བསྟན་བཅོས་ཡོན་ཏན་རིན་པོ་ཆེ་ཀུན་ཏུ་འོད་ཀྱི་ཊཱིཀ་སྙིང་པོ་གསལ་བ་ཞེས་བྱ་བ་བཞུགས་སོ། ། 8

2014-04-25

~~གཉིས་པ་ནི། བླ་མ་ལ་མོས་གུས་བྱས་ཤིང་གསོལ་བ་ཕུར་ཚུགས་སུ་བཏབ་སྟེ་བསོད་ནམས་ཀྱི་ཚོགས་བསགས་པ་ལ་འབད་པ་ནས། དེ་ནས་སེམས་ཀྱི་ངོ་བོ་མཐོང་བའི་སྤྲོས་བྲལ་གྱི་རྟོགས་པ་སྐྱེ་བ་ནི། ཞུས་ལན་ཡེ་ཤེས་འོད་ལས། སྤྲོས་བྲལ་དུས་སུ་ངོ་བོ་མཐོང༌། །སྤྲོས་པའི་ཆོས་རྣམས་སྣ་ཚོགས་ཀུན། །རང་སེམས་ཡིན་པར་རྟོགས་པ་དང༌། །སེམས་ཉིད་སྟོང་པར་བསྒོམ་པ་དེ། །སྤྲོས་བྲལ་དང་པོའི་རྟོགས་པ་ཡིན། །སྤྲོས་པ་སྤྲོས་པས་སྟོང་བས་མེད། །སྤྲོས་བྲལ་གཉིས་པ་རྟོགས་པ་ཡིན། །བདེ་བ་གསལ་བ་མི་རྟོག་པ། །སྐུ་གསུམ་སེམས་ཀྱི་ངོ་བོ་ཡིན། །དྲན་པ་སྐད་ཅིག་སྤྲུལ་པའི་སྐུ། །དེ་ཉིད་སྟོང་པ་ཆོས་ཀྱི་སྐུ། །དབྱེར་མེད་ལོངས་སྤྱོད་རྫོགས་པའི་སྐུ། །ཉམས་ཀྱི་བདེ་གསལ་མ་ཡིན་པས། །རྟོགས་པའི་བདེ་གསལ་མི་རྟོག་པ། །སྐུ་གསུམ་སེམས་ཀྱི་ངོ་བོ་ཉིད། །ཅེས་པས་སྣང་སྲིད་འཁོར་འདས་ཀྱི་ཆོས་རྣམས་ཐམས་ཅད་རང་གི་སེམས་སུ་རྟོགས་ཤིང། རང་སེམས་ཀྱི་ངོ་བོ་གདོད་ནས་དག་པས་གསལ་ཞིང་སྟོང་པ་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་འཆར་བ་ཀླུ་སྒྲུབ་དབུ་མའི་བསྒོམ་རིམ་ལས། གང་གིས་འཁོར་བ་རྣམ་བསལ་ནས། །འགྲོ་བ་རང་གི་སེམས་སུ་རྟོག །སེམས་ཙམ་ལ་ནི་བརྟེན་ནས་སུ། །ཕྱི་རོལ་དོན་ནི་མི་རྟོག་གོ། །དེ་བཞིན་ཉིད་དམིགས་གནས་ནས་ནི། །སེམས་ཙམ་ལས་ནི་འདའ་བར་བྱ། །སེམས་ཙམ་ལས་ནི་འདས་ནས་སུ། །སྣང་བ་མེད་ལས་འདའ་བར་བྱ། །སྣང་མེད་གནས་པའི་རྣལ་འབྱོར་པ། །དེ་ཡིས་ཐེག་པ་ཆེན་པོ་མཐོང༌། །དེ་ལྟར་ཤེས་རབ་དག་པ་ཡིས། །རང་གི་ངོ་བོ་དོན་དམ་འདི། །ཤིན་ཏུ་ཡང་ནི་གྲུབ་པ་ན། །བརྟག་པའི་གཞན་དངོས་འབྱུང་མ་ཡིན། །ཞེས་པ་སྤྲོས་བྲལ་ཆུང་ངུ་སྟེ། ཡང་དགོན་པའི་སྙིང་པོའི་གཏེར་མཛོད་ལས། གང་མཐོང་ན་རང་མཐོང༌། གང་གིས་མཐོང་ན་རང་གིས་མཐོང༌། ཇི་ལྟར་མཐོང་ན་ཡུལ་དང་ཡུལ་ཅན་གཉིས་སུ་མེད་པ་མཐོང་ངོ༌། །དེ་ཡང་འདས་པའི་ཤེས་པ་རྒྱུན་ཆད། མ་འོངས་པའི་ཤེས་པ་མ་སྐྱེས་པའི་བར་ན། ད་ལྟར་གྱི་ཤེས་པ་རྣམ་རྟོག་སྐད་ཅིག་མ། རྣམ་པར་མི་རྟོག་པའི་ངོ་བོ། ཁོ་རང་གིས་ཁོ་རང་ཡུལ་མེད་དུ་རང་ངོ་ཤེས་པའོ། །འདིའི་དུས་སུ་འཁོར་འདས་ཀྱི་ས་མཚམས་ཕྱེད། སྔར་གྱི་གོ་བ་དང་ཆོས་སྐད། ཉམས་མྱོང་གི་བཟང་འཛིན་ཐམས་ཅད་ཕྱི་ཤུན་ལྟར་འགྲོ། སེམས་ཁོ་རང་ཕྱི་རུ་བལྟས་སྤྲོས་པ་དང་བྲལ། ནང་དུ་བལྟས་སྤྲོས་པ་དང་བྲལ། སྤྲོས་བྲལ་གྱི་ངོ་བོ་མཐོང་བས་ངོས་བཟུང་མ་གྲུབ། ཐ་སྙད་ཀྱི་གཏད་སོ་མ་རྙེད། བློའི་ཡུལ་དུ་བྱར་མ་བཏུབ་པར་ཡུལ་མེད་དུ་རང་ངོ་ཤེས་ཤིང་རྟོག་མེད་དུ་སྒྲོ་འདོགས་ཆོད་པ་དེ་སྤྲོས་བྲལ་ཀྱི་ངོ་བོ་མཐོང་བ་ཡིན་ནོ། །ཞེས་གསུངས། སྤྲོས་བྲལ་དུ་རྟོགས་པ་དེ་ཉིད་ལ་ནི་ཡང་ཡང་གོམས་ཤིང་སྦྱངས་པ་ལས། འཁྲུལ་གྲོལ་གྱི་ཆ་འཁོར་འདས་གཉིས་ཀྱི་སྤྲོས་པ་སྣ་ཚོགས་ཀུན། སྤྲོས་པ་བཀག་པའི་ནག་ཐོམ་གྱི་སྤྲོས་མེད་མ་བསྒོམ་པར། འཕགས་པ་འོད་སྲུང་གི་ལེའུ་ལས། འོད་སྲུང་གཞན་ཡང་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ནི། གང་སྟོང་པ་ཉིད་ཀྱིས་ཆོས་རྣམས་སྟོང་པར་མི་བྱེད་དེ་ཆོས་རྣམས་ཉིད་སྟོང་པ་དང་། གང་མཚན་མ་མེད་པས་ཆོས་རྣམས་མཚན་མ་མེད་པར་མི་བྱེད་དེ་ཆོས་རྣམས་ཉིད་མཚན་མ་མེད་པ་དང་། གང་སྨོན་པ་མེད་པས་ཆོས་རྣམས་སྨོན་པ་མེད་པར་མི་བྱེད་དེ་ཆོས་རྣམས་ཉིད་སྨོན་པ་མེད་པ་དང་། གང་མངོན་པར་འདུ་བྱེད་པ་མེད་པས་ཆོས་རྣམས་མངོན་པར་འདུ་བྱེད་པ་མེད་པར་མི་བྱེད་དེ་ཆོས་རྣམས་ཉིད་མངོན་པར་འདུ་མི་བྱེད་པ་དང་། གང་མ་སྐྱེས་པས་ཆོས་རྣམས་མ་སྐྱེས་པར་མི་བྱེད་དེ་ཆོས་རྣམས་ཉིད་མ་སྐྱེས་པ་དང་། གང་མ་བྱུང་བས་ཆོས་རྣམས་མ་བྱུང་བར་མི་བྱེད་དེ་ཆོས་རྣམས་ཉིད་མ་བྱུང་བ་དང་། གང་ངོ་བོ་ཉིད་མེད་པས་ཆོས་རྣམས་ངོ་བོ་ཉིད་མེད་པར་མི་བྱེད་དེ་ཆོས་རྣམས་ཉིད་ངོ་བོ་ཉིད་མེད་པར་གང་དག་དེ་ལྟར་སོ་སོར་རྟོག་པ་དེ་ནི་འོད་སྲུང་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ཞེས་བྱའོ། །ཞེས་སྤྲོས་པ་སྤྲོས་པའི་ངོ་བོས་སྟོང་པའི་སྤྲོས་མེད་བསྒོམ་པ་ནི་སྤྲོས་བྲལ་འབྲིང་པོ་ཡིན། རང་གིས་ཉམས་སུ་བླངས་ཤིང་བླ་མའི་བྱིན་རློབས་ཀྱི་རྟེན་འབྲེལ་གྱིས། འོད་གསལ་བདེ་ཆེན་སེམས་ཀྱི་ངོ་བོ་རྟོགས་པ་སྤྲོས་བྲལ་ཆེན་པོ་སྟེ། ཉམས་ཀྱི་བདེ་གསལ་མི་རྟོག་ནི་འདོད་པ་དང་གཟུགས་གཟུགས་མེད་དེ་སྲིད་གསུམ་ངོ་བོ་ཡིན་ལ། ཉམས་ཀྱི་ངོ་བོ་རྟོགས་པའི་བདེ་གསལ་མི་རྟོག་ནི་སྐུ་གསུམ་གྱི་ངོ་བོ་ཡིན། སྤྲོས་པ་བྲལ་བའི་ལྟ་བ་དང་བདེ་བ་ཆེན་པོའི་ཉམས་མྱོང་ཟུང་དུ་འཇུག་པའི་ངོ་བོ་རྗེན་གཅེར་དུ་མཐོང་བ་ནི་ཡང་དག་པའི་ལམ་ཡིན་ནོ། །
གསུམ་པ་ནི། ཞུས་ལན་ཡེ་ཤེས་འོད་ལས། རོ་གཅིག་སེམས་ཀྱི་མཚན་ཉིད་ཡིན། །སེམས་ཀྱི་མཚན་ཉིད་སྣ་ཚོགས་པ། །དགག་སྒྲུབ་མེད་པར་རྟོགས་པ་དེ། །རོ་གཅིག་རྣལ་འབྱོར་དང་པོ་ཡིན། །འཁོར་འདས་གཉིས་ཀྱི་ཆོས་རྣམས་ལ། །འདི་ལ་འདི་འབྱུང་ཤེས་ན་ཡང༌། །བསྒོམས་པས་སེམས་སྦྱོང་མ་བྱས་པས། །རྟེན་འབྲེལ་མངོན་དུ་འགྱུར་བ་དཀའ། །སེམས་ཀྱི་མཚན་ཉིད་མ་འདྲེས་པ། །བྱེ་བྲག་ཤ་མོང་སུལ་བཞིན་དུ། །སོ་སོའི་རྒྱུ་འབྲས་ཅི་བཞིན་སྣང༌། །ལམ་མཐིལ་སྐྱུ་རུ་ར་བཞིན་དུ། །རྟེན་འབྲེལ་མངོན་དུ་གྱུར་པ་ཡིན། །ཞེས་པས་སྤྲོས་བྲལ་གྱི་རྗེས་དེ་ནས་རོ་གཅིག་གི་རྟོགས་པ་སྐྱེ་བ་ནི། འཁྲུལ་གྲོལ་གྱི་ཤེས་པ་ལ་སྣང་ཞིང་སྲིད་པའི་འཁོར་འདས་ཀྱི་ཆོས་རྣམས་མ་ལུས་པ་ཐམས་ཅད་ཀྱི་མཚན་ཉིད་མ་འདྲེས་སོ་སོར་གསལ་བ་རྣམས་དོན་ཐ་དད་དུ་གྲུབ་པའི་གཉིས་ཆོས་མེད་པར་ཆོས་དབྱིངས་སྤྲོས་བྲལ་འོད་གསལ་གྱི་སྐུར་རོ་གཅིག་པས་འཁོར་འདས་ཀྱི་རྒྱུ་འབྲས་རྟེན་ཅིང་འབྲེལ་བར་འབྱུང་བ་ཐམས་ཅད་རྟོགས་པ་གཅིག་གི་ངང་དུ་ཡོངས་སུ་རྫོགས་པ་ཡིན། དེ་ནི་ཇི་ལྟར་ཡོངས་སུ་རྫོགས་ཞེ་ན། མིག་ལ་སོགས་པ་སྒོ་ལྔའི་རྣམ་ཤེས་གཟུགས་མཐོང་བ་སོགས་ཀྱི་བྱེད་ལས་ཐ་དད་ཀྱང༌རྟོག་བྲལ་མ་འཁྲུལ་བའི་རིག་པ་འོད་གསལ་ཆོས་སྐུའི་ངོ་བོར་རོ་གཅིག་པ་རྟོགས་པར་གྱུར་པ་ན། གནས་ཚུལ་འཁོར་བའི་རྒྱུ་ལས་ཉོན་དང་འབྲས་བུ་སྡུག་བསྔལ་གྱི་རྟེན་ཅིང་འབྲེལ་བར་འབྱུང་བ་ལ། རྒྱུ་རྐྱེན་གང་ལས་འབྲས་བུ་ཇི་ལྟར་འབྱུང་བའི་ཚུལ་རྣམས། ཚུར་རོལ་འཁོར་བ་དང་ཕ་རོལ་མྱ་འདས་མཐོང་བའི་རྟོགས་པ་ཡིས་འཁྲུལ་སྣང་འཁོར་བ་སྤངས་ཤིང་འཐོབ་བྱ་མྱང་འདས་བསྒྲུབས་པ་ཡིས་རྒྱུ་འབྲས་རྟེན་འབྲེལ་མངོན་དུ་འགྲིགས་པར་ནུས་པ་ཡིན། ཡུལ་ཤེས་སྣ་ཚོགས་གཉིས་མེད་དུ་རྟོགས་པ་དུ་མ་རོ་གཅིག་དེ། དྲན་པས་མ་ཟིན་པའི་རྗེས་ཐོབ་ཏུ་ཡུལ་དང་ཡུལ་ཅན་ཀུན་གཉིས་སྣང་བག་ཆགས་ཡིན་པར་འཆར་ན་ཡང༌། དུ་མ་རོ་གཅིག་གི་ལམ་དེ་ཡོངས་སུ་གོམས་པར་བྱས་པ་ལ་སྤང་བླང་གི་དགག་སྒྲུབ་རེ་དོགས་དང་གཉིས་སུ་འཛིན་པའི་བག་ཆགས་རྣམས་ཀྱི་མཚན་ཉིད་མ་འདྲེས་པ་ཡོངས་སུ་རྫོགས་པར་གསལ་བ་དུ་མ་རོ་གཅིག་ཏུ་རྟོགས་པ་དང་། སངས་རྒྱས་ཆོས་ལུགས་ཀྱི་ཡོན་ཏན་བྱེ་བྲག་རྣམས་རྟོགས་ལྡན་རྣལ་འབྱོར་པའི་སེམས་ལ་ཡོན་ཏན་དུ་འཆར་བ་ནི། ཉིན་ཞག་ཕྲུག་གཅིག་གི་དགེ་སྦྱོར་ལས། མཆོད་པ་ཐམས་ཅད་རི་རབ་བས་དཔང་མཐོ་བ། རྒྱ་མཚོ་བས་གཏིང་ཟབ་པ། ལྷོ་སྤྲིན་བས་རྔམ་འཐུགས་པ། ནམ་མཁའ་བས་རྒྱ་ཆེ་བ། ཡུན་འཁོར་བའི་རྒྱ་མཚོ་མ་སྟོང་བའི་བར་དུ་སེམས་ཅན་ཐམས་ཅད་ལ་འཁོར་བ་དང་མྱ་ངན་ལས་འདས་པའི་ཐར་པ་དང་ཐམས་ཅད་མཁྱེན་པའི་བདེ་བ་ཕུན་སུམ་ཚོགས་པ་ཐམས་ཅད་འབྱུང་བར་བསམ་ལ། ཆུ་གཙང་མེ་ཏོག་བདུག་སྤོས་སྣང་གསལ་དྲི་མཆོག་ཞལ་ཟས་སིལ་སྙན་རིན་པོ་ཆེ་ལ་སོགས་པ་འཇིགས་རྟེན་གྱི་ཁམས་ཀྱི་མཆོད་པ་ཐམས་ཅད་འབུལ་ལོ། །ཞེས་པ་ལྟར་འབུལ་བ་ན། ཡོན་ཆབ་ལ་སོགས་པའི་མཆོད་པ་རྣམ་བདུན་གྱི་བྱེད་ལས་སེམས་བསྐྱེད་ཆེན་མོ་ལས། ཉོན་མོངས་པ་ཐམས་ཅད་དག་ཅིང་ཆོས་སྐུ་ཐོབ་པའི་ཡོན་ཆབ་ཕུལ་མཛོད། ཁ་དོག་ངན་པ་སྤོང་ཞིང་མཚན་དཔེ་ཐོབ་པའི་མེ་ཏོག་ཐམས་ཅད་དང༌། ཚུལ་ཁྲིམས་འཆལ་བ་སྤོང་ཞིང་ཟག་མེད་ཚུལ་ཁྲིམས་ཐོབ་པའི་བདུག་སྤོས་ཐམས་ཅད་དང༌། མ་རིག་མུན་པ་ཐམས་ཅད་དག་ཅིང་ཟག་མེད་ཤེས་རབ་སྣང་བ་ཐོབ་པའི་སྣང་གསལ་དང༌། གཟུང་འཛིན་རྟོག་པ་ཐམས་ཅད་དག་ཅིང་ཟག་མེད་ཏིང་འཛིན་ཐོབ་པའི་དྲི་མཆོག་དང༌། ལོག་འཚོ་སྤོང་ཞིང་ཆོས་ཀྱི་མངར་བའི་ཟས་མཆོག་ཐོབ་པའི་ཞལ་ཟས་དང༌། ངན་འགྲོ་ལོག་པའི་དགྲ་རྣམས་སྤོང་ཞིང་གསུང་དབྱངས་དྲུག་ཅུ་ཐོབ་པའི་སིལ་སྙན་དང༌། རང་གཞན་ཐམས་ཅད་ཀྱི་དབུལ་བ་སེལ་བའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་རིན་པོ་ཆེའི་ཆར་དབབས་པ་ཡང་ཕུལ་མཛོད། ཅེས་པ་སོ་སོ་རྣམས་འབུལ་མཁན་རྣལ་འབྱོར་པའི་སེམས་ལ་སྣང་ཚུལ་མ་འདྲེས་གསལ་བ་སྟོང་པའི་ངང་དུ་དུ་མ་རོ་གཅིག་ཏུ་ཡོངས་སུ་རྫོགས་པ་དང་། ཡོན་ཆབ་ཕུལ་བས་སྤང་བྱ་འདོད་ཆགས་ལ་སོགས་འདག་པ་དང་། ཐོབ་བྱ་ཆོས་སྐུ་འཐོབ་པ་དང་། མཆོད་པ་འོག་མ་རྣམས་དེ་ཡིས་རིགས་འགྲེས་ཤེས་པར་བྱ། གཞན་ཡང་ལུས་ངག་ཡིད་ཀྱི་དགེ་བའི་འབྲས་བུ་སོ་སོ་བ་རྣམས་དང་། གཟུགས་སོགས་ཆོས་རྣམས་རང་སེམས་མཉམ་ཉིད་ཟུང་འཇུག་ངང་དུ་རྫོགས་པ་ནི། དཔེར་ན་སྤོས་ཀྱི་རྒྱ་དང་རྒྱ་ལེན་བཞིན་ཏེ། སྣོད་རྒྱ་ལ་རི་མོ་སྣ་ཚོགས་ཡོད་པ་ལ་སྤོས་ཕྱེ་བདལ་དང་རྒྱ་ལེན་བཏབ་པ་ལས། སྣོད་རྒྱ་ལ་རི་མོ་ཇི་ལྟར་ཡོད་པ་རྣམས་སྤོས་ལ་རི་མོ་དེ་ལྟར་བྱུང་ན་ཡང༌། རི་མོ་མ་འདྲེས་སོ་སོར་བཀྲ་བ་རྣམས་སྤོས་ཕྱེ་མིན་པ་གཞན་ཞིག་བྱུང་བ་མིན། དཔེ་དེ་བཞིན་དུ་རིགས་དྲུག་འཁོར་བའི་སེམས་ཅན་རྣམས་ཡུལ་ཕྱོགས་མཐོ་དམན་ཅི་ཞིག་ཏུ་གནས་པར་སེམས་ཀྱིས་བཟང་ངན་གྱི་བྱེད་ལས་ཅི་ཞིག་བྱས་པའི་འབྲས་བུ་སོ་སོར་འབྱུང༌ལ། བྱུང་ཡང་རང་སེམས་ཀྱི་སྣང་བ་མིན་པ་བྱུང་བ་མེད། རྒྱུ་རིགས་ཁམས་དང་། ལམ་ཚོགས་གཉིས་དང་། འབྲས་བུ་བྱང་ཆུབ་སེམས་དཔའ་དང༌སངས་རྒྱས་གྱི་ཡོན་ཏན་རྣམས་གཤིས་སུ་ཇི་ལྟར་གནས་པ་ལ་དགེ་བའི་སེམས་ཀྱིས་བྱེད་ལས་གང་བྱས་པས་ཡུལ་གཤིས་ལ་ཇི་ལྟར་ཡོད་པའི་ཡོན་ཏན་རྣམས་འབྱུང༌ལ། བྱུང་ཡང་རང་སེམས་མིན་པ་གཞན་ཞིག་ལོགས་ནས་བྱུང་བ་མིན་ནོ། །དེ་ལྟར་འཁོར་འདས་གཉིས་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བ་རྣམས་ཐམས་ཅད་མཁྱེན་པའི་ཡེ་ཤེས་གཅིག་གི་ངང་དུ་རྫོགས་པ་ཡིན་ནོ། །ཡང་དགོན་པའི་སྙིང་པོའི་གཏེར་མཛོད་ལས། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་སྤྲོས་བྲལ་མ་བྲལ་མེད། སྟོང་མི་སྟོང་མེད། བསལ་བཞག་དང་དགག་སྒྲུབ་མེད་པར་རང་སར་གྲོལ་བ་རང་ངོ་ཤེས་པས། སྣང་བ་དུ་མར་སྣང་ཡང༌། རྟོགས་པ་གཅིག་གི་ངོ་བོར་དུ་མ་རོ་གཅིག་གི་རྣལ་འབྱོར་ཏེ། དེ་ལ་རོ་གཅིག་ཆུང་ངུ་འཁོར་འདས་གཅིག་ཏུ་འདྲེ་བ་ནི། སྣང་བ་སྟོང་པ། དོན་དམ་ཀུན་རྫོབ། སྐྱེད་རིམ་རྫོགས་རིམ་ལ་སོགས་པ་གཉིས་བསྡུས་ཀྱི་ཆོས་ཇི་སྙེད་པ་དེ་ཐམས་ཅད། རྟོགས་པ་གཅིག་གི་ངོ་བོར་དབྱེར་མེད་པ་ཟུང་འཇུག་མངོན་དུ་གྱུར། སྣང་བ་སྟོང་པ་དང་བྲལ་མ་མྱོང་ལ་སྟོང་པ་སྣང་བ་དང་བྲལ་མ་མྱོང་བས། སྣང་སྟོང་གང་རུང་རེའི་ཐོག་ན། ལམ་གྱི་ཆོས་ཇི་སྙེད་པ་ཐམས་ཅད་ཚང་ཞིང་གཉིས་མེད་ཟུང་དུ་འཇུག་པ་ཡིན་པས་ཟུང་འཇུག་ཡངས་པ་ཡིན། དེ་ལྟར་དུ་མ་རོ་གཅིག་ཏུ་རྟོགས་ཀྱང༌། ད་དུང་དེ་རང་ལ་འཛིན་པའམ། ངེས་ཤེས་ཀྱི་ཆ་མ་འདྲེས་པའམ། འདྲེས་པའི་མྱོང་བ་ངེས་ཤེས་ཀྱི་དྲི་མ་ཅུང་ཟད་ཅིག་འདུག་ན་རོ་གཅིག་ཆུང་ངུ༌། རོ་གཅིག་འབྲིང་པོ་གཟུང་འཛིན་གྱི་རྩ་བ་རྦད་ཀྱིས་ཆོད་པ་ནི། རྟོགས་པ་དེ་བརྟན་དུ་སོང་བ་དང༌། རྟོགས་བྱ་དང་རྟོགས་མཁན་དུ་མ་རོ་གཅིག་ཏུ་འདྲེ་རྒྱུ་དང་འདྲེས་པའི་ཡུལ་འཛིན་རྩ་བ་ནས་དག་པས་བེམས་པོ་ཕྱི་རུ་མ་ལུས། རིག་པ་ནང་དུ་མ་ལུས་པར་སྣང་སེམས་གཅིག་ཏུ་ཀྲུང་ངེ་བ་དེ་རོ་གཅིག་འབྲིང་པོ་ཡིན། ཡིད་ལ་མི་བྱེད་པ་མཚན་ཉིད་པ་དེ་རུ་མངོན་དུ་གྱུར་པ་ཡིན། རོ་གཅིག་ཆེན་པོ་སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་སྐྱེ་མེད་ཀྱི་ངང་དུ་ཞི་བའི་དུ་མ་རོ་གཅིག་ཏུ་རྟོགས་ལ་རོ་གཅིག་གི་རྟོགས་པ་དེ་དུ་མའི་སྣང་བར་ཤར་བས། འཁོར་འདས་ཀྱི་ཆོས་ཐམས་ཅད་རྟོགས་པ་དེའི་དངོས་གཞིར་གནས་པ་ནི་རོ་གཅིག་དུ་མ་ཞེས་བྱ་བ་ཟབ་རྒྱས་དབྱེར་མེད་ཀྱི་དོན་རྟོགས་པ་སྟེ། མདོ་ལས། ཟབ་མོ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཞེས་པ་དང༌། ཆོས་ཐམས་ཅད་མཉམ་པ་ཉིད་ཤིན་ཏུ་སྤྲོས་པའི་ཏིང་ངེ་འཛིན་ཞེས་གསུངས་པའི་དོན་ནོ། །སྣང་སྲིད་འཁོར་འདས་ཀྱི་ཆོས་ལ། རང་ས་རང་ས་ན་སོ་མ་ཉམས། མདོག་མ་འགྱུར་བར། ཇི་ལྟར་གནས་པ་དེ་རང་གཉིས་མེད་རྟོགས་པའི་ངོ་བོར་འདུག་པ་ལས་དེ་ལ་བསལ་བཞག་གམ། བྲལ་ཐོབ་བམ། གཉེན་པོས་བཅོས་རྒྱུ་སྤུ་རྩེ་ཙམ་ཡང་མ་དགོས་པ་ནི་རོ་གཅིག་ཆེན་པོའོ། །ཞེས་སོ། །
བཞི་པ་ནི། ཞུས་ལན་ཡེ་ཤེས་འོད་ལས། སེམས་ཀྱི་གཤིས་ཀ་ཅི་ལྟ་བ། །རྟོགས་པ་མངོན་དུ་གྱུར་པ་ནི། །སྒོམ་དུ་མེད་པའི་རྣལ་འབྱོར་ཡིན། །སྣང་སྲིད་འཁོར་འདས་ཆོས་རྣམས་འདི། །རང་སེམས་མིན་པ་གཅིག་ཀྱང་མེད། །སེམས་ཉིད་མིན་པ་བསྒོམ་མེད་པས། །བསྒོམ་མེད་པ་ཡི་ས་ཕྱོགས་དག །ཐམས་ཅད་སྒོམ་དུ་ཤེས་པ་ཡིས། །སྒྲིབ་པ་མེད་ཅིང་སྒྲིབ་མཁན་མེད། །སྤང་བྱ་མེད་ཅིང་གཉེན་པོ་མེད། །སེམས་ཉིད་ཆོས་སྐུ་རྣམ་དག་ལ། །སྒྲིབ་པ་ཆགས་པའི་གནས་པ་མེད། །གཉེན་པོ་སོ་མས་བཅོས་སུ་མེད། །སངས་རྒྱས་ཐུགས་ལ་ཁྱད་མེད་པས། །འདི་ནི་དཀར་པོ་གཅིག་ཐུབ་ཡིན། །རྟོགས་པ་ཁོ་ན་བསྒོམ་པ་དེ། །ཉམས་རྟོགས་ཟུང་འཇུག་ལམ་ཡིན་པས། །ལམ་གཞན་ལོགས་ནས་བཙལ་མི་དགོས། །ཞེས་པས་མངོན་དུ་གྱུར་བྱ་སེམས་ཀྱི་གཤིས་ཀ་བསྒོམ་དུ་མེད་པ་ནི། སངས་རྒྱས་ཐུགས་དང་ཡེ་ནས་ཁྱད་པར་མེད་པའི་ཆོས་ཉིད་ཡིན་པས་རང་གཤིས་རྟོགས་པ་ལས་གཞན་ལམ་བསྒོམས་པས་ལོགས་ནས་བོགས་ཤིག་དབྱུང་དུ་མེད་དོ། །འཁོར་འདས་གཉིས་ཀྱི་ཆོས་རྣམས་དུ་མ་ཀུན་སེམས་ཅན་རྣམས་ཀྱི་སེམས་གཉིས་སུ་སྣང་བའི་འཁྲུལ་པ་མ་ཡིན་པ་ཡུལ་དང་ཡུལ་ཅན་ཞེས་ལོགས་སུ་གྲུབ་པ་ཅི་ཡང་མེད་ཅིང། མཐོང་བ་དང་ཐོས་པ་དང་དྲན་པ་དང་རེག་པ་ལ་སོགས་པ་ཤེས་བརྗོད་ཀྱི་ཆོས་རྣམས་ཀུན། བཟང་ངན་ཇི་ལྟར་མཐོང་ཡང་རང་སེམས་འཁྲུལ་པའི་མཐོང་བ་འབའ་ཞིག་ཡིན་ནོ། །ཆོས་ཐམས་ཅད་ཀྱི་གནས་ཚུལ་རང་སེམས་ཡིན་པ་བཞིན་སྒོམ་དུ་ཤེས་པ་ཡིས་ཐམས་ཅད་བསྒོམ་པ་མིན་པ་མེད་པ་ཞུས་ལན་ཡེ་ཤེས་འོད་ལས། སྒོམ་མེད་རྟོགས་པའི་རྣལ་འབྱོར་ལ། །ད་ལྟའི་རིག་པ་ཏུར་ཏུར་པོ། །དེ་ཉིད་བསྒོམ་མེད་མ་ཡིན་པ། །སྒོམ་མེད་ལོགས་ན་བཙལ་དུ་མེད། །དྲན་པ་སྣ་ཚོགས་དྲན་མེད་ཡིན། །ཞེས་པས་མཚན་སྒོམ་མེད་དུ་བཏགས་པ་ཡིན། སྒོམ་མེད་ཀྱི་དུས་སུ་མཐར་ཐུག་གི་རྟེན་འབྲེལ་འགྲིགས་པས་སྤྱོད་བསྡུས་ལས། གཟུགས་ཕྲ་བ་དང་རེག་པ་ཡང་བ་དང་ཁྱབ་པ་དང་ཡང་དག་པར་ཐོབ་པ་ཉིད་དང་རབ་ཏུ་སྣང་བ་ཉིད་དང་བརྟན་པ་དང་དབང་དུ་གྱུར་པ་དང་འདོད་དགུར་བསྒྱུར་བ་ཞེས་བྱའོ། །ཞེས་པའི་དབང་ཕྱུག་གི་ཡོན་ཏན་བརྒྱད་ལ་སོགས་པ་ཡོངས་སུ་བསྒྱུར་བ་ཡི་འདོད་རྒུ་ཇི་ལྟར་བསམ་པ་བཞིན་དུ་འགྲུབ་བོ། །ཞུས་ལན་ཡེ་ཤེས་འོད་ལས། སེམས་ཀྱི་རྟོགས་པའི་རྒྱ་དང་ནི། །རྣལ་འབྱོར་ལུས་ཀྱི་རྒྱ་དང་ནི། །བག་ཆགས་སྣང་བའི་རྒྱ་དང་ནི། །རྒྱ་གསུམ་མ་བྲལ་ཆོས་སུ་གནས། །དེ་ཡི་སྒྲིབ་པ་རྒྱ་གསུམ་ཡིན། །རྒྱ་གསུམ་བྲལ་ན་སངས་རྒྱས་ཡིན། །ཞེས་པའི་རྣམ་སྨིན་ལུས་རྒྱ་སྒོམ་མེད་ཀྱི་སྐབས་འདིར་འདག་པ་ཡིན་ཞིང་། ཡང་། ཕྱི་རྟགས་ནང་དུ་འཆར་བ་དང༌། །ནང་རྟགས་ཕྱི་རུ་འཆར་བ་འདི། །བསྒོམ་མེད་ལམ་དུ་སྐྱེ་དགོས་པས། །རྩ་རླུང་ཡི་གེ་ཕྱི་རྟགས་རྣམས། །ནང་དུ་མཚན་དཔེའི་ཡོན་ཏན་རྣམས། །ལུས་ལ་དེ་ལྟར་མ་ཤར་ཡང༌། །སེམས་ལ་ཡོན་ཏན་རྫོགས་ནས་ཡོད། །ཐིག་ལེའི་ཡོན་ཏན་ནང་རྟགས་དེ། །ཕྱི་རུ་བྲལ་འབྲས་མ་ཤར་ཡང༌། །སེམས་ལ་ཡོན་ཏན་རྫོགས་པ་ཡིན། །རྣལ་འབྱོར་ལུས་རྒྱ་ཞིག་པ་དང༌། །སངས་རྒྱས་ཞིང་དུ་འགྲོ་བ་དང༌། །མངོན་པར་རྫོགས་པར་སངས་རྒྱས་པས། །དེ་ཡི་དཔེར་ནི་ཅི་འདྲ་ན། །ཁྱུང་ཕྲུག་སྒོ་ངའི་ནང་དུ་ནི། །གཤོག་པ་རྒྱས་ནས་རྩལ་རྫོགས་ནས། །སྒོང་ཤུན་བྲལ་ནས་ནམ་འཕང་གཅོད། །དེ་བཞིན་རྣལ་འབྱོར་ལུས་རྒྱ་ཞིག་པ་དང༌། །མངོན་པར་རྫོགས་པར་འཚང་རྒྱའོ། །ཞེས་སྒོམ་མེད་རྟོགས་པའི་གང་ཟག་དེ་ནི་ཚེ་འདིར་མངོན་སངས་རྒྱས་ལ། ཡང་ན་ནི་སྐྱེ་བ་གཅིག་གིས་མངོན་སངས་རྒྱ་བ་ལ་ཐོགས་པ་མེད་དེ། ཚེ་བསོད་ཀྱི་རྒྱུན་རྣམ་པར་ཆད་པ་དང་། ལས་དབང་གིས་འཆི་བ་མ་ཡིན་པར་ཡོངས་བསྒྱུར་བསམ་གྱིས་མི་ཁྱབ་པའི་འཆི་བ་ཡིས། རྣམ་སྨིན་གྱི་ལུས་རྒྱ་ཞིག་ནས་བར་དོར་མངོན་སངས་རྒྱས་སོ། །རང་སེམས་དེ་ལྟར་རྟོགས་པའི་རྣལ་འབྱོར་པ་ལ་ཚིག་ཚོགས་བྱ་བ་སོགས་བྱེད་པ་གཉིས་སུ་མེད་ན་ཡང༌། སྒོམ་མེད་ཀྱི་རྟོགས་པ་སྐྱེས་པར་གྱུར་པ་ལ་རང་སེམས་དྲན་པས་འཛིན་པ་ལ་སོགས་པའི་ཐབས་ཀྱི་ཆ་ནི་གང་ཡང་བསྒོམ་མི་དགོས་ཤིང་། སངས་རྒྱས་རང་སེམས་ཀྱི་གཤིས་ལས་ལོགས་ན་མི་སྲིད་པས་ལོགས་སུ་བསྒོམ་རྒྱུ་གཅིག་ཀྱང་མེད་ན་ཡང༌། འོན་ཀྱང་རང་རིག་པས་རྟོགས་པའི་ཆོས་སེམས་ཀྱི་གཤིས་ཀ་དེ་ཉིད་ལ་ཡང༌ཡང་གོམས་ཤིང་འདྲིས་པས་རང་སེམས་ཀྱི་རྩལ་ཁ་སྦྱངས་པས། བར་དོ་གསུམ་གྱི་གདམས་པ་ལས། ལྷ་ཡི་མིག་དང་ལྷ་ཡི་སྙན། །གཞན་སེམས་ཡེ་ཤེས་རྫུ་འཕྲུལ་དང༌། །སྐྱེ་དང་འཆི་འཕོ་ཤེས་པ་དང༌། །ཟག་པ་མེད་པའི་མངོན་ཤེས་སོ། །ཞེས་པའི་མངོན་པར་ཤེས་པ་དྲུག་དང་། ཡང་། སྤྱན་ཞེས་བྱ་བ་རྣམ་ལྔ་ནི། །ལྷ་དང་ཤ་དང་ཤེས་རབ་སྤྱན། །ཡེ་ཤེས་དང་ནི་སངས་རྒྱས་སྤྱན། །འཇིག་རྟེན་ཁམས་ནས་གཅིག་ནས་བརྒྱད། །མཐོང་བར་གྱུར་པ་ཤ་ཡི་སྤྱན། །འཇིག་རྟེན་ཁམས་ནི་བཅུ་དྲུག་ནས། །སུམ་ཅུ་རྩ་གཉིས་བར་དུ་མཐོང༌། །ལྷ་ཡི་མིག་ཅེས་བྱ་བ་ཡིན། །འཇིག་རྟེན་ཁམས་ནི་དྲུག་ཅུ་བཞི། །བརྒྱ་ནས་ཉི་ཤུ་རྩ་བརྒྱད་བར། །མཐོང་བ་ཤེས་རབ་སྤྱན་ཡིན་ནོ། །ཉིས་བརྒྱ་ལྔ་བཅུ་རྩ་དྲུག་ནས། །འཇིག་རྟེན་ཁམས་ནི་ལྔ་བརྒྱ་བཅུ་གཉིས་སུ། །མཐོང་བ་ཡེ་ཤེས་སྤྱན་ཞེས་བྱ། །སྟོང་ནི་ཉི་ཤུ་རྩ་བཞི་རུ། །ཞིང་ཁམས་དཔག་མེད་མཐོང་བ་ནི། །སངས་རྒྱས་ཀྱི་ནི་སྤྱན་ཡིན་ནོ། །ཞེས་པའི་སྤྱན་ལྔ་དང༌། ཡེ་ཤེས་ལྔ་དང་ནི། ལུས་ཀྱི་བཀོད་པ་དང༌། གཅིག་དུ་མ་དང་དུ་མ་གཅིག་ཏུ་སྒྱུར་བ་ལྟ་བུའི་རྫུ་འཕྲུལ་དང་ནི། ཤེས་བྱ་ཇི་སྙེད་མཁྱེན་པ་ཡི་ཡེ་ཤེས་ཀྱི་ནི་ཡོན་ཏན་སེམས་ཀྱི་གཤིས་སུ་ཡོད་པ་རྣམས་སྒྲིབ་པ་དག་པའི་མཐོང་སྣང་གིས་ཡར་ལྡན་དུ་སོང་བ་ལྟ་བུ་ཡིན་པས་ན་རྟོགས་པའི་འབྲས་བུ་ཞེས་བྱ་སྟེ། དེ་ཡི་དགོངས་པ་དེ་ཡང་རང་གིས་རྟོགས་པའི་ཆོས་ཉིད་ཀྱི་རྩལ་ཁ་སྦྱངས་པས་ཡུལ་ཅན་ཤེས་པ་ལ་ནི་དབང་ཐོབ་པ་འོང་བ་ཡིན་ལ། ཡུལ་ཤེས་བྱའི་ཆ་ནི་ཐམས་ཅད་ཕྲ་ལ་དྭངས་པ་དེ་ལྟ་བུ་གཅིག་མཁྱེན་པའི་ཡོན་ཏན་དུ་འཆར་བ་ཡིན་ནོ། །གལ་ཏེ་བྱམས་པ་དང་སྙིང་རྗེ་གཞན་དོན་འབྱུང་བའི་ཐབས་ལ་རྟོགས་པའི་རྩལ་ཁ་སྦྱོང་བར་མི་བྱེད་པར། གཞི་ལྟ་བ་རྟོགས་པ་དེ་རང་གི་ཐོག་ཏུ་བཞག་པས་ཆོག་ཟེར་ཞིང༌། ལུས་ངག་ཡིད་ཀྱི་དགེ་བ་བྱ་རྒྱུ་མེད་ཅེས་ཟེར་བ་རྣམས་ལ་ཕན་གནོད་ཀྱི་འབྲས་བུ་འབྱིན་པར་མི་ནུས་པས་ན་དེ་ལ་ཐམས་ཅད་མཁྱེན་པ་མི་འབྱུང་བ་ཡིན་པས། བསྒོམ་བྱ་སྒོམ་བྱེད་མེད་པའི་རྟོགས་པ་སྐྱེས་ཀྱང་རྟོགས་པའི་རྩལ་ཁ་སྦྱངས་ཏེ་འགྲོ་བའི་དོན་དུ་ཚོགས་གཉིས་བསགས་པ་ཡིས། ཞུས་ལན་ཡེ་ཤེས་འོད་ལས། བསྒོམ་མེད་མངོན་དུ་གྱུར་པ་དེ། །ཕར་ཕྱིན་མཐར་ཐུག་ལམ་དང་ནི། །གསང་སྔགས་མཐར་ཐུག་རྟེན་འབྲེལ་དང༌། །རྣལ་འབྱོར་བཞི་ཡི་བསྒོམ་མེད་དང༌། །དེ་གསུམ་རྟོགས་ཚད་མཉམ་པར་འདོད། །ཅེས་མཐར་ཐུག་མི་སློབ་ཟུང་འཇུག་གི་ས་ལ་གནས་ནས་འབྲས་བུ་སྐུ་གསུམ་མངོན་དུ་བྱས་པས་དོན་གཉིས་གྲུབ་པ་ཡིན་ནོ། །ཡང་དགོན་པའི་སྙིང་པོའི་གཏེར་མཛོད་ལས། སྒོམ་མེད་ཆུང་ངུ་བསྒོམ་བྱ་སྒོམ་བྱེད་དང་བྲལ་བ་ནི། སྒོམ་མཁན་ནམ། རྟོགས་མཁན་གྱི་མཁན་པོ་རྩ་བ་ནས་དག་པས། བསྒོམ་བྱ་སྒོམ་བྱེད། རྟོགས་བྱ་རྟོགས་བྱེད། ཤེས་བྱ་ཤེས་བྱེད། དྲན་འཛིན་གོམས་པར་བྱ་རྒྱུའི་ཉམས་ཀྱི་དྲི་མ་རྩ་བ་ནས་དག་ནས། ཉིན་བར་གྱི་དུས་ན་མཉམ་རྗེས་མེད། ཡེངས་མ་ཡེངས་མེད་པར་ཤར་བ་ལ། མཚན་བར་གྱི་དུས་ན་སྒོམ་བྱེད་དམ། ངེས་ཤེས་ཀྱི་དྲི་མ་ཅུང་ཟད་ཅིག་འདུག་པ་དེ་སྒོམ་མེད་ཆུང་ངུ༌། རྗེ་རྒོད་ཚང་པ། ཉིན་བར་གྱི་དུས་སུ་རྗེས་སྣང་སྒྱུ་མའམ་སྟོང་པར་གསལ་དུ་མངོན་ཙམ། ཡུན་སེ་གོལ་ཏོག་པའི་བར་ཙམ་རེ་བྱུང་ཡང༌། དྲན་པས་བཟུང་རྒྱུའི་ཐ་སྙད་མེད་པར་དེ་ཉིད་དུ་ངོ་བོ་རང་དག་ཏུ་འགྲོ་བ་འོང་གསུངས། སྒོམ་མེད་འབྲིང་པོ་ལྷུན་གྲུབ་ཀྱི་རང་ས་ཟིན་པ་ནི། གཞི་ཐོག་ཏུ་འབྲས་བུའི་སར་ཕྱིན། སྐུ་གསུམ་མ་དང་འཕྲད། ཡིན་ལུགས་ཡིན་བཞིན་དུ་མངོན་དུ་གྱུར་པས་ཉིན་མཚན་མེད། གཉིད་ལོག་མ་ལོག་མེད་པར། དྲན་པས་བཟུང་རྒྱུའམ། ངོ་ཤེས་རྒྱུ་གཏན་ནས་མེད་པའི་མཉམ་བཞག་ཆེན་པོ་གཅིག་ཏུ་གྱུར་པ་ལས། ཡེ་ཤེས་ཀྱི་རང་གྲིབ་མི་ཤེས་པའི་གྲོལ་ཤེས་བྱའི་དྲི་མ་ཅུང་ཟད་དང་བཅས་པ་དེ་སྒོམ་མེད་འབྲིང་ངོ༌། །ཆོས་ཀྱི་དབྱིངས་ཡེ་ཤེས་དེར་ཤེས། ཡེ་ཤེས་ཆོས་ཀྱི་དབྱིངས་དང་དབྱེར་མེད་པས་ལམ་དང་རང་བཞིན་གྱི་འོད་གསལ་གཅིག་ཏུ་འདྲེས་ནས། འོད་གསལ་ཆེན་པོ་སྤྲོས་མེད་ཀྱི་ཡེ་ཤེས་ལ་མི་ཤེས་པ་དང༌། ཤེས་བྱའི་དྲི་མ་རྩ་བ་ནས་དག་ནས། ཚེ་འདི་ཕྱིའམ་རྒྱུ་འབྲས་ཀྱི་འཛིན་པ་ཕྲ་མོ་ཙམ་ཡང་མེད་པར་རང་གཞན་འཁོར་འདས་ཐམས་ཅད་ཆོས་ཀྱི་སྐུ་གཅིག་ཏུ་གྱུར་པ་ནི། སྒོམ་མེད་ཆེན་པོ་འོད་གསལ་གཉིས་འདྲེས་མི་སློབ་པའི་ཟུང་འཇུག་གོ། །ཞེས་སོ། །
གཉིས་པ་འབྲས་བུ་སྐུ་གསུམ་ནི། རང་སེམས་ཀྱི་ངོ་བོ་གདོད་ནས་རྣམ་པར་དག་པ་འོད་གསལ་བའི་རང་བཞིན་གློ་བུར་གྱི་དྲི་མ་དང་བྲལ་བ་ནི་རང་དོན་ཆོས་ཀྱི་སྐུ་ཡིན། གཞན་དོན་དུ་སྣང་བའི་ལོངས་སྤྱོད་རྫོགས་པའི་སྐུ་དང་མཆོག་གི་སྤྲུལ་པའི་སྐུ་དང་། བཟོ་དང་སྐྱེ་བའི་གཟུགས་སྐུ་སྣ་ཚོགས་པ་རྣམས་ནི། དོན་མཆོག་བདུན་མ་ལས། འབྲས་བུ་གནས་སྐབས་རྟགས་དང་ཕན་ཡོན། མཐར་ཐུག་སྐུ་ལྔ་རོ་གཅིག་སྟེ། དེ་ཡང་ཉེ་བར་ལེན་པའི་རྒྱུ་གདུལ་བྱ་དག་དང་མ་དག་ལ། ལྷན་ཅིག་སྐྱེས་པའི་རྐྱེན་དང་པོ་བྱང་ཆུབ་སེམས་བསྐྱེད། བར་དུ་ལམ་ཉམས་སུ་བླངས་པས་རྟེན་འབྲེལ་འགྲིག །རྗེས་ལ་གདུལ་བྱའི་དོན་དུ་སངས་རྒྱས་པའི་སྨོན་ལམ་བཏབ། དེ་དག་འཚོགས་པ་ལས་བདག་དོན་སངས་རྒྱས་རང་ལ་རྙེད། གཞན་དོན་རིགས་ལྔས་རིགས་ཅན་བདེ་ལ་འགོད་པའི་དོན་ཡིན་ནོ། །ཞེས་པས་སངས་རྒྱས་ཀྱི་ནི་ལྷན་ཅིག་སྐྱེས་པའི་རྐྱེན། དང་པོ་ལམ་དུ་ཞུགས་པ་ན་འགྲོ་བ་མ་ལུས་པའི་དོན་དུ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། བར་དུ་ལམ་རྣལ་འབྱོར་བཞི་ལེགས་པར་བགྲོད་པ་དང་ཚོགས་གཉིས་རླབས་པོ་ཆེ་བསགས་ཤིང༌། རྗེས་ལ་འགྲོ་བའི་དོན་ལ་རྒྱལ་བ་ཡིས། དགེ་བ་བསགས་སོ་ཅོག་རྣམས་བསྔོ་ཞིང་སྨོན་ལམ་བཏབ་པ་འདི་དང་། གདུལ་བྱ་རྣམས་ཀྱི་གཉེན་པོའི་ནུས་པས་སྒྲིབ་པ་དག་སྟེ་ཕྲིན་ལས་ཉེ་བར་ལེན་པའི་རྒྱུ་སྐལ་བ་ཡོད་པ་ལ་བརྟེན་ནས་སངས་རྒྱས་སྐུ་གསུམ་སོ་སོར་འཆར་བ་ལྟར་སྣང་ཡང༌། སེམས་ཉིད་ཀྱི་ངོ་བོ་དྲི་མས་མ་གོས་པ་ཆོས་སྐུ་དང་། ཡོན་ཏན་ལྷུན་རྫོགས་སུ་མངའ་བ་ལོངས་སྐུ་དང་། ཕྲིན་ལས་གང་འདུལ་དུ་འཇུག་པ་སྤྲུལ་སྐུར་བཞག་པ་ཡིན་ཕྱིར་སྒྲིབ་པ་དག་པ་རྣམས་ལ་སྐུ་གསུམ་དབྱེར་མེད་དུ་འཆར་ལ། སྐལ་བ་དམན་པ་རྣམས་ལ་སྐུ་གསུམ་སོ་སོར་འཆར་བ་ཙམ་མོ། །གཞན་རིགས་དྲུག་རྣམས་ལ་སྟོན་པ་དྲུག་ཏུ་འཆར་བ་ལྟ་བུ་སྣ་ཚོགས་འབྱུང་བ་ཡང་རབ་གནས་ཆོ་ག་ལས། སོ་སོ་སྐྱེ་བོ་སྐྱབས་འགྲོ་ཐོབ་པ་ནས། །ཚོགས་གཉིས་བསགས་ནས་མངོན་པར་སངས་རྒྱས་པ། །ཕ་རོལ་ཕྱིན་པ་དྲུག་དང་བདེན་པ་བཞི། །བྱང་ཆུབ་ཕྱོགས་ཆོས་སུམ་ཅུ་རྩ་བདུན་དང༌། །ས་ལམ་མཐར་ཕྱིན་དབང་བསྐུར་མཆོག་ཐོབ་ནས། །མངོན་པར་སངས་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར། །རྒྱུ་རྐྱེན་འཚོགས་ནས་འབྲས་བུ་འབྱུང་བ་ཡིན། །ཞེས་པ་ལྟ་བུའི་རྒྱུ་རྐྱེན་རྟེན་འབྲེལ་འཛོམས་པའི་འབྲས་བུ་ཡིན་པ་ཤེས་པར་བྱ་སྟེ། བསྟན་བཅོས་ཙིན་ཏ་མ་ཎི་ལས། ཆོས་སྐུ་བདེ་བ་ཆེན་པོ་ནི། །གཟུང་འཛིན་སྤྲོས་པའི་མཐའ་ལས་འདས། །མཐའ་བྲལ་འོད་གསལ་ཆེན་པོ་ཡིས། །ལུས་ངག་ཡིད་གསུམ་རྣམ་དག་པ། །བྱང་ཆུབ་སེམས་ཀྱིས་རྒྱུ་བྱས་པས། །སྐྱེ་མེད་འོད་གསལ་ཆོས་སྐུ་དེ། །རང་གཞན་དབྱེ་བ་མེད་པ་ཡིས། །སེམས་ཅན་ཁམས་རྣམས་ཐམས་ཅད་ལ། །སྐུ་གསུང་ཐུགས་ཀྱི་འཁོར་ལོར་སྣང༌། །འོད་གསལ་དབྱིངས་ལ་ཐ་དད་མེད། །ཅེས་གསུངས་སོ། །
གསུམ་པ་སྒྲིབ་པ་སྤོང་ཚུལ་ལ། སྤང་བྱ་སྒྲིབ་པ། སྤོང་བྱེད་གཉེན་པོ། སྤོང་བའི་རིམ་པའོ། །དང་པོ་ནི། ཕྱག་རྒྱ་ཆེན་པོ་སྒོམ་པའི་གང་ཟག་གི་སྒྲིབ་པ་སྤོང་ཞིང་ཡོན་ཏན་སྐྱེ་ཚུལ་ནི། གོང་དུ་ལམ་རྣལ་འབྱོར་བཞིའི་ཞོར་ལ་ཞིབ་པར་བསྟན་མོད། འདི་ན་ཡང༌དྲི་བའི་ལན་ཙམ་བཤད་ན། ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་སོགས་སུ་དབྱེ་བ་ཐམས་ཅད་ཀྱི་ངོ་བོ་ནི་རང་གི་སེམས་ཉིད་སངས་རྒྱས་ཡིན་པ་རང་གིས་མ་མཐོང་བའི་སྒྲིབ་པ་ཉག་གཅིག་ཡིན་ནོ། །འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་དགེ་བ་དང་མི་དགེ་བ་དང་ལུང་མ་བསྟན་དུ་གནས་ཤིང། དབྱེ་ན་བཀའ་བཞིའི་གདམས་པ་ལས། སྒྲིབ་པ་ལ་གཉིས། ཉོན་མོངས་པ་དང༌། ཤེས་བྱའི་སྒྲིབ་པའོ། །ཉོན་མོངས་པའི་སྒྲིབ་པ་ནི། ཉོན་མོངས་ཉིད་རང་གིས་མ་རྟོགས་པས། རང་གིས་རང་སྒྲིབ་པ་དང༌། ཉོན་མོངས་ཀྱིས་སྒྲིབ་པ་ནི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ལས་དང་ལས་ཀྱི་རྣམ་པར་སྨིན་པས་ལམ་དང་ལམ་གྱི་འབྲས་བུ་ལ་སྒྲིབ་པའོ། །ཤེས་བྱའི་སྒྲིབ་པ་ནི། གཉེན་པོ་ལ་ཞེན་པ་དང༌། འཁོར་གསུམ་གྱི་རྟོགས་པས་ལམ་དང་འབྲས་བུ་ལ་སྒྲིབ་པའོ། །ཞེས་གསུངས་པས་རང་ངོ་མ་རིག་པའི་དབང་གིས་བྱུང་བའི་ཉོན་མོངས་དུག་ལྔ་ཡི་ཀུང་སློང་ལ་བརྟེན་པའི་མི་དགེ་སྡིག་པ་སྤྱོད་པ་ནི་རྣམ་སྨིན་གྱི་སྒྲིབ་པ་ཡིན་ལ། མི་དགེ་བ་དེ་ཡི་གཉེན་པོར་དགེ་བ་སྤྱོད་པ་ལ་མཚན་མར་བཟུང༌ནས་ཡོན་ཏན་ལ་ཞེན་པ་ནི་ཤེས་བྱའི་སྒྲིབ་པ་ཡིན། ཉོན་མོངས་པ་དང་ཉོན་མོངས་པའི་སྒྲིབ་པ་ནི། འགྲོ་བ་རིགས་དྲུག་སེམས་ཅན་མ་ལུས་པ་རྣམས་མ་རིག་པ་སོགས་ཉོན་མོངས་པ་དང་དེས་ཀུན་ནས་བསླངས་པས་བསགས་པའི་མི་དགེ་སྡིག་པའི་ལས་དབང་གིས་འཁོར་བའི་རྒྱ་མཚོར་ཐོག་མ་མེད་ནས་འཁྱམས་པར་གྱུར་ཏེ་མི་དགེའི་དབང་གིས་ཉོན་མོངས་སྒྲིབ་པས་གོས་པ་དག་ཡོད་དོ། །
གཉིས་པ་ནི། གང་ཟག་རང་རང་གི་སྐལ་བ་དང་བསྟུན་པའི་ཐེག་པ་སོ་སོའི་ལམ་རྣམས་ཉམས་སུ་བླངས་པས་སྒྲིབ་པ་རྣམས་འདག་པ་སྟེ། སྤྱིར་དང་པོ་ཆོས་ལ་ཞུགས་པའི་གང་ཟག་རྣམས་ནི། རིགས་དྲུག་འཁོར་བའི་སྡུག་བསྔལ་གྱི་མུན་ནག་ཏུ་འཁྱམས་པ་ཤ་སྟག་ཡིན་པས། མུན་པའི་དཀྱིལ་དུ་ཉི་མ་ཤར་བ་ཇི་ལྟ་བར་སངས་རྒྱས་བསྟན་པའི་འོད་ཟེར་ཤར་བ་ཡིས། ཇི་སྐད་དུ། སྡུག་བསྔལ་དག་ནི་ཐམས་ཅད་དང༌། །སྒྲིབ་ཀུན་སེལ་བྱེད་དམ་པའི་ཆོས། །ཞེས་པས་སྒྲིབ་པའི་ཚོགས་རྣམས་མ་ལུས་པ་སེལ་བར་བྱེད་ཅིང། ཁྱད་པར་བླ་མ་དམ་པས་བསྟན་པའི་ཆོས་མན་ངག་ཟབ་མོ་ལ་ཞུགས་པའི་སྐལ་བ་དང་ལྡན་པ་རྣམས་ནི་དང་པོ་ནས་ཕྱག་རྒྱ་ཆེན་པོའི་སྒོམ་ཁྲིད་བཏབ་པ་ཉམས་སུ་བླངས་ནས་སྒྲིབ་པ་ལས་གྲོལ་བར་འགྱུར་བ་ཡིན་ཏེ། བཀའ་བཞིའི་གདམས་པ་ལས། ཉོན་མོངས་ཀྱི་སྒྲིབ་པ་ནི། ཉོན་མོངས་པ་ཉིད་ཡེ་ཤེས་སུ་རྟོགས་པས་སྒྲིབ་མཁན་མ་གྲུབ་པས་སེལ། ཉོན་མོངས་པའི་སྒྲིབ་པ་ནི་སྣང་བ་རང་སེམས་སུ་རྟོགས་ཤིང་བསོད་ནམས་ཀྱི་ཚོགས་བསགས་པས་སེལ། ཤེས་བྱའི་སྒྲིབ་པ་རང་སེམས་ཆོས་སྐུར་རྟོགས་ཤིང་ཡེ་ཤེས་ཀྱི་ཚོགས་སོགས་པས་སེལ། སེམས་གཉིས་སུ་མེད་པ་ཚོགས་གཉིས་ཟུང་འབྲེལ་དུ་བསགས་པས་ལམ་དང་འབྲས་བུའི་སྒྲིབ་པ་ཐམས་ཅད་སེལ། ཞེས་གསུངས་སོ། །
གསུམ་པ་སྤོང་བའི་རིམ་པ་ལ། རྩེ་གཅིག །སྤྲོས་བྲལ། རོ་གཅིག །སྒོམ་མེད་དོ། །དང་པོ་ནི། ལམ་ཕྱག་རྒྱ་ཆེན་པོ་ཉམས་སུ་བླངས་པས་རྩེ་གཅིག་དང་པོའི་ཏིང་འཛིན་སྐྱེས་པའི་གཉེན་པོ་དེས། དཔེར་ན་མར་མེས་མུན་པ་སེལ་ཚོད་ཇི་ལྟ་བར་བདེ་གསལ་མི་རྟོག་པའི་ཉམས་མྱོང་སྐྱེས་པ་ཡིས། ཉོན་མོངས་པའི་རྣམ་རྟོག་གི་ཚང་ཚིང་སེལ་བར་བྱེད་ཅིང། རྩེ་གཅིག་གཉིས་པའི་ཏིང་འཛིན་སྐྱེས་པ་ཡིས། ཉོན་མོངས་པ་ཕྲ་བའི་ཕྲ་བ་རྣམས་མགོ་ནོན་ནས། དཔེར་ན་སྐྱ་རེངས་ཤར་ནས་མུན་པ་སེལ་བ་ལྟར་དུ་ཕྱི་ཡི་ཡུལ་རྣམས་དང་ནང་ཡུལ་ཅན་གྱི་ཤེས་པ་དག་རྟོག་མེད་དུ་བསྒོམས་པའི་གཉེན་པོ་ཡིས། ཕྱི་ཡུལ་ལ་བདེན་པར་འཛིན་པའི་ཞེན་པ་དག་པ་དང་། རྩེ་གཅིག་གསུམ་པའི་ཏིང་འཛིན་སྐྱེས་པ་ནི། འཁོར་འདས་ཐམས་ཅད་རང་སེམས་དང་སེམས་སྟོང་པར་བསྒོམས་པ་ཡིས། དཔེར་ན་ནམ་ལངས་པས་ནི་མུན་པ་དྭངས་པ་ལྟར་དུ་ནང་ཡུལ་ཅན་གྱི་ཤེས་པ་རྟག་པར་འཛིན་པའི་ཞེན་པ་དག་པ་ཡིན་ནོ། །
གཉིས་པ་སྤྲོས་བྲལ་ལ། ཐོག་མའི་གཉིས་དང། ཐ་མའི་འཕྲོས་དོན་ནོ། །དང་པོ་ནི། དཔེར་ན་ཉི་མ་ཤར་བས་མུན་པ་ཐམས་ཅད་བསལ་བ་ལྟར་དུ་སྤྲོས་བྲལ་དང་པོའི་རྟོགས་པ་མཐོང་ལམ་སྐྱེས་པ་ཡིས། ཉོན་ཤེས་ཀྱི་སྒྲིབ་པ་གཉིས་ལ་སོགས་པའི་མུན་པ་སེལ་བར་བྱེད་པ་དང། སེམས་ཉིད་དྲི་བྲལ་དུ་རྟོགས་པ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་ཆོས་སྐུ་སངས་རྒྱས་ཉི་མའི་དཀྱིལ་འཁོར་ཤར་བ་ཡིས། རིགས་དྲུག་འཁོར་བར་དབང་མེད་དུ་འཁྱམས་པའི་སྡུག་བསྔལ་མཐའ་དག་སེལ་བར་བྱེད་དོ། །སྤྲོས་བྲལ་གཉིས་པ་སྐྱེས་པའི་ཏིང་འཛིན་གྱིས། ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་སོགས་སྒོམ་ལམ་གྱི་རིམ་པའི་ངང་དུ་འདག་ཅིང་ཡོན་ཏན་སྐྱེས་པར་བྱེད་པ་ཡིན་ནོ། །
གཉིས་པ་ནི། རྩེ་གཅིག་གསུམ་པ་ནས་བཟུང་སྟེ་སྒོམ་མེད་ཀྱི་བར་དུ་ནི། ཉོན་མོངས་པའི་རྣམ་རྟོག་དང་ཉོན་མོངས་པའི་སྒྲིབ་པ་རྣམས་ཆུང་ངུ་སྔོན་དང་ཆེན་པོ་ཕྱི་ནས་རྩ་བ་དྲུངས་འབྱིན་གྱིས་འདག་ཅིང་། སོ་སོར་རྟོག་པའི་ཤེས་རབ་དང་ནི་ཤེས་བྱའི་སྒྲིབ་པ་རྣམས་ནི། ཆེན་པོ་སྔོན་དང་ཆུང་ངུ་ཕྱི་ནས་འདག་པ་ཡིན། སྤང་ཐོབ་ནི་རང་ངོ་ཤེས་མ་ཤེས་ཀྱི་ཁྱད་པར་ཙམ་སྟེ་ཀུན་གཞིའི་ཡེ་ཤེས་རང་ངོ་མ་ཤེས་པའི་ཉོན་མོངས་པ་རང་གིས་སྒྲིབ་པའི་དབྱེ་བ་ཉོན་མོངས་དུག་ལྔ་དང་དུག་གསུམ་གྱི་སྦྱང་བྱ་དྲི་མ་རྣམས་ནི། ཞུས་ལན་ཡེ་ཤེས་འོད་ལས། བེམ་རིག་གཉིས་ཀྱིས་བསྡུས་པ་ཡི། །དབང་པོ་ལྔ་ལ་སྣང་བ་ཀུན། །མ་རྟོགས་པ་ལ་འཁྲུལ་སྣང་ཡིན། །རྣལ་འབྱོར་པ་ལ་ཉམས་སྣང་འཆར། །རྟོགས་པ་མངོན་དུ་གྱུར་པ་ལ། །དག་སྣང་སྣང་བའི་རང་གཟུགས་དེ། །སྣང་སྟོང་ཟུང་འཇུག་བསྒོམ་དུ་འཆར། །ཐ་མལ་རྣམས་ལ་དུག་ལྔ་འཆར། །ཉམས་ལྡན་རྣམས་ལ་འདྲེས་མར་འཆར། །རྟོགས་པ་མངོན་དུ་གྱུར་པ་ལ། །ཉོན་མོངས་དུག་ལྔ་ལ་སོགས་པ། །ཡེ་ཤེས་ལྔ་རུ་འཆར་བ་ཡིན། །ཞེ་སྡང་གསལ་སྟོང་ཏིང་ངེ་འཛིན། །མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ང་རྒྱལ་མཉམ་ཉིད་ཏིང་འཛིན་དེ། །མཉམ་ཉིད་ཀྱི་ནི་ཡེ་ཤེས་སོ། །འདོད་ཆགས་ལྔ་ལྡན་ཏིང་འཛིན་དེ། །སོ་སོར་ཀུན་རྟོག་ཡེ་ཤེས་ཡིན། །ཕྲག་དོག་དགའ་ཆེན་ཏིང་འཛིན་དེ། །བྱ་བ་ནན་ཏན་ཡེ་ཤེས་ཡིན། །གཏི་མུག་སྟོང་པའི་ཏིང་འཛིན་དེ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན། །ཐ་མལ་སེམས་ཅན་རྣམས་ལ་ནི། །ཚོགས་དྲུག་ཡུལ་དང་ཡུལ་ཅན་སྣང༌། །རྣལ་འབྱོར་ཉམས་ཀྱི་བྱེ་བྲག་ཡིན། །རྟོགས་པ་མངོན་དུ་གྱུར་པ་ལ། །སྒོ་ལྔའི་རྣམ་ཤེས་རྟོག་མེད་ཡིན། །ཡིད་ཀྱི་རྣམ་ཤེས་འདུ་འཕྲོད་ཀྱིས། །ཐ་མལ་རྣམས་ལ་གཟུང་འཛིན་ཡིན། །རྣལ་འབྱོར་པ་ལ་རྟོག་མེད་ཉམས་སུ་འཆར། །རྟོགས་པ་མངོན་དུ་གྱུར་པ་ལ། །སྒོ་ལྔའི་རྣམ་པར་ཤེས་པ་དེ། །ཡུལ་ལྔའི་བདུད་རྩི་ཏིང་འཛིན་སྐྱེ། །