གྱི་སྐབས་སུ་ཞིབ་ཏུ་བསྟན་མོད། འདི་ན་ཡང༌བཤད་ན། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གཉིས་ཀའི་འབྲིང་པོ་འདག་པ་དང་། རོ་གཅིག་སྐྱེས་པ་དེ་ཡི་ཡོན་ཏན་གྱི་རིམ་པ་སྐྱེ་བའི་ཚུལ་ནི། གོང་དུ་ལམ་གྱི་སྐབས་སུ་ཞིབ་པར་བསྟན་ཏོ། །ཀུན་ཏུ་བརྟགས་པའི་མ་རིག་པ་མན་ཆད་ཀྱི་ཉོན་མོངས་པའི་སྒྲིབ་པ་ཕྲ་རགས་ཐམས་ཅད་དང༌། གཉིས་སྣང་གི་བག་ཆགས་ཡན་ཆད་ཐམས་ཅད་འདག་ཅིང་། ཤེས་བྱའི་སྒྲིབ་པ་ཆུང་ངུའི་རགས་པ་འདག་པ་ཡིན་ནོ། །
བཞི་པ་སྒོམ་མེད་ནི། སྒོམ་མེད་ཀྱི་རྟོགས་པ་སྐྱེས་པའི་རྟེན་གྱི་གང་ཟག་ལ། ཡོན་ཏན་སྐྱེ་ཚུལ་གོང་དུ་ལམ་གྱི་སྐབས་སུ་བསྟན་ཅིང། སྤང་བྱ་ཉོན་མོངས་པའི་སྒྲིབ་པ་ཆེན་པོ་དང་། ཤེས་བྱའི་སྒྲིབ་པ་ཆུང་ངུ་ནི། རང་སེམས་ཀྱི་གཤིས་ཀ་གཉིས་མེད་ཡེ་ཤེས་རྟོགས་པ་ཡིས། རང་ངོ་སྐྱོང་བའི་བསྒོམ་པ་མིན་པ་ལོགས་སུ་གྲུབ་པ་མེད་པས་ཐམས་ཅད་སྒོམ་དུ་ཤར་བའི་ཤེས་རབ་ཀྱིས། སེམས་ཉིད་རང་ངོ་མ་ཤེས་པའི་ལྷན་ཅིག་སྐྱེས་པའི་མ་རིག་པ་ཀུན་གཞི་རྣམ་ཤེས་དང༌། ཉོན་མོངས་རྩ་བའི་སྒྲིབ་པ་ཆེན་པོ་འདག་པ་སྟེ། དེ་ཡི་ཉོན་མོངས་སྒྲིབ་པ་འདག་ཚུལ་གསལ་བར་བཤད་ན་ནི། རང་སེམས་ཀྱི་གཤིས་ཀ་ཆོས་སྐུར་རིག་པས་ལྷན་ཅིག་སྐྱེས་པའི་མ་རིག་པ་འདག་པ་དང་། གཉིས་སྣང་གི་བག་ཆགས་ཀུན་གཞི་རྣམ་ཤེས་ཀྱི་རང་བཞིན་རྣམ་པར་དག་པ་ཡིས། ཉོན་མོངས་པའི་སྒྲིབ་པ་ཆགས་པའི་གཞི་རྩ་བྲལ་བ་དེ་ཡིས་ཉོན་མོངས་གཞི་རྩའི་སྒྲིབ་པ་ཐམས་ཅད་འདག་ཅིང་། ཤེས་བྱའི་སྒྲིབ་པ་ཕྲ་བའི་ཕྲ་བ་ནི་གཉིས་སུ་འཛིན་པའི་ཤེས་པ་དང་གཉིས་སུ་སྣང་བ་ཡུལ་གྱི་བག་ཆགས་བསགས་པ་མ་ཡིན་ཡང༌། ཡུལ་ཤེས་དེ་ཡིས་བཞག་པའི་སྒྲིབ་པ་ཆུང་ངུ་ཡོད་པ་ལ་བརྟེན་ནས་དམན་པ་རྣམས་ལ་ནི། སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་ཐ་དད་དུ་སྣང་བ་ཡིན་མོད། རྒྱལ་བ་རིགས་ལྔ་རོ་གཅིག་ཏུ་གྱུར་པ་རིགས་དྲུག་པ་རྡོ་རྗེ་འཆང༌ནི་ཡེ་ཤེས་ལྔ་དང་ཆོས་སྐུ་རོ་གཅིག་ཡིན་པས་ན། བླ་མ་འོ་སྐྱོ་པ་ལ་གདམས་པ་ལས། མཐར་ཐུག་སྐུ་ལྔའི་བྱེ་བྲག་འཆར་ཚུལ་ནི། །འོད་གསལ་སྤྲོས་དང་བྲལ་བ་ཆོས་ཀྱི་སྐུ། །ལྷན་ཅིག་བྱེད་པའི་རྐྱེན་དང་ཉེར་ལེན་རྒྱུས། །གཟུགས་སྐུ་གཉིས་སོགས་སོ་སོར་སྣང་བ་ཡིན། །སྐུ་གསུམ་གྱི་ནི་ཡོན་ཏན་ཚོགས་རྣམས་ཏེ། །བྲལ་དང་རྣམ་སྨིན་དྲུག་ཅུ་རྩ་བཞི་སྟེ། །དཔེ་བྱད་བརྒྱད་ཅུ་སོ་སོར་ཡལ་ག་སོགས། །ཡོན་ཏན་དཔག་ཏུ་མེད་པ་གསུངས་པའོ། །ངོ་བོ་ཉིད་སྐུ་ཡན་ལག་བདུན་ལྡན་ཏེ། །ངག་གི་དབང་ཕྱུག་གྲགས་པ་ཡིས། །ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་རང་བཞིན་མེད། །སྙིང་རྗེ་ངེས་གང་རྒྱུན་མི་འཆད་དང་འགོག་པ་མེད། །ཡན་ལག་བདུན་ལྡན་དུ་ནི་བཞེད་པ་ཡིན། །རྣམ་དག་སྐུ་ལ་མཚན་ཉིད་མེད་པས་ཡོན་ཏན་མེད། །ནམ་མཁའ་ལ་ནི་མཚན་ཉིད་མེད་ཅེས་གསུངས། །ཉི་ཟླ་འོད་ཀྱིས་ནམ་མཁའ་གསལ་བར་བྱེད། །གསལ་ཡང་ནམ་མཁའ་འགྱུར་བ་མེད། །ཐབས་ཤེས་རབ་གཉིས་ཀྱིས་ཀུན་གཞི་གསལ་བར་བྱེད། །གསལ་ཡང་ཀུན་གཞི་རིག་པ་འགྱུར་བ་མེད། །སྐུ་ལྔའི་བདག་ཉིད་མཐར་ཐུག་འབྲས་བུ་ཡིན། །ཞེས་པའི་སྐུ་ལྔ་དབྱེར་མེད་རོ་གཅིག་ཏུ་གྱུར་པ་ཡི་ཐམས་ཅད་མཁྱེན་པའི་ཡེ་ཤེས་མཐར་ཐུག་པ་ཐོབ་པར་ཉེ་བའི་དུས་སུ་གཉེན་པོ་སོ་སོར་རྟོག་པའི་ཤེས་རབ་ཀྱི་སྒྲིབ་པ་ཡང་རང་སྣང་གི་རིག་མའི་ཐབས་ལམ་ལ་བསྟེན་ནས། རང་གི་སློབ་དཔོན་དུས་གསུམ་བདེ་གཤེགས་བཅུད་འདུས་སུ་གྱུར་པའི་བདག་ཉིད་ཀྱིས། མཐར་ཐུག་འབྲས་བུ་ཐོབ་པའི་དུས་སུ་དབང་བསྐུར་བས། དབུ་མ་རིན་ཆེན་སྒྲོན་མ་ལས། སོ་སོར་རྟོག་པའི་ཤེས་རབ་དེ་ཉིད་ཀྱང་སྣང་བ་མེད་པ་ཡིན་ཏེ། དཔེར་ན་ཤིང་གཉིས་དྲག་ཏུ་དྲུད་པ་ལས་མེ་བྱུང་བས་ཤིང་ཚིག་པར་གྱུར་པ་ན་མེ་དེ་ཉིད་ཀྱང་རང་ཤི་བ་བཞིན་དུ་ཤེས་པ་རང་ཉིད་ཀྱང་མེད་པར་གྱུར་པའོ། །ཞེས་པ་ལྟར་ཤེས་རབ་སྒྲིབ་པ་ཡང་འདག་ཅིང་མི་སློབ་པའི་སར་ཕྱིན་ཏེ་ཆོས་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་ནོ། །རྣལ་འབྱོར་བཞི་པོ་དེ་དག་གི་སྒྲིབ་པ་འདག་ཚུལ་སོ་སོ་རྣམས་ནི་ཚོགས་སྦྱོར་མཐོང་སྒོམ་མི་སློབ་པའི་ལམ་གྱི་ཐད་སོར་སྦྱར་ནས་ཤེས་པར་བྱ་སྟེ། ལམ་རིམ་གསལ་བ་ལས། རྣལ་འབྱོར་བཞི་ནི། རྩེ་གཅིག་གི་རྣལ་འབྱོར། སྤྲོས་བྲལ་གྱི་རྣལ་འབྱོར། རོ་གཅིག་གི་རྣལ་འབྱོར། སྒོམ་མེད་ཀྱི་རྣལ་འབྱོར་རོ། །དེ་བཞི་ལམ་ལྔ་དང་དོན་བཞི་སྟེ། ཚོགས་ལམ་དང༌། སྦྱོར་ལམ་གཉིས་རྩེ་གཅིག་གི་རྣལ་འབྱོར་དང་དོན་གཅིག །མཐོང་ལམ་དང་སྤྲོས་བྲལ་རྣལ་འབྱོར་དོན་གཅིག །སྒོམ་ལམ་དང་རོ་གཅིག་གི་རྣལ་འབྱོར་དོན་གཅིག་སྟེ། མི་སློབ་པའི་ལམ་དང་སྒོམ་མེད་ཀྱི་རྣལ་འབྱོར་དོན་གཅིག་གོ །ཞེས་སོ། །
གསུམ་པ་ཐ་མར་དགེ་བ་མཇུག་གི་དོན་ལ། བཟོད་པར་གསོལ་བ། དགེ་བ་བསྔོ་བ། བརྩམས་བྱང་སྨོས་པའོ། དང་པོ་ནི། ཆོས་འདི་ཞུ་བ་པོ་ཤེས་རབ་དབང་ཕྱུག་དང་འགྲོ་བའི་དོན་དུ་ནི། མཆོག་གི་གྲུབ་པ་ཐོབ་པའི་བླ་མ་གོང་མ་རྣམས་ཀྱི་སྙན་ནས་སྙན་དུ་བརྒྱུད་པའི་གདམས་པ་ཟབ་མོ་མཐར་ཐུག་པ་ཡི་གེར་བྲིས་པ་ལ། བླ་མ་དང་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཐུགས་མི་མཉེས་པར་གྱུར་པའི་ཉེས་པ་ཕྲ་མོ་ཚུན་ཆད་ཐམས་ཅད་སྙིང་ནས་བཟོད་པར་ཞུ་ན་དག་ཅིང་ཚངས་པར་མཛད་དུ་གསོལ་ལོ། །
གཉིས་པ་ནི། ཟབ་ཆོས་ཡོན་ཏན་རིན་ཆེན་ཀུན་ཏུ་འོད་འདི་བརྩམས་པའི་དགེ་བ་སྐྱོན་གྱི་དྲི་མ་མེད་པ་དེས། ཞུ་བ་པོ་ཤེས་རབ་དབང་ཕྱུག་དང་ནམ་མཁའ་དང་མཉམ་པའི་འགྲོ་བ་སེམས་ཅན་རྣམས། མཆོག་གི་དངོས་གྲུབ་ལྷག་མཐོང་གིས་ཐོབ་པ་དང་ཐུན་མོང་གི་དངོས་གྲུབ་ཞི་གནས་ཀྱིས་ཐོབ་པ་རྣམས་རབ་ཏུ་བརྙེས་ནས། འགྲོ་བའི་དོན་དུ་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་ཤོག་ཅིག །
གསུམ་པ་ནི། བརྗོད་བྱའི་ཁྱད་པར་མདོ་སྔགས་ཀྱི་གདམས་པའི་སྙིང་པོ་ཕྱག་རྒྱ་ཆེན་པོ་སྐལ་བ་དང་ལྡན་པའི་གང་ཟག་དག་གིས་ཚུལ་བཞིན་བསྒོམ་པའི་ཡོན་ཏན་དང༌། ནང་ཉམས་རྟོགས་ཀྱི་མྱོང་བ་རྣལ་འབྱོར་བཞི་ཡི་ལམ་གྱི་རིམ་པ་གཉིས་ཀྱི་དོན། སྐུལ་བ་པོ་དད་ལྡན་དབོན་པོ་ཤེས་རབ་དབང་ཕྱུག་གིས། ཆེད་དུ་བྱ་བ་འགྲོ་བ་སེམས་ཅན་རྣམས་ཀྱི་དོན་དུ་དམིགས་པའི་ལྷག་བསམ་གྱིས་ཞུས་པས་ན། ཡུལ་ལ་མཚན་གསོལ་མདོ་ཁམས་ཀྱི་ཆུ་བོ་རྩི་ཀླུང་དལ་གྱིས་བཞུར་བའི་འགྲམ་ངོགས་ཀོ་མཛོ་ཞེས་བྱ་བ་འབའ་རོམ་དར་མ་དབང་ཕྱུག་གི་སྒྲུབ་གནས་ག་ལ་བ་རུ། བརྩམས་པའི་ཟབ་ཆོས་ཡོན་ཏན་རིན་ཆེན་ཀུན་ཏུ་འོད་ཅེས་བྱ་བ་འདི་ཉིད། རྩོམ་པ་པོ་ཏི་ཤྲི་རས་པ་བདག་གིས་ཆེད་དུ་བྱ་བ་འགྲོ་བའི་དོན་དུ་བཀོད་པ་འདིས་ཀྱང་གནས་མཐར་ཀུན་ཏུ་བཀྲ་ཤིས་བདེ་ལེགས་ཐམས་ཅད་ཡིད་བཞིན་དུ་འབྱུང་བར་ཤོག་ཅིག །།   །།
སྨྲས་པ། སེམས་ཉིད་ངོ་བོ་འོད་གསལ་གཉུག་མའི་གཤིས། །བྱིན་རློབས་མོས་གུས་ལམ་གྱིས་རྟོགས་པ་ལས། །སྨྲ་བསམ་ཤེས་བརྗོད་འཇུག་པའི་ཡུལ་མིན་ཕྱིར། །རྟོག་གེ་པ་ཡི་སྤྱོད་ཡུལ་ག་ལ་ཞིག །ལྷག་པར་སྐྱེས་སྦྱངས་ཤེས་རབ་ན་ཕྲ་ཞིང་། །དད་བརྩོན་ཐོས་བསམ་སྒོམ་པའི་ཡོན་ཏན་སོགས། །ཅི་ཡང་མེད་པའི་རྨོངས་པ་བདག་འདྲ་བ། །ཧམ་པས་འཇུག་པའི་འོས་སུ་རིགས་སམ་ཅི། །དེ་ལྟ་ནའང་མཆེད་པོའི་ཤེས་རབ་དང་། ལྷག་བསམ་འགྲོགས་པའི་བཀའ་ལུང་ཆེས་ལྕི་བ། །ཡང་ཡང་བསྩལ་བ་སྐྱུར་དུ་མ་བཟོད་པར། །ལོང་བའི་ལག་སྙོབ་ལྟ་བུའི་འབད་པས་ཞུགས། །རང་གི་བློ་ཡི་མེ་ལོང་ལ། །དོན་གྱི་གཟུགས་བརྙན་ཤར་བ་ནི། །ས་བཅད་ཉིད་ལས་ཤེས་པ་དང་། །ཁུངས་ལུང་འགྲེལ་བས་གསལ་བར་འགྱུར། །གལ་ཏེ་འདི་ལ་ལེགས་པའི་ཆ་མཆིས་ན། །གདུལ་བྱ་རྗེས་སུ་འཛིན་པའི་གཡར་དམ་ཅན། །མཁྱེན་བརྩེའི་དབང་ཕྱུག་བཀའ་བརྒྱུད་བླ་མ་ཡི། །བྱིན་རློབས་རྩལ་ལས་བྱུང་བ་རིག་པར་བྱ། །རང་གི་ཉེས་པས་བྱུང་བའི་ནོར་འཁྲུལ་དག །རྩ་གསུམ་སྤྱན་སྔར་སྙིང་ནས་མཐོལ་བཤགས་ན། །དག་ཚངས་མཆོག་གི་དངོས་གྲུབ་བསྩལ་ནས་ཀྱང་། །རང་གཞན་སྒྲིབ་པའི་སྐྱོན་དུ་མ་གྱུར་ཅིག །ལྷག་བསམ་འབད་པས་ཞུགས་པའི་དགེ་བ་ནི། །མཐའ་མེད་མ་རྒན་རྣམས་ཀྱི་སེམས་ཉིད་དོན། །མངོན་དུ་གྱུར་ཏེ་སྒོམ་མེད་རྒྱལ་ས་ཆེ། །བདེ་བླག་འཐོབ་པའི་ཆེད་དུ་བསྔོ་བར་བྱ། །བདག་ཀྱང་སྐྱེ་དང་ཚེ་རབས་ཐམས་ཅད་དུ། །དམ་པའི་ཆོས་དང་བྲལ་བར་མ་གྱུར་ཅིང་། །རྒྱལ་བསྟན་འཛིན་སྐྱོང་སྤེལ་བར་བྱེད་པ་ལ། །ལུས་སྲོག་ལོངས་སྤྱོད་སོགས་ལ་བལྟོས་མེད་ཤོག །སྙིང་པོའི་གདམས་པ་བསྟན་པའི་ཟབ་ཆོས་འདིའི། །ཕྲིན་ལས་ཕྱོགས་ཀྱི་ཐ་གྲུ་ཀུན་ལ་ཁྱབ། །མཐོང་ཐོས་དྲན་རེག་བྱུང་བའི་གང་ཟག་གི། །བསམ་དོན་ཡིད་བཞིན་འགྲུབ་པའི་ནོར་བུར་ཤོག །བདག་གཞན་རིས་སུ་མེད་པའི་འགྲོ་བ་དག །གནས་མཐར་ཀུན་ཏུ་དགེ་བའི་འོད་སྣང་དང་། །འགྲོགས་པས་བདེ་ལེགས་ཕུན་སུམ་ཚོགས་པ་ཡི། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །ཅེས་བསྟན་བཅོས་ཡོན་ཏན་རིན་པོ་ཆེ་ཀུན་ཏུ་འོད་ཀྱི་ཊཱིཀ་སྙིང་པོ་གསལ་བ་འདི་ནི་སྐྱེ་དང་ཚེ་རབས་མང་པོའི་ཆོས་མཆེད་དུ་གྱུར་པ་མཆོག་སྤྲུལ་ཨ་བསྟན་ཕུན་ཚོགས་ཀྱིས་འཕགས་ཡུལ་གྱི་རྒྱལ་ས་དིལླི་གསར་པ་ནས་རིན་ཆེན་གཉིས་པའི་སྐྱེས་བཅས། སྒོམ་རིམ་ཕྱག་ཆེན་དང་ལམ་རིམ་རྣལ་འབྱོར་བཞི་བཤད་པ་འབའ་རོམ་བཀའ་བརྒྱུད་པའི་ཟབ་ཆོས་བླ་ན་མེད་པ་ཏི་ཤྲི་རས་པའི་མགུར་ལ་གོ་བདེ་བའི་འགྲེལ་བ་ཞིག་དགོས་པའི་བཀའ་ནན་མཛད་པའི་ཁར། ཚེ་འདིར་མཆོག་གི་དངོས་གྲུབ་ཉམས་འོག་ཏུ་ཚུད་པ་གྲུབ་པའི་དབང་ཕྱུག་སྐྱོ་བྲག་གསལ་བྱེད་རིན་པོ་ཆེས་ཀྱང་གྱིས་ཤིག་པའི་གནང་བ་བསྩལ་པ་སྙིང་དབུས་སུ་བཅངས་ནའང་སྣ་མང་ལས་ཀྱི་གཡེང་བས་རིམ་ལུས་སུ་གྱུར་པ་ལ། འབའ་རོམ་བཀའ་བརྒྱུད་པའི་བསྟན་པར་གཅིག་ཏུ་ཞེན་པ་དཀར་བའི་ཚངས་གསར་བླ་མ་ཀརྨ་དཔལ་འབྱོར་གྱིས་ཉེར་མཁོའི་འཚོ་བ་སྦྱོར་བའི་ཞལ་བཞེས་ཀྱིས་ནན་བསྐུལ་མཛད་པའི་ལ་ཉེ་ལ་བརྟེན་ནས་རྒྱལ་ཁམས་པ་སྐྱོ་བྲག་དགའ་དབང་། ཞི་བདེ་རྒྱ་མཚོའི་མཚོ་འཇིངས་ཀྱི་གླིང་ཕྲན། ཡུལ་ཐེ་ཝན་གྱི་དབུས་ཕྱོགས་རི་ཆུའི་བཀོད་པ་ཤིན་ཏུ་མཛེས་པའི་ནགས་ཀློང་ཉི་ཟླ་མཚོའམ་རྀ་ཡའུ་ཐན་དུ་གྲགས་པ་ཆེས་ཉམས་དགའ་བར་ལྗོངས་རྒྱུར་བསྐྱོད་པ་ན་འགྲོ་མགོན་ཏི་ཤྲི་རས་པའི་གསུང་ཅི་ཞིག་མཐོང་བ་དང་ཤེས་པ་དག་ཁུངས་སུ་བྱས་ཏེ་སུག་ལས་བགྱིས་པ་དགེ་ལེགས་འཕེལ།།  །།