བསྟན་བཅོས་ཡོན་ཏན་རིན་པོ་ཆེ་ཀུན་ཏུ་འོད་ཀྱི་ཊཱིཀ་སྙིང་པོ་གསལ་བ་ཞེས་བྱ་བ་བཞུགས་སོ། ། 7

2014-04-25

~~གཉིས་པ་ལ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་སྒོམ་པ་ལ་གནད་དུ་འགྲོ་ཙམ་ན། དེ་ལ་ཉམས་རྟོགས་ཀྱི་ཁྱད་པར་རྣལ་འབྱོར་བཞི་རིམ་འཆར་བ་ཡིན་ཏེ། རྣལ་འབྱོར་བཞི་ནི། རྩེ་གཅིག་གི་རྣལ་འབྱོར་དང་། སྤྲོས་བྲལ་གྱི་རྣལ་འབྱོར་དང༌། རོ་གཅིག་གི་རྣལ་འབྱོར་དང་། བསྒོམ་མེད་ཀྱི་རྣལ་འབྱོར་རོ། །དེ་ཡང་ཇོ་བོས་དགོན་པ་བ་ལ་གནང་བའི་ཕྱག་ཆེན་ལས། བསྒོམས་པས་རྣལ་འབྱོར་རྣམ་པ་བཞི་རིམ་གྱིས་འཆར་བ་ཡིན་ཏེ། སེམས་ཀྱི་ངོ་བོ་གསལ་ལ་རང་བཞིན་མེད་པ་ས་ལེ་སིང་ངེ་བ་ལ་མི་འཕྲོ་བ་དེ་ལ། རྩེ་གཅིག་གི་རྣལ་འབྱོར་ཟེར། དེ་རྒྱུད་ལ་སྐྱེས་པའི་དུས་སུ་འཇིག་རྟེན་གྱི་སྣང་བ་འདི་ལ་བདེན་ཞེན་ཆུང་དུ་འགྲོ། ཉམས་ལ་རེས་བསྒོམ་བཟང་པོ་སྐྱེས་སྙམ་པ་དང་། རེས་ཤེས་པ་ཆོས་ཉིད་ཀྱི་བརླན་དང་བྲལ་ནས་འདུག་སྙམ་དུ་མཐོ་དམན་མང་པོ་འོངས་ཏེ། གདམས་ངག་གིས་ཟིན་པར་བྱས་ཏེ་མ་ཡེངས་པར་ཡང་དང་ཡང་དུ་མཉམ་པར་བཞག་པར་བྱ་ཞིང་གོམས་སུ་གཞུག །ཤེས་པའི་ངོ་བོ་གསལ་ལ་རྟོག་པ་མེད་པ། ཡོད་མེད། རྟག་ཆད། འགྲོ་འོང་ལ་སོགས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ། ཆོས་ཀྱི་སྐུར་རྟོགས་པ་དེ་ལ་སྤྲོས་བྲལ་གྱི་རྣལ་འབྱོར་ཟེར་བ་ཡིན། དེ་རྒྱུད་ལ་སྐྱེས་པའི་དུས་སུ་སྔར་གྱི་ཆོས་ཐམས་ཅད་ཕྱི་ཤུན་དུ་འགྲོ། ཐ་སྙད་ཀྱི་སྤྲོས་པ་ཆོད། དབུལ་པོས་གཏེར་རྙེད་པ་དང་འདྲ། དེ་ལ་གོམས་པར་བྱས་པས་སྣོད་བཅུད་དུ་སྣང་བ་ཐམས་ཅད་རང་གི་སེམས་སུ་ཤེས་ཤིང་སེམས་ཀྱི་རང་བཞིན་སྐྱེ་མེད་དུ་ཤེས་པ་དེ་ལ་དུ་མ་རོ་གཅིག་གི་རྣལ་འབྱོར་བྱ་བ་ཡིན། དེ་རྒྱུད་ལ་སྐྱེས་པའི་དུས་སུ་གཟུང་འཛིན་གྱི་རྣམ་རྟོག་སྣ་ཚོགས་སུ་སྣང་བ་ཡང་སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུར་རྟོགས་པས། རྟོག་པ་རང་སར་དག་ནས་འགྲོ། དེ་ལྟར་གོམས་པར་བྱས་པས་རང་གི་ཤེས་པ་བསྒོམ་བྱ་དང་སྒོམ་བྱེད་ལས་གྲོལ་ནས། མཉམ་རྗེས་མེད་པར་ཡུལ་ཡུལ་ཅན་གཉིས་མེད་དུ་རྟོགས་པ་དེ་ལ་བསྒོམ་དུ་མེད་པའི་རྣལ་འབྱོར་ཟེར། དེ་རྒྱུད་ལ་སྐྱེས་པའི་དུས་སུ། རང་སེམས་ཆོས་སྐུར་རྟོགས་པས་ཉོན་མོངས་པའི་མེ་འདག་ཞི། ཡོན་ཏན་ཐམས་ཅད་ཤུགས་ལ་སྐྱེ། ཞེས་གསུངས་སོ། །སེམས་ལ་ལྡོག་པའི་སྒོ་ནས་ཕྱེ་ན། གསེབ་ལམ་གྱི་ཁྲིད་ལས། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རང་བཞིན་སྟོང་ཞིང་ཞི་བ། ངོ་བོ་སྤྲོས་བྲལ་དག་ཅིང་གསལ་བ། མཚན་ཉིད་མ་འདྲེས་པ་ཡོངས་སུ་རྫོགས་པ། གཤིས་ཀ་སྐྱེ་མེད་ལྷུན་གྱིས་གྲུབ་པ་བྱ་བ་ཡིན། ཞེས་གསུངས་པ་ལས། རྩེ་གཅིག་གི་དུས་སུ་སེམས་ཀྱི་རང་བཞིན་མཐོང༌། སྤྲོས་བྲལ་གྱི་དུས་སུ་སེམས་ཀྱི་ངོ་བོ་མཐོང༌། རོ་གཅིག་གི་དུས་སུ་སེམས་ཀྱི་མཚན་ཉིད་མཐོང༌། སྒོམ་མེད་ཀྱི་དུས་སུ་སེམས་ཀྱི་གཤིས་ཀ་རྟོགས་པ་ཙམ་ལས་དོན་རང་སེམས་ཕྱག་རྒྱ་ཆེན་པོར་ལྷུན་གྱིས་གྲུབ་པ་ཡིན་ནོ། །རྣལ་འབྱོར་བཞིའི་ཡིན་མིན་ཤན་འབྱེད་ནི། རྗེ་བཙུན་མི་ལ་རས་པས། སེམས་དངོས་པོར་འཛིན་པ་འཁོར་བའི་རྒྱུ། །གསལ་ལ་འཛིན་མེད་རང་རིག་དེ། །ལྷུན་གྲུབ་ཡིན་པར་ངོ་ཤེས་ན། །རྩེ་གཅིག་མཐའ་རུ་ཕྱིན་པ་ཡིན། །ཟུང་འཇུག་ཟེར་ཞིང་མཚན་བཅས་བསྒོམ། །རྒྱུ་འབྲས་ཟེར་ཞིང་ལོག་འཚོ་བསྒྲུབ། །རྨོངས་པ་ཀུན་འབྱུང་བསྒོམ་པ་ལ། །རྩེ་གཅིག་གི་རྣལ་འབྱོར་ཁོ་ལ་མེད། །གསལ་ལ་འཛིན་མེད་རང་སེམས་དེ། །སྤྲོས་བྲལ་བདེ་བའི་སྙིང་པོ་ཅན། །ངོ་བོ་མཁའ་ལྟར་གསལ་ཙ་ན། །སྤྲོས་བྲལ་མཐའ་རུ་ཕྱིན་པ་ཡིན། །སྤྲོས་བྲལ་ཟེར་ཞིང་སྤྲོས་པ་མང་། །བརྗོད་མེད་ཟེར་ཞིང་ཐ་སྙད་མང་། །རྨོངས་པ་གཉིས་འཛིན་བསྒོམ་པ་ལ། །སྤྲོས་བྲལ་གྱི་རྣལ་འབྱོར་ཁོ་ལ་མེད། །སྣང་སེམས་གཉིས་མེད་ཀྱི་ཆོས་སྐུ་ལ། །འཁོར་འདས་རོ་གཅིག་ཉམས་སུ་མྱོང་། །སངས་རྒྱས་སེམས་ཅན་འདྲེས་པ་ན། །རོ་གཅིག་མཐའ་རུ་ཕྱིན་པ་ཡིན། །རོ་གཅིག་ཟེར་ཞིང་དུ་མར་སྨྲ། །གཅིག་ཆར་ཟེར་ཞིང་ཐུན་དུ་གཅོད། །རྨོངས་པ་ཡང་ཡེངས་སྒོམ་པ་ལ། །རོ་གཅིག་གི་རྣལ་འབྱོར་ཁོ་ལ་མེད། །རྣམ་རྟོག་ཡེ་ཤེས་ཀྱི་སྙིང་པོ་ཅན། །ལྷུན་གྲུབ་རྒྱུ་འབྲས་གཉིས་སུ་མེད། །སྐུ་གསུམ་རང་ལ་ཚང་ཙ་ན། །སྒོམ་མེད་མཐའ་རུ་ཕྱིན་པ་ཡིན། །སྒོམ་མེད་ཟེར་ཞིང་ཡིད་ལ་བྱེད། །འོད་གསལ་ཟེར་ཞིང་གཏི་མུག་བསྒོམ། །རྨོངས་པ་ཁ་ལྟ་སྨྲ་བ་ལ། །སྒོམ་མེད་ཀྱི་རྣལ་འབྱོར་ཁོ་ལ་མེད། །ཅེས་གསུངས་སོ། །མཉམ་རྗེས་ནི། ཞང་གི་ལམ་མཆོག་མཐར་ཐུག་ལས། རང་སེམས་རྟོགས་པའི་མཉམ་བཞག་ནི། །རྣལ་འབྱོར་བཞི་ཡི་རིམ་པས་ཤེས། །རྩེ་གཅིག་རྣལ་འབྱོར་ཤར་དུས་སུ། །རང་གི་སེམས་ཀྱི་རང་བཞིན་རྟོགས། །བར་སྣང་དག་པའི་དཀྱིལ་ལྟ་བུ། །གསལ་སྟོང་མ་འགགས་མཐའ་དབུས་མེད། །སིང་ངེ་ཡེ་རེ་གནས་པ་དེ། །རྣལ་འབྱོར་དང་པོའི་མཉམ་བཞག་ཡིན། །དེ་ལས་རྣམ་རྟོག་འཕྲོས་པ་དེ། །མལ་ན་སྒོམ་ཡང་རྗེས་ཐོབ་ཡིན། །གསལ་སྟོང་སིང་ངེ་ཡེ་རེ་ལ། །གནས་ན་ལབ་ལོབ་འགྲོ་འདུག་ཀྱང༌། །མཉམ་བཞག་ངང་ལ་གནས་པ་ཡིན། །སྤྲོས་བྲལ་རྣལ་འབྱོར་ཤར་དུས་སུ། །རང་གི་སེམས་ཀྱི་ངོ་བོ་རྟོགས། །རིག་པ་སྤྲོས་བྲལ་རྒྱུན་ཆད་མེད། །སྐྱེ་འགག་བླང་དོར་མེད་པ་ཡི། །རང་སེམས་ཆོས་སྐུར་གནས་པ་དེ། །རྣལ་འབྱོར་གཉིས་པའི་མཉམ་བཞག་ཡིན། །མཉམ་བཞག་དེ་ལ་གནས་པ་ན། །འགྲོ་དང་ལབ་ལོབ་སྨྲ་བྱེད་ཀྱང༌། །མཉམ་བཞག་ངང་ལ་གནས་པ་ཡིན། །སྤྲོས་པའི་མཚན་མས་གཡེངས་གྱུར་ན། །མལ་ན་སྒོམ་ཡང་རྗེས་ཐོབ་ཡིན། །རོ་གཅིག་རྣལ་འབྱོར་ཤར་དུས་སུ། །རང་གི་སེམས་ཀྱི་མཚན་ཉིད་རྟོགས། །རང་སེམས་སྤྲོས་བྲལ་ཆོས་སྐུ་ལས། །འཁོར་འདས་དུ་མར་ཤར་བར་རྟོགས། །རྣམ་པར་རྟོག་དང་མི་རྟོག་དང༌། །སྣང་དང་སྣང་མེད་གནས་པ་དང༌། །མི་གནས་སྟོང་དང་མི་སྟོང་དང༌། །གསལ་དང་མི་གསལ་སྣ་ཚོགས་ཀུན། །འོད་གསལ་ཆོས་སྐུར་རོ་གཅིག་པས། །ཆོས་སྐུ་མིན་པའི་རྣམ་མ་མཐོང༌། །འོད་གསལ་མིན་པའི་རྟོག་མ་མཐོང༌། །དེ་ལྟར་རོ་མཉམ་རྟོགས་པ་དེ། །ཡིད་ཀྱིས་ཟིན་པའི་དུས་ཚོད་དེ། །རྣལ་འབྱོར་གསུམ་པའི་མཉམ་བཞག་ཡིན། །གཉུག་མའི་ཡིད་ཀྱིས་ཟིན་གྱུར་ན། །མཆོངས་རྒྱུག་ལབ་ལོབ་སྨྲ་བྱེད་ཀྱང༌། །མཉམ་བཞག་ངང་ལ་གནས་པ་ཡིན། །གཉུག་མའི་ཡིད་དང་བྲལ་གྱུར་ན། །མལ་ན་སྒོམ་ཡང་རྗེས་ཐོབ་ཡིན། །སྒོམ་མེད་རྣལ་འབྱོར་ཤར་དུས་སུ། །རིག་པའི་ངོ་བོ་རྟེན་དང་བྲལ། །རྣལ་འབྱོར་པ་ལ་བསྒོམ་རྒྱུ་མེད། །སྒོམ་མཁན་མི་འདུག་ཕྱལ་བར་སོང༌། །སྐུ་གསུམ་ཡེ་ཤེས་ལྔ་ལྡན་གྱི། །སངས་རྒྱས་རང་ལ་ཚང་ངོ་ཟེར། །འདི་རང་ཡིན་པར་ད་གདོད་ཤེས། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དེ། །འདི་རང་ཡིན་པར་དོན་ཐག་ཆོད། །ཡེ་ནས་གནས་པའི་དངོས་གྲུབ་ལ། །ཐོབ་བོ་སྙམ་པའི་རློམ་སེམས་མེད། །དྲན་པས་ཟིན་དང་མ་ཟིན་མེད། །ཡིད་ལ་བྱེད་དང་མི་བྱེད་མེད། །རོ་གཅིག་ཡིན་དང་མ་ཡིན་མེད། །གཉིས་མེད་ཤེས་པ་རང་སོ་ལ། །མཉམ་བཞག་རྗེས་ཐོབ་རིམ་པ་མེད། །རིག་སྟོང་རྒྱུན་ཆད་མེད་པ་ལ། །འཆི་བ་མེད་ཅིང་སྐྱེ་བ་མེད། །ཁྱུང་རྩལ་སྒོང་ཤུན་ནང་ནས་རྫོགས། །སྒོང་ཤུན་དང་བྲལ་ནམ་འཕང་གཅོད། །སྐུ་གསུམ་ཡོན་ཏན་སེམས་ལ་རྫོགས། །ལུས་རྒྱ་ཞིག་ནས་གཞན་དོན་འཆར། །དེ་ལྟར་སྒོམ་མེད་ཤར་བ་ལ། །མཉམ་བཞག་རྗེས་ཐོབ་རིམ་པ་མེད། །རྟོགས་པ་ཇི་ལྟར་མཐོ་ཡང་རུང་། །ཇི་སྲིད་གོམས་སུ་ཡོད་བར་དུ། །མཉམ་བཞག་རྗེས་ཐོབ་གཉིས་སུ་ཡོད། །དྲན་པས་ཟིན་དང་མ་ཟིན་ཡོད། །ཡེངས་དང་མ་ཡེངས་གཉིས་སུ་ཡོད། །གོམས་སུ་མེད་པར་ཤར་ཙམ་ན། །སྒོམ་དུ་མེད་ཅེས་དེ་ལ་བྱ། །དེ་ལ་མཉམ་བཞག་རྗེས་ཐོབ་མེད། །རྟག་ཏུ་མཉམ་བཞག་འབའ་ཞིག་ཡིན། །འགྲོ་འམ་འདུག་གམ་ཉལ་ཡང་རུང་། །གཉིད་དང་རྨི་ལམ་རྨི་ཡང་རུང་། །ལབ་ལོབ་སྨྲ་དང་ཟ་ཡང་རུང་། །གཉུག་མ་རྟོགས་པའི་ཡིད་ཁྱབ་པས། །ཐམས་ཅད་མཉམ་བཞག་འབའ་ཞིག་ཡིན། །ནོར་བུ་དགོས་འདོད་རང་ཆས་ཡིན། །ཉི་མ་འོད་དང་རང་ཆས་ཡིན། །རྣལ་འབྱོར་མཉམ་བཞག་འབའ་ཞིག་ཡིན། །གཉིས་མེད་མངོན་གྱུར་དེ་ལ་ཟེར། །རྩེ་གཅིག་དུས་ཀྱི་རྗེས་ཐོབ་འདི། །དངོས་པོ་ཨ་འཐས་ཉིད་དུ་སྣང༌། །སྣང་ཡང་སྒྱུ་མར་བསྒོམ་པར་བྱ། །སྤྲོས་བྲལ་དུས་ཀྱི་རྗེས་ཐོབ་འདི། །རེས་འགའ་སྒྱུ་མར་འཆར་ཡང་ནི། །རེས་འགའ་ཨ་འཐས་ཉིད་དུ་འོང༌། །འོང་ཡང་ཆོས་སྐུར་བསྒོམ་པར་བྱ། །རོ་གཅིག་དུས་ཀྱི་རྗེས་ཐོབ་འདི། །དྲན་པས་ཟིན་ཚེ་ཆོས་སྐུར་འཆར། །མ་ཟིན་ཨ་འཐས་ཡད་ཡུད་ཙམ། །སྒོམ་དུ་མེད་ལ་མཉམ་བཞག་དང༌། །རྗེས་མེད་ཆོས་སྐུ་འབའ་ཞིག་སྟེ། །གཟུགས་སྐུ་གཉིས་པོ་གཞན་སྣང་ངོ་། །ཞེས་སོ། །
གཉིས་པ་ལ། གོལ་ཤོར་གཅོད་པ། ཉམས་རྟོགས་སྐྱེ་ཚུལ། སྒྲིབ་པ་སྤོང་ཚུལ་ལོ། །དང་པོ་ནི། སྟོང་པར་བསྒོམ་ན་གོལ་ས་དང་ཤོར་ས་མང༌སྟེ། རྗེ་མི་ལས། སྤྱིར་སྟོང་ཉིད་ལ་ཤོར་ས་བཞི་ཡོད་པ་ཡིན། སྟོང་ཉིད་རྒྱས་འདེབས་སུ་ཤོར་བ་དང༌། ཤེས་བྱའི་གཤིས་ལ་ཤོར་བ་དང༌། སྟོང་ཉིད་གཉེན་པོར་ཤོར་བ་དང༌། ཆད་པར་ཤོར་བ་དང་བཞི་ཡིན་ཏེ། སྟོང་ཉིད་རྒྱས་འདེབས་སུ་ཤོར་བ་བྱ་བ། འདི་ལྟར་བཟུང་བ་དང་འཛིན་པ་བློ་ཡུལ་དུ་གྱུར་པའི་ཆོས་ཐམས་ཅད་སྟོང་པར་བསྒོམ་པ་ཡིན་ཟེར་བ་ཡོད། སྟོང་ཉིད་ཤེས་བྱའི་གཤིས་ལ་ཤོར་བ་བྱ་བ། འདི་ལྟར་འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་མོད་ཟེར་བ་ཡོད། སྟོང་ཉིད་གཉེན་པོར་ཤོར་བ་བྱ་བ། ཉོན་མོངས་པ་དང་རྣམ་རྟོག་གང་སྐྱེས་ལ་བལྟས་པས་དེ་དག་སྟོང་པ་ཉིད་ཡིན་ཟེར་བ་ཡོད། སྟོང་ཉིད་ཆད་པར་ཤོར་བ་བྱ་བ། ང་ལ་བསྒོམ་རྒྱུ་མེད་ཅིང་བསྒོམ་ཐམས་ཅད་སྟོང་ཉིད་ཡིན་མོད་ཟེར་བ་ཡོད། དེ་ཐམས་ཅད་ལམ་ཡང་དག་པ་མ་ཡིན། འོན་ཀྱང་ལས་དང་པོ་པ་ལ་བློའི་བདེན་ཞེན་ལྡོག་པ་ལ་ཕན་རུང་ཙམ་ཡིན། ལར་སེམས་ཀྱི་གཞི་རྩ་མ་ཆོད་ན། བདེ་གསལ་མི་རྟོག་གསུམ་གྱི་ཉམས་ཀྱང་སྲིད་པ་གསུམ་ལས་མ་འདས། རྩ་བ་མ་ཆོད་པའི་ཉམས་བྱ་བ་ཡིན། ཞེས་གསུངས་སོ། །དེ་ཡང་ཉམས་མྱོང་གི་བདེ་བ་ལ་ཞེན་ན་འདོད་པའི་ཁམས་སུ་གོལ། གསལ་བ་ལ་ཞེན་ན་གཟུགས་ཀྱི་ཁམས་སུ་གོལ། རྟོག་མེད་ལ་ཞེན་ན་གཟུགས་མེད་ཁམས་སུ་གོལ་ཞིང་། གོལ་ས་གཞན་ཡང་གྲུབ་མཐའ་བློ་ཡི་མུན་སེལ་ལས། གོལ་ས་ལ་ལྔ། དངོས་འཛིན་ཞེན་པས་འཁོར་བར་གོལ། སྟོང་ཉིད་མཐའ་དང་བྲལ་བས་ཉན་ཐོས་སུ་གོལ། ནུས་མཐུ་མཐོང་སྣང་རློམ་པས་རུ་ཏྲར་གོལ། མཐར་འཛིན་བློས་བརྟགས་མདུད་པས་གྲུབ་མཐར་གོལ། ཡོད་པ་བཀག་ནས་མེད་པར་བསྒྲུབ་པས་ཡང་དག་དོན་ལ་གོལ། ཞེས་གསུངས་སོ། །སྟོང་ཉིད་རྒྱས་འདེབས་དང་གཉེན་པོ་དང་ལམ་དང་གཤིས་སུ་ཤོར་བ་ལས། གཟུང་འཛིན་ལ་སོགས་བློ་ཡི་ཡུལ་དུ་གྱུར་པའི་ཆོས་རྣམས། བློས་བྱས་སྟོང་པ་བསྒོམ་པ་རྒྱས་འདེབས་སུ་ཤོར་བ་ཡིན། ཉོན་མོངས་སྐྱེས་པ་དེ་ཉིད་སྟོང་པར་མི་ཤེས་པར་སྟོང་པ་སྒྱུ་མ་ལྟ་བུར་སྒོམ་པ་གཉེན་པོར་ཤོར་བ་ཡིན། ཆོས་རྣམས་ཐམས་ཅད་སྟོང་ཉིད་གཞི་རྩ་དང་བྲལ་ལོ་ཟེར་ཞིང༌སྟོང་པར་བསྒོམས་པ་ལམ་དུ་ཤོར་བ་ཡིན། ཆོས་རྣམས་ནམ་མཁའ་ལྟ་བུར་ཅིར་ཡང་གྲུབ་པ་མེད་པས་བསྒོམ་དུ་མེད་ཟེར་བ་ནི་ཤེས་བྱའི་གཤིས་ལ་ཤོར་བ་ཡིན་ནོ། །
གཉིས་པ་ཉམས་རྟོགས་སྐྱེ་ཚུལ་ལ། ལམ་རྣལ་འབྱོར་བཞི། འབྲས་བུ་སྐུ་གསུམ་མོ། །དང་པོ་ལ། རྩེ་གཅིག །སྤྲོས་བྲལ། རོ་གཅིག །སྒོམ་མེད་དོ། །དང་པོ་ནི། ལམ་ཉམས་སུ་ལེན་པ་དེ་ལ་བླ་མ་དམ་པས་བསྟན་པའི་སེམས་ཀྱི་བཞག་ཐབས་ཀྱི་གནད་མ་འཆོལ་ན་ཉམས་རྟོགས་སྐྱེ་ངེས་ཤིང། ཉམས་རྟོགས་ཀྱི་རིམ་པ་བྱེ་བྲག་ཏུ་སྐྱེ་བའི་ཚུལ་ནི། ཞུས་ལན་ཡེ་ཤེས་འོད་ལས། ཆོས་བྱེད་རྟེན་གྱི་གང་ཟག་ལ། །བླ་མ་དམ་པས་བསྒོམ་བཏབ་པ། །ཉམས་སུ་བླངས་པར་གྱུར་པ་ལ། །ཉམས་རྟོགས་སྐྱེ་བའི་ཚུལ་ལུགས་ནི། །རྣམ་པ་གསུམ་དུ་གསུང་ལུགས་ལས། །གཅིག་ཆར་པ་ལ་རྟོགས་པ་སྐྱེ། །ཉམས་སུ་མ་ཤོར་ཉམས་མྱོང་བསྐྱང༌། །ཐབས་གཞན་མ་ཚོལ་ངོ་སྤྲོད་གྱིས། །ཐོད་རྒལ་རེས་འཇོག་ཚུལ་དུ་སྐྱེ། །སྒོམ་མ་སྐྱེས་པ་ཡང་རང་སེམས་ཡིན། །སྒོམ་སྐྱེས་པ་དེ་མཚམས་སྦྱོར་བྱ། །རྣལ་འབྱོར་བཞི་ཡི་རིམ་པ་འདི། །རིམ་སྐྱེས་པ་ལ་གསུངས་པ་ཡིན། །ཞེས་གང་ཟག་དབང་པོའི་ཁྱད་པར་གྱིས་གཅིག་ཆར་བ་ལ་ཞང་གི་ལམ་མཆོག་མཐར་ཐུག་ལས། གཅིག་ཆར་བ་ཡི་གང་ཟག་ལ། །རྟོགས་པའི་བཅུད་ལྡན་བླ་མ་ཡིས། །གདམས་ངག་བསྟན་མ་ཐག་ཏུ་འམ། །སེམས་ལ་བལྟས་པ་ཙམ་གྱིས་ནི། །ཉམས་མྱོང་རྟོགས་པ་གནས་པ་གསུམ། །སྒོམ་ལོང་མེད་པར་དུས་གཅིག་འཆར། །ཉམས་མྱོང་འཕེལ་འགྲིབ་བྱུང་གྱུར་ཀྱང༌། །རྟོགས་པ་འགྱུར་མེད་བརྟན་པར་གནས། །ཞེས་དང་པོ་སེམས་དོན་མཐོང་བའི་རྟོགས་པ་སྐྱེ། ཐོད་རྒལ་བ་ལ་ཞང་གི་ལམ་མཆོག་མཐར་ཐུག་ལས། ཐོད་རྒལ་བ་ཡི་འཆར་ལུགས་ནི། །གནས་དང་ཉམས་མྱོང་རྟོགས་པ་གསུམ། །སྔོན་དུ་རྟོགས་པ་ལྷག་གིས་འཆར། །རྟོགས་ཀྱང་མི་བརྟན་རྦ་རླབས་འདྲ། །རེས་འགའ་ཉམས་མྱོང་རེས་འགའ་ནི། །གནས་པ་འོང་སྟེ་ངེས་པ་མེད། །ཉམས་ཀྱི་མཐོ་དམའ་སྐས་ཁའི་རྩལ། །ཞེས་ཉམས་རྟོགས་རེས་ཡོད་རེས་མེད་བྱེད། རིམ་སྐྱེས་པ་ལ་དང་པོ་རྩེ་གཅིག་གི་རྣལ་འབྱོར་སྐྱེས་པ་ན། ཞུས་ལན་ཡེ་ཤེས་འོད་ལས། རྩེ་གཅིག་སེམས་ཀྱི་རང་བཞིན་མཐོང༌། །རྩེ་གཅིག་དང་པོ་སེང་ངེ་ཡེ་རེ་བ། །བདེ་གསལ་མི་རྟོགས་ཉམས་མྱོང་སྐྱེ། །སྒོམ་པའི་དུས་སུ་དངོས་མེད་སྟོང་པ་སྐྱེ། །འོན་ཀྱང་ཉམས་ཀྱི་ཞེན་པ་ཡིན། །མ་ངེས་བསམ་གཏན་གཉིས་པའོ། །སེམས་ཀྱི་རང་བཞིན་གདོད་ནས་སྟོང། །ཐམས་ཅད་སྟོང་པ་ཡིན་སྙམས་སྐྱེ། །སྒོམ་འདི་ལས་ལྷག་པ་མེད་སྙམ་སྐྱེ། །བསྒོམས་པས་ཁེངས་པའི་སྟོང་ལྦོས་ཀྱིས། །ཆེན་པོ་རྣམས་ལ་བརྙས་པ་ཡིན། །འོན་ཀྱང་རྟོགས་པ་མེད་པ་ཡིས། །ཆོས་ཉིད་ཉམས་ཀྱི་མཐར་ཐུག་ཡིན། །ཞེས་པས་བདེ་གསལ་མི་རྟོག་པའི་ཉམས་སེང་ངེ་ཡེ་རེ་བ་གནས་པ་ནི་བདེ་གསལ་དུ་གནས་པའི་ངོ་བོ་མཐོང་བ་ཡིན། རྗེས་ཐོབ་ཏུ་ཉམས་ལ་མཐོ་དམན་དང་ཉམས་ཡོད་མེད་བྱུང་བ་རྩེ་གཅིག་ཆུང་ངུའི་དུས་སུ་རྩ་བའི་བླ་མ་བསྒོམ་ཞིང་མཎྜལ་འབུལ་བར་བྱ། ཡུལ་དང་ཡུལ་ཅན་གྱི་ཆོས་ཐམས་ཅད་སྟོང་པར་འཆར་བ་ནི་རྩེ་གཅིག་འབྲིང་པོ་ཡིན། འོན་ཀྱང་རྗེ་མར་པས། དུས་གསུམ་སངས་རྒྱས་ཞལ་མཇལ་ཀྱང༌། །ཕྱིན་ཆད་དྲི་རྒྱུ་མེད་དོ་སྙམ། །སེམས་ཁོ་ཐག་ཆོད་པའི་ཉམས་ཤིག་སྐྱེས། །ཡིད་འགྱུ་བ་ཟད་པ་ངོ་མཚར་ཆེ། །ཞེས་པ་ལྟར་ཐག་ཆོད་པའི་ངེས་ཤེས་མེད་པ་སྟོང་ཉམས་ཡིན་ཞིང། སྟོང་ཉམས་ལ་ཕྱི་རོལ་གྱི་ཡུལ་སྣང་སྲིད་འཁོར་འདས་ཀྱི་ཆོས་རྣམས་ཐམས་ཅད་དང༌། ནང་རང་སེམས་སྟོང་ཉིད་ནམ་མཁའ་མཐའ་དབུས་མེད་པ་ལྟ་བུར་ཤར་བ་དེ་ནི་སྣང་བ་བཀག་ནས་སྟོང་པ་བསྒོམ་པ་མིན་ནོ། །ཡུལ་དུ་སྣང་བ་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ་པ་ན་གསལ་བ་དང་ཕྲ་བ་ལ་སོགས་པའི་ཤེས་རབ་སྐྱེ་བ་མདོ་ལམ་གྱི་ཆོས་མཆོག་ཆེན་པོའི་ཏིང་འཛིན་འདྲ་བ་ཡིས་སེམས་ཀྱི་རང་བཞིན་སྟོང་པར་རྟོགས་པ་རྩེ་གཅིག་ཆེན་པོ་ན་བཀའ་བཞིའི་གདམས་པ་ལས། སེམས་ལམ་དུ་སློང་ན་ལམ་གྱི་ཡོན་ཏན་ནི་ལོ་ཀའི་ལམ་གྱི་སྐབས་སུ་དྲོད་སྐྱེ། ལོ་ཀ་ལས་འདས་པའི་ལམ་དུ་རྟགས་ཀྱི་ཡོན་ཏན་ཐམས་ཅད་འབྱུང་ཞིང་ཡོན་ཏན་ཐམས་ཅད་རྫོགས་པའོ། །ཞེས་པའི་ལམ་རྟགས་དྲོད་ཀྱི་ཉམས་མྱོང་ཀུན་མངོན་སུམ་དུ་རྟོགས་པ་མེད་པས་མ་ངེས་པའི་བསམ་གཏན་བྱ་བ་ཡིན་ཏེ། ཡང་དགོན་པའི་སྙིང་པོའི་གཏེར་མཛོད་ལས། ངོ་བོ་གསལ་ལ་གོ་མ་འགགས་པའི་ཤེས་པ་ནམ་མཁའ་དྭངས་པའི་དཀྱིལ་ལྟ་བུ་དེ་ལ་ཡིད་ཆེས་ཤིང༌། རྟོག་མེད་དུ་ངེས་ཤེས་སྐྱེས་པ་ན། རྩེ་གཅིག་གི་ངོ་བོ་མཐོང༌། བདེ་གསལ་མི་རྟོག་པའི་ངང་ལ་ས་ལེ་སེང་ངེ་གནས་པ་ཙམ་འདུག་ཀྱང་ཡིད་ཆེས་ཀྱི་ངེས་ཤེས་མ་སྐྱེས་ན། ལྷག་མཐོང་གི་ཉམས་དང་མ་འབྲེལ། གནས་ལུགས་དང་ཞལ་མ་མཇལ་བས། རྩེ་གཅིག་མུན་པའི་དཀྱིལ་ན་འབྱམས་པ་ཞེས་བྱ་བ་ངོ་བོ་མ་མཐོང་བ་ཡིན། སེམས་རང་ངོ་མ་ཤེས་པས་ཉམས་རྟོགས་ཀྱི་ས་མཚམས་མ་ཕྱེད་དེ། སྣང་ལ་མ་ངེས་པའི་ཉམས་བུ་ཆུང་གིས་ཟླ་བ་མཐོང་བའམ། བླུན་པོས་ལྷ་ཁང་མཐོང་བ་ལྟ་བུའོ། །ངེས་ཤེས་ཡུལ་འཛིན་དང་བཅས་པས་ཉམས་རྟོགས་དྲི་མ་ཅན་ཡིན། ཞེས་གསུངས་སོ། །