བསྟན་བཅོས་ཡོན་ཏན་རིན་པོ་ཆེ་ཀུན་ཏུ་འོད་ཀྱི་ཊཱིཀ་སྙིང་པོ་གསལ་བ་ཞེས་བྱ་བ་བཞུགས་སོ། ། 6

2014-04-25

~~བརྒྱད་པ་སེམས་ཉིད་སྒོམ་པའི་མན་ངག་ལ། སེམས་ཉིད་སྒོམ་པའི་གནད་ཆོས། སེམས་ཉིད་སྒོམ་པའི་ཚད་མ། སེམས་ཉིད་སྒོམ་པའི་རྐྱང་འདེད་དོ། །དང་པོ་ནི། སྒྲུབ་པ་བྱེད་པའི་གང་ཟག་དག་གིས་གཏུམ་མོ་སྒྲོན་གསལ་ལས། དབེན་ཞིང་ཉམས་དགའི་ས་ཕྱོགས་སུ། འཇིག་རྟེན་བྱ་བ་ཐག་བསྲིང་སྟེ། མཐུན་རྐྱེན་ཐམས་ཅད་འཚོགས་པ་དང༌། བདེ་བའི་སྟན་ལ་འདུག་ནས་ནི། ཐེག་དམན་གོལ་ས་གཅོད་པ་དང༌། །འགྲོ་དོན་དཔག་མེད་འབྱུང་བ་ཡི། །སྦྱོར་བ་ཚོགས་གཉིས་བསགས་པ་དང༌། །བྱང་ཆུབ་མཆོག་སེམས་བསྐྱེད་པར་བྱ། །ཆུ་རྐ་མེད་ཡུར་དུ་མི་འབབ་པས། །རྟེན་འབྲེལ་མི་འཆུག་འགྲིག་པ་དང༌། །དངོས་གྲུབ་རྣམ་གཉིས་འབྱུང་བའོ། །ཞེས་པ་ལྟར་བྱ་དགོས་པས་སྤྱོད་འཇུག་ལས། སྐལ་ལྡན་ཟླ་འོད་ཙནྡན་གྱིས་བསིལ་བའི། །ཡངས་པའི་རྡོ་ལེབ་ཁང་བཟངས་ཉམས་དགའ་བར། །སྒྲ་མེད་ཞི་བའི་ནགས་རླུང་གཡོ་བ་ཡིས། །གཞན་ལ་ཕན་དོན་སེམས་ཤིང་འཆག་པར་བྱེད། །ཅེས་བསྔགས་པའི་དགོན་པའམ་ནི་ནགས་ཁྲོད་དབེན་པ་རུ་འཇིག་རྟེན་གྱི་བྱ་བ་དགྲ་འདུལ་གཉེན་སྐྱོང་སོགས་བློས་བཏང་བས་རི་ཁྲོད་པ་ལ་གདམས་པ་ལས། གཅིག་པུར་རི་ཁྲོད་འགྲིམས་པ་དེ། །འཇིགས་སྐྱོ་ཉམ་ང་མེད་པ་དང༌། །ཏིང་འཛིན་གནད་དུ་མ་འཆུགས་ནས། །གཡེང་བ་མེད་ན་དབེན་པ་ཡིན། །ཞེས་པ་ལྟ་བུར་གྱུར་ནས་དམ་ཆོས་ཉམས་སུ་ལེན་པའི་བསྒྲུབ་པ་ལ་ཞུགས་པ་ན་ནི། གསེབ་ལམ་གྱི་ཁྲིད་ལས། སྦྱོར་བའི་དུས་སུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང༌། དངོས་གཞིའི་དུས་སུ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་རུས་སུ་ཐོན་པ་བསྒོམ་པ་དང༌། ལུས་ངག་ཡི་དམ་གྱི་ལྷར་གསལ་བར་བསྒོམ་པ་དང༌། བླ་མ་སྙིང་གི་དཀྱིལ་དུ་བསྒོམས་ནས་རྣམ་རྟོག་གཞན་གྱིས་བར་མ་ཆོད་པར་མོས་གུས་ཐུན་མོང་མ་ཡིན་པར་བྱེད་པ་དང༌། མདུན་དུ་ཇོ་བོ་ཐུགས་རྗེ་ཆེན་པོ་བསྒོམ་པ་ལ་སོགས་པའི་དམིགས་པ་རིམ་པ་བཞིན་དུ་བསྒོམ་པ་དང༌། རྗེས་ཀྱི་དུས་སུ་སེམས་ཉིད་ཕྱག་རྒྱ་ཆེན་པོར་མྱོང་བ་དང་རྟོགས་པའོ། །ཞེས་པས་དང་པོ་བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ་ལུས་ཡི་དམ་གྱི་ལྷར་བསྒོམ་ཞིང༌། གཏུམ་མོ་སྒྲོན་གསལ་ལས། དངོས་དང་བརྒྱུད་པའི་བླ་མ་རྣམས། །ཐུགས་ཐག་ཉེ་ཞིང་བྱིན་གྱིས་རློབས། །སྙིང་གི་དཀྱིལ་དུ་བསྒོམ་པར་བྱ། །ཞེས་པས་རྩ་བའི་བླ་མ་སྙིང་གི་དཀྱིལ་དུ་བསྒོམ་ཞིང་། ཞུས་ལན་མུ་ཏིག་ཕྲེང་བ་ལས། བླ་མ་སངས་རྒྱས་ཅི་ལྟ་བར། །བདག་གིས་བསྒོམ་ཞེས་ཞུས་པ་ནི། །བླ་མ་སངས་རྒྱས་ཆོས་སྐུ་ནི། །ཟབ་ཞི་སྤྲོས་བྲལ་འདུས་མ་བྱས། །ལོགས་ན་ཡོད་སྙམ་མི་བྱེད་པར། །འབྲལ་མ་མྱོང་བ་མོས་གུས་ཡིན། །ཟག་མེད་བདེ་ཆེན་ལོངས་སྐུ་ནི། །སྒེག་སོགས་དཔལ་ལྡན་ཧེ་རུ་ཀ །ཐབས་ཤེས་རབ་གཉིས་མེད་འཁྲིལ་བའི་སྐུ། །ཟུང་འཇུག་འབྲལ་མེད་མོས་གུས་ཡིན། །སྣ་ཚོགས་འཁོར་འདས་མ་ལུས་ལ། །ཤེས་བྱ་ཇི་སྙེད་སྤྲུལ་སྐུ་ནི། །དག་ཅིང་གསལ་ལ་མ་འདྲེས་པ། །ཕྲིན་ལས་མི་འབྲལ་མོས་གུས་ཡིན། །ཞེས་པས་མོས་གུས་དྲག་པོས་གསོལ་བ་ཕུར་ཚུགས་སུ་འདེབས་པའི་ངང་ནས། རྗེ་སྒམ་པོ་པས། ཡིད་ལ་མ་བྱེད་མི་དམིགས་ཞོག །བཅས་བཅོས་མ་བྱེད་ལྷུག་པར་ཞོག །ལྟ་ཉུལ་མ་བྱེད་སོ་མར་ཞོག །ཅེས་དང་། བསྟན་བཅོས་ཡེ་ཤེས་འོད་ལས། སེམས་མ་བཅོས་པ་དེ་ཆོས་ཀྱི་སྐུ། །བཅས་བཅོས་མ་བྱེད་ལྷུག་པར་ཞོག །ལྟ་ཉུལ་མ་བྱེད་རང་གར་ཞོག །ཡིད་ལ་མ་བྱེད་མི་དམིགས་ཞོག །བདེ་གསལ་མི་རྟོག་ལྷང་ངེར་ཞོག །ཉམས་ཀྱི་རྩི་ལ་མ་འབྱར་བར། །ཐམས་ཅད་སྒོམ་དུ་ཤེས་པར་གྱིས། །ཆད་ལྟ་སྟོང་པ་མ་བསྒོམ་པར། །གཉུག་མ་ཡེ་ཤེས་གོམས་པར་གྱིས། །ཞེས་པས་རང་གི་སེམས་ཉིད་ཕྱག་རྒྱ་ཆེན་པོ། གཞན་དུ་མ་བཅོས་པ། ད་ལྟའི་སོ་མ། མ་སླད་པའི་རང་དྭངས། རིས་སུ་མ་ཆད་པའི་མཉམ་ཉིད། བྱར་མེད་པའི་ལྷུག་པ་སྟེ། ཞུས་ལན་མུ་ཏིག་ཕྲེང་བ་ལས། ད་ལྟའི་ཤེས་པ་སོ་མ་འདི། །ཆོས་སྐུ་ཡིན་པར་གཅེར་གྱིས་ལྟོས། །སྣང་བ་སྣ་ཚོགས་དཀར་དམར་འདི། །སྤང་བླང་མ་བྱེད་ལྷུག་པར་ཞོག །ཅེས་པ་ལྟར་ཞོག་ཅིག །དེ་ལྟར་བསྒོམ་ན་ཉམས་དང་རྟོགས་པ་ཐམས་ཅད་འཆར་བར་འགྱུར་རོ། །
གཉིས་པ་ནི། ཆོས་རྗེ་འབྲི་གུང་པའི་ལུགས་སུ་དགོངས་གཅིག་རྡོར་ཤེ་མའི་ཁོག་དབུབ་ལས། རྡོ་རྗེའི་གསུང་རེ་རེ་བཞིན་དུ་ཡང་ཚད་མ་བཞིས་ལེགས་པར་གཏན་ལ་མ་ཕབ་པ་མེད་དེ། དང་པོ་བདེ་བར་གཤེགས་པའི་བཀའ་ཚད་མས་གཏན་ལ་ཕབ་པ་དེས་ཐུབ་པའི་གསུང་རབ་ནས་ཇི་ལྟར་གསུངས་བྱ་བ་དེ་དང༌། གཉིས་པ་བླ་མའི་གསུང་ཚད་མས་གཏན་ལ་ཕབ་པ་གོང་མ་རྣམས་ཀྱི་གསུང་གིས་འདི་ལྟར་བཀྲལ་བྱ་བ་དང༌། གསུམ་པ་རྣལ་འབྱོར་པའི་ཉམས་སུ་མྱོང་བའི་ཚད་མ། འཇིག་རྟེན་མགོན་པོ་ཉིད་ཀྱིས་ཐུགས་ཉམས་སུ་ཚུལ་འདི་ལྟར་བཞེས་བྱ་བ་སྟེ། རྗེའི་ཞལ་ནས། ཟབ་དགུ་ཚོགས་སུ་བཤད་ན་ཡང་། །ཉམས་སུ་མ་མྱོང་སྨྲས་པ་མེད། །བྱ་བ་དང༌། བཞི་པ་རྟེན་ཅིང་འབྲེལ་པར་འབྱུང་བ་ལོ་རྒྱུས་ཀྱི་ཚད་མ་རྟེན་འབྲེལ་གྱི་གཤིས་དང༌བབས་ཀྱིས་འཇིག་རྟེན་ཡོངས་གྲགས་ཀྱི་གཏམ་རྒྱུད་ལ་འདི་ལྟར་ཡོད་བྱ་བ་དང་རྣམ་པ་བཞིས་ལེགས་པར་གཏན་ལ་ཕབ་པ་འདི། རྗེ་ཕག་མོ་གྲུ་པའི་རྣམ་པར་ཐར་པ་ཡིན་པས། འཇིག་རྟེན་མགོན་པོ་ཉིད་ཀྱིས་ཀྱང་དེའི་རྗེས་སུ་འབྲངས་ནས་ཆོས་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་ཀྱང་ཚད་མ་བཞིའི་སྐྱ་བར་ནས་ལེགས་པར་བཏོན་པ་ཡིན། ཞེས་རྒྱལ་བའི་བཀའ་ཚད་མ། བརྒྱུད་པའི་མན་ངག་ཚད་མ། རང་གི་ཉམས་མྱོང་ཚད་མ། རྟེན་འབྲེལ་ལོ་རྒྱུས་ཚད་མ་སྟེ་ཚད་མ་བཞི་ཡིས་ཆོས་ཟབ་མོ་རྣམས་ཉམས་སུ་བླང་བ་ལས་རང་གི་ཉམས་མྱོང་ཚད་མ་བསྐྱེད་པའི་ཐབས་ནི། དམ་ཆོས་ནོར་བུ་རིན་ཆེན་ལས། བཀའ་བརྒྱུད་གདམས་ངག་རིན་པོ་ཆེ། །ལྷན་ཅིག་སྐྱེས་པའི་བདུད་རྩི་དེ། །གཉིས་མེད་ཡེ་ཤེས་ཆེན་པོ་ལ། །བདག་གིས་བསྒོམས་པས་ཉམས་རྟོགས་སྐྱེས། །ཉམས་སུ་མྱོང་བས་རང་རྒྱུད་ཚིམས། །འཁོར་འདས་གཉིས་ཀྱི་ཆོས་རྣམས་ཀུན། །གཉིས་མེད་བདེ་བ་ཆེན་པོར་མྱོང༌། །ཞེས་བརྒྱུད་པའི་གདམས་པས་ལྷན་སྐྱེས་རྟོགས་ཏེ་བདེ་ཆེན་མྱོང་བར་གསུངས་པའི་རྟོགས་བྱེད་རང་རིག་པའི་ཡེ་ཤེས་མངོན་སུམ་ཚད་མ་ཡིས། རྟོགས་བྱ་དུས་གསུམ་སངས་རྒྱས་ཀུན་གྱི་དགོངས་པ་དེ། རྟོགས་ཚུལ་རྣལ་འབྱོར་མངོན་སུམ་རང་གི་སེམས་སུ་རྟོགས་ཤིང། དོན་ནི་ཞུས་ལན་མུ་ཏིག་ཕྲེང་བ་ལས། གཏི་མུག་རང་བཞིན་རྣམ་དག་པས། །སྣང་མེད་འོད་གསལ་ཆེན་པོ་མྱོང༌། །ཁྱབ་དང་གཟུགས་ཅན་མ་ཡིན་དང༌། །འགྲོ་འོང་མེད་དང་ལྷུན་གྱིས་གྲུབ། །ཅེས་ཀུན་རྫོབ་ཀྱི་སྣང་བ་མེད་པ་གནས་ལུགས་འོད་གསལ་ཆེན་པོའི་ཤེས་རབ་སྟེ། ཉོན་མོངས་པའི་ཟག་པ་མེད་ཅིང་སེམས་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འཕོ་འགྱུར་མེད་པའི་བདུད་རྩིའི་རོ་ཡིན་ལ། བྱེད་ལས་རྟོགས་ཤིང་ཉམས་སུ་མྱོང་བས་རང་རྒྱུད་བདེ་བ་ཆེན་པོས་ཚིམས་པས། འཁོར་བ་སྡུག་བསྔལ་གྱི་ཟུག་རྔུ་གཏིང་ནས་བཏོན་ཏེ། རང་སེམས་གནས་མཐར་གྱི་ཡོན་ཏན་རིན་ཆེན་ཀུན་གྱི་གཏེར་དང་འཕྲད་པར་བྱེད་ཅིང། མྱ་ངན་མཐའ་དག་ལས་འདས་པས་འཁོར་བའི་དབུལ་ཞིང་ཕོངས་པ་ཐམས་ཅད་བསལ་ནས་ཡོན་ཏན་ཐམས་ཅད་རྫོགས་པ་ཐར་པའི་གླིང་དུ་བརྟོལ་བ་ནི་རང་དོན་གྲུབ་པའི་བྱེད་ལས་དང། དུས་ཀྱི་གནད། ལུས་ཀྱི་གནད། ཡུལ་གྱི་གནད། ཤེས་པའི་གནད་དེ་གནད་བཞིའི་རྟེན་འབྲེལ་གྱིས་སྐྱེས་པའི་བསྒོམ་བྱུང་གི་ཤེས་རབ་བླ་མེད་ཀྱིས་འགྲོ་བ་རྣམས་འཁོར་བ་ལས་འདྲེན་པར་མཛད་པ་ནི་གཞན་དོན་སྒྲུབ་པའི་བྱེད་ལས་ཡིན་ནོ། །དེ་ཡང་ཚད་མ་ནི་རིག་པའི་ཤེས་པ་ཡིན་ཏེ། ཆོས་ཐམས་ཅད་རང་གི་སེམས་སུ་རིག་པས་ཡུལ་ཡུལ་ཅན་དང༌། ཐེ་ཚོམ་དང༌། ལོག་རྟོག་དང༌། ཚད་མ་མ་ཡིན་པ་རྣམས་རྣམ་པར་བཅད་ནས། སེམས་སྐྱེ་བ་མེད་པ་འདི། རྣལ་འབྱོར་གྱི་མངོན་སུམ་ཡིན་ཏེ། རང་རིག་གི་མངོན་སུམ་གྱིས་ཉམས་སུ་བླངས་པས་མི་བསླུ་བས་ན་ཚད་མའོ། །ཞེས་ཏི་ཤྲི་རས་པས་གསུངས་སོ། །
གསུམ་པ་ནི། དེ་ལ་མདོ་རྒྱུད་ཀུན་གྱི་མན་ངག་མཐར་ཐུག་གསེབ་ལམ་རིག་པ་རྐྱང་འདེད་ཀྱི་ཕྱག་རྒྱ་ཆེན་པོ་ཇི་ལྟར་བསྒོམ་པར་བྱ་ཞེ་ན། བསྟན་བཅོས་ཡེ་ཤེས་འོད་ལས། རང་སེམས་རིག་པའི་གནས་ལུགས་ནི། །གདོད་ནས་དག་ཅིང་སྤྲོས་དང་བྲལ། །ཞེས་རང་གི་སེམས་ཉིད་གདོད་ནས་དྲི་མས་མ་གོས་པར་དག་ཅིང་སྤྲོས་པ་དང་བྲལ་བ་ནི་ཕྱག་རྒྱ་ཆེན་པོའི་ངོ་བོ་དང། མ་བཅོས་སོ་མར་འཇོག་པ་ནི་སྒོམ་པའི་གདམས་ངག་ཡིན་ལ། གཞན་ཡང་འཁོར་འདས་ཀྱི་ཆོས་རྣམས་གཉིས་མེད་ཟུང་འཇུག་ཏུ་བསྟན་པའི་ཕྱག་རྒྱ་ཆེན་པོ་ནི། རང་གི་ལུས་ངག་ཡིད་གསུམ་དང་། ཕྱིའི་འཁོར་འདས་ཀྱི་ཆོས་རྣམས་ཀུན་དང། ཡི་དམ་གྱི་ལྷ་དང་། བཟླ་བྱའི་སྔགས་དང་། ཏིང་ངེ་འཛིན་གྱི་ཡོན་ཏན་དུ་འབྱུང་བ་ཐམས་ཅད་སྒོམ་དུ་འཆར་བར་བྱེད་པའི་མདོ་གནད་འདི། ཐམས་ཅད་ཕྱག་རྒྱ་ཆེན་པོར་འཆར་བའི་གདམས་པ་ཡིན་ན་ཡང༌། ཡུལ་དུ་སྣང་བ་དང་ཡུལ་ཅན་ཤེས་པ་དང་ཡུལ་ཤེས་འཕྲད་པའི་བྱེད་པ་རྣམས་ལ་རྐྱང་འདེད་ཀྱིས་བརྟགས་པས་སེམས་ལས་གཞན་དུ་མ་རྙེད་པའི་རིག་པ་རྐྱང་དེད་བྱེད་པ་ནི་མན་ངག་གི་གནད་དམ་པ་ཡིན་ཏེ། གསང་བའི་ཡང་སྙིང་ལས། ཀུན་སློང་ངན་པས་སླང་གྱུར་ན། །ཉོན་མོངས་རྣམ་རྟོག་སྐྱེ་བ་རྣམས། །གཉའ་རིང་རྗེས་བཤུ་མི་བྱ་བར། །ཆུ་ལ་རལ་གྲི་བཏབ་པ་ལྟར། །ཐུག་ཕྲད་དང་ནི་གཅེར་མཐོང་དུ། །སྟོང་པ་ཉིད་དུ་བསྒོམ་པར་བྱ། །ཞེས་པའི་རྟོག་པ་ཐུག་ཕྲད་གཅེར་མཐོང་གིས་ནི་བྱིང་རྒོད་འཇོམས་པ་དང་། ཞུས་ལན་མུ་ཏིག་ཕྲེང་བ་ལས། ན་ཚ་སྡུག་བསྔལ་རང་གི་སེམས། །གཉེན་པོ་གཞན་དུ་བསྒོམ་དུ་མེད། །ཟུག་གཟེར་དེ་ཉིད་ཕྱག་རྒྱ་ཆེ། །གཅེར་མཐོང་བྱེད་པས་འཇོམས་པ་ཡིན། །ཞེས་ལུས་སེམས་ལ་གནོད་པའི་སྐྱོན་གྱི་ངོ་བོ་ལ་ཐུག་ཕྲད་གཅེར་མཐོང་གིས་ངོས་འཛིན་བྱེད་པ་ནི་གེགས་སེལ་ཡིན་ལ། སྡུག་བསྔལ་ཐུག་ཕྲད་གཅེར་མཐོང་གིས་བདེ་བར་ཤེས་ན་སྤང་བླང་བྱར་མེད་ཅིང། ཨ་མྱེ་ཟེང་ལ་གདམས་པ་ལས། སྐུ་གསུམ་ལྷུན་གྱིས་གྲུབ་པ་འདི། །རང་ལ་ཡོད་པར་ཤེས་དུས་སུ། །ཐོབ་བྱར་འདོད་པ་མ་ཡིན་པས། །འབྲས་བུ་རང་ལ་རྙེད་པར་མཛོད། །ཅེས་སྐུ་གསུམ་གཞན་དུ་མེད་པར་རང་གི་སེམས་ཀྱི་གཤིས་གདངས་རྩལ་གྱི་རང་ངོ་ཤེས་པ་ལས་ཡིན་པར་རྙེད་པས་འབྲས་བུ་ཐོབ་མ་ཐོབ་ཀྱི་རེ་དོགས་དང་བྲལ་བའི་ཕྱིར་ཏེ། གདམས་པ་ཡོན་ཏན་རིན་ཆེན་ལས། རེ་དོགས་གཉིས་དང་བྲལ་བ་ཡི། །སེམས་ཉིད་རྫོགས་པའི་སངས་རྒྱས་སུ། །མངོན་དུ་གྱུར་པས་འབྲས་བུ་ཡིན། །ཞེས་སོ། །
དགུ་པ་སེམས་ཉིད་སྒོམ་པའི་འབྲས་བུ་ནི། འཁོར་འདས་ཀྱི་ཆོས་ཀུན་འཕྲོ་བའི་རྒྱུ་དང་། སྤངས་རྟོགས་གོང་འཕེལ་གྱི་ལམ་དང་། གནས་ལུགས་མངོན་དུ་གྱུར་པའི་འབྲས་བུའི་ཡོན་ཏན་ཏེ་རི་ཁྲོད་པ་ལ་གདམས་པ་ལས། ཡང་གཅིག་སྐལ་ལྡན་རི་ཁྲོད་པ། །སྙིང་གཏམ་ཚིག་བཞི་བཟླ་རྒྱུ་ཡོད། །ལྟ་སྒོམ་སྤྱོད་འབྲས་མན་ངག་ཡིན། །སེམས་ཉིད་ཕྱག་རྒྱ་ཆེན་པོ་ལ། །ཡོད་མེད་བརྟགས་དཔྱད་མ་མང་བར། །མཐའ་དང་བྲལ་བར་བློ་ཐག་ཆོད། །ལྟ་བ་དབྱིངས་སུ་སྐྱོལ་ཙམ་ན། །རྟོགས་པའི་ཤེས་རབ་རལ་གྲི་དེ། །ལུང་དང་རྟོགས་པའི་ངར་བླུད་ནས། །མ་རིག་རྩད་ནས་ཆོད་པར་གྱིས། །ལྷན་སྐྱེས་བདེ་བ་ཆེན་པོ་ལ། །ཉིན་མཚན་ཐུན་གྲངས་མ་རྩི་བར། །གཉུག་མ་རྒྱུན་ཆད་མེད་པར་གྱིས། །སྒོམ་པ་དམིགས་སུ་ཕྱིན་ཙམ་ན། །ནོར་བུ་རྒྱལ་མཚན་རྩེ་ལ་བཏགས། །བདེ་གསལ་མི་རྟོག་བྱི་དོར་གྱིས། །དགོས་འདོད་ཐམས་ཅད་འབྱུང་བར་གྱིས། །མཉམ་བཞག་ཆེན་པོའི་སྤྱོད་པ་ལ། །བླང་དོར་ཐེ་ཚོམ་མ་བྱེད་པར། །ཐམས་ཅད་གྲོགས་སུ་འགྲོ་བར་གྱིས། །སྤྱོད་པ་ཚད་དུ་སྐྱོལ་ཙམ་ན། །སྤྱོད་པ་ཤིང་རྟའི་འཁོར་ལོ་དེ། །ཐབས་ཤེས་རབ་གཉིས་ཀྱི་འཁྲུལ་འཁོར་གྱིས། །ཚར་བཅད་རྗེས་བཟུང་གཞན་དོན་གྱིས། །རང་གི་ལུས་ངག་ཡིད་གསུམ་ལ། །རེ་དོགས་སྤང་བླང་མ་བྱེད་པར། །སྐུ་གསུམ་རང་ལ་ཚང་བར་གྱིས། །འབྲས་བུ་མངོན་དུ་གྱུར་ཙམ་ན། །དབུལ་པོའི་ཁྱིམ་གྱི་གཏེར་ཡོད་དེ། །ཉམས་དང་རྟོགས་པའི་རྟོགས་ཚད་དེས། །སངས་རྒྱས་རང་ལ་རྙེད་པར་གྱིས། །ཞེས་གདམས་པ། ཕྱོགས་རིས་མེད་པའི་ལྟ་བ། དོན་ཐག་ཆོད་པའི་རྟོགས་པ། ངེས་ཤེས་སྐྱེ་བའི་ཉམས་མྱོང༌། མངོན་དུ་གྱུར་པའི་བསྒོམ་པ། བླང་དོར་མེད་པའི་སྤྱོད་པ། དགོས་འདོད་འབྱུང་བའི་འབྲས་བུ་སོགས་ཀྱི་ཆོས་ཐམས་ཅད་ཞུས་ལན་ཡེ་ཤེས་འོདལས། སྣ་ཚོགས་ལམ་གྱི་བྱེ་བྲག་རྣམས། །དེ་ཉིད་རང་གི་སེམས་ཡིན་ཏེ། །སེམས་ཉིད་འོད་གསལ་ཆོས་སྐུ་ཡིན། །དེ་གཉིས་སུ་མེད་པ་ཟུང་འཇུག་ཡིན། །མཚན་མེད་ཕྱག་རྒྱ་ཆེན་པོ་དེ། །ཆོས་རྣམས་ཀུན་གྱི་རྩ་བར་འདུག །རྫོགས་པའི་སངས་རྒྱས་ཐུགས་དང་ནི། །རང་གི་སེམས་དང་ཁྱད་པར་མེད། །དེ་མཆོག་ཏུ་གྱུར་པ་ངོ་མཚར་ཆེ། །ཞེས་རང་སེམས་རིག་པའི་སྟེང་དུ་བསྒོམ་པའི་གནད། གཏུམ་མོ་སྒྲོན་གསལ་ལས། བདག་གི་བླ་མའི་ཞལ་སྔ་ནས། །རྫོགས་རིམ་དཔག་མེད་གསུངས་ན་ཡང༌། །ཕྱག་རྒྱ་ཆེན་པོ་མཆོག་ཡིན་གསུངས། །རང་སེམས་ཕྱག་རྒྱ་ཆེན་པོ་དེ། །འཁོར་འདས་གཉིས་མེད་ཟུང་དུ་འཇུག །གདོད་ནས་རྣམ་དག་མངོན་དུ་འགྱུར། །སེམས་ཅན་སངས་རྒྱས་ཡིན་ན་ཡང༌། །སངས་རྒྱས་ཉིད་དུ་མ་མྱོང་བས། །སངས་རྒྱས་སེམས་ཅན་གཉིས་སུ་སྣང༌། །རྟོགས་ནས་ཉམས་སུ་མྱོང་བ་རྣམས། །རང་ཉིད་རྫོགས་པའི་སངས་རྒྱས་སུ། །འགྲོ་བའི་དོན་དུ་མངོན་སངས་རྒྱས། །མྱོང་རྟོགས་ཟུང་འཇུག་ལམ་གྱི་མཆོག །བསྒོམས་པས་ཡོན་ཏན་སྐྱེ་བ་ཡིན། །ཉམས་དང་ཡོན་ཏན་སྐྱེ་ཚུལ་ནི། །སྒོམ་ཆེན་རྣམས་ཀྱི་ཐུགས་ལ་འཆར། །དེ་ནི་ཇི་ལྟར་སྒོམ་ཞེ་ན། །ཡུལ་ལ་བརྟེན་ཏེ་སྣང་སྟོང་སྒོམས། །སྣང་བ་ལ་བརྟེན་ཏེ་སྣང་མེད་སྒོམས། །ལུས་ལ་བརྟེན་ཏེ་བདེ་སྟོང་སྒོམས། །ངག་ལ་བརྟེན་ཏེ་གྲག་སྟོང་སྒོམས། །སེམས་ལ་བརྟེན་ཏེ་རིག་སྟོང་སྒོམས། །རྣམ་རྟོག་ལ་བརྟེན་ཏེ་རྟོག་མེད་སྒོམས། །སྤྲོས་པ་ལ་བརྟེན་ཏེ་སྤྲོས་མེད་སྒོམས། །གཉིས་པ་ལ་བརྟེན་ཏེ་གཉིས་མེད་སྒོམས། །གཟུང་འཛིན་ལ་བརྟེན་ཏེ་འཛིན་མེད་སྒོམས། །སྤང་བྱ་ལ་བརྟེན་ཏེ་གཉེན་པོ་སྒོམས། །གཉེན་པོ་ལ་བརྟེན་ཏེ་སྤང་བྱ་སྒོམས། །ཐོས་ཆུང་སྤང་བླང་མེད་པར་སྒོམས། །བསྒྲུབ་བྱ་སྒྲུབ་བྱེད་ལ་བརྟེན་ནས། །གདོད་ནས་ལྷུན་གྱིས་གྲུབ་པར་སྒོམས། །དངོས་དང་དངོས་མེད་ལ་བརྟེན་ནས། །གཉིས་མེད་ཟུང་འཇུག་ཆེན་པོར་སྒོམས། །ཐོབ་བྱ་ཐོབ་བྱེད་ལ་བརྟེན་ནས། །འབྲས་བུ་ལྷུན་གྱིས་གྲུབ་པར་སྒོམས། །དེ་ནི་ཕྱི་ཡི་སྒོམ་ལུགས་ཡིན། །བསྒོམས་པས་ཉམས་རྟོགས་སྐྱེས་པ་དང༌། །ནང་གི་ཉམས་སུ་བླང་ལུགས་ནི། །རྟོག་མེད་ཉམས་སུ་མྱོང་དུས་སུ། །འགོག་པའི་སྙོམས་འཇུག་བཞིན་དུ་སྒོམས། །གསལ་བ་ཉམས་སུ་མྱོང་དུས་སུ། །ལག་པའི་མཐིལ་གྱི་གཏེར་བཞིན་སྒོམས། །བདེ་བ་ཉམས་སུ་མྱོང་དུས་སུ། །གཞོན་ནུའི་བདེ་བ་བཞིན་དུ་སྒོམས། །རྣམ་རྟོག་ཉམས་སུ་མྱོང་དུས་སུ། །ཆུ་ཉིད་ཆབ་བྲོམ་བཞིན་དུ་སྒོམས། །གཡོ་བ་ཉམས་སུ་མྱོང་དུས་སུ། །རྒྱ་མཚོའི་གཏིང་ཆུ་བཞིན་དུ་སྒོམས། །སྣང་བ་ཉམས་སུ་མྱོང་དུས་སུ། །ནམ་མཁའི་འཇའ་ཚོན་བཞིན་དུ་སྒོམས། །སྟོང་པ་ཉམས་སུ་མྱོང་དུས་སུ། །གཡའ་མེད་མེ་ལོང་བཞིན་དུ་སྒོམས། །འོད་གསལ་ཉམས་སུ་མྱོང་དུས་སུ། །ཤེལ་གོང་དྲི་མེད་བཞིན་དུ་སྒོམས། །ཟུང་འཇུག་ཉམས་སུ་མྱོང་དུས་སུ། །ཆུ་ཡི་ཟླ་བ་བཞིན་དུ་སྒོམས། །ཕུང་པོ་ཉམས་སུ་མྱོང་དུས་སུ། །རྒྱལ་བ་རིགས་ལྔ་བཞིན་དུ་སྒོམས། །ཡུལ་ལྔ་ཉམས་སུ་མྱོང་དུས་སུ། །མཁར་གཞོང་ནང་གི་ཆུ་བཞིན་སྒོམས། །སྒོ་ལྔ་ཉམས་སུ་མྱོང་དུས་སུ། །ཤིང་ལ་དྲི་མ་བཞིན་དུ་སྒོམས། །ཉོན་མོངས་ཉམས་སུ་མྱོང་དུས་སུ། །དུག་ལ་སྔགས་བཏབ་བཞིན་དུ་སྒོམས། །བདེ་སྡུག་ཉམས་སུ་མྱོང་དུས་སུ། །ཆུ་ཡི་ཆུ་ལྦུར་བཞིན་དུ་སྒོམས། །ཡོན་ཏན་ཉམས་སུ་མྱོང་དུས་སུ། །དབུལ་མོའི་ཁྱིམ་གྱི་གཏེར་བཞིན་སྒོམས། །སྤང་བླང་ཉམས་སུ་མྱོང་དུས་སུ། །ནགས་ལ་མེ་ཆེན་བཞིན་དུ་སྒོམས། །ལྟ་བ་ཉམས་སུ་མྱོང་དུས་སུ། །སྤྲིན་མེད་ནམ་མཁའ་བཞིན་དུ་སྒོམས། །རྟོགས་པ་ཉམས་སུ་མྱོང་དུས་སུ། །བསམ་གཏན་རྡོ་རྗེ་བཞིན་དུ་སྒོམས། །སྒོམ་པ་ཉམས་སུ་མྱོང་དུས་སུ། །ནོར་བུ་རིན་ཆེན་བཞིན་དུ་སྒོམས། །སྤྱོད་པ་ཉམས་སུ་མྱོང་དུས་སུ། །རྒྱ་འབག་མིག་འཕྲུལ་བཞིན་དུ་སྒོམས། །རྒྱུ་འབྲས་ཉམས་སུ་མྱོང་དུས་སུ། །བསླུ་བྱེད་ཐབས་ཤེས་བཞིན་དུ་སྒོམས། །འབྲས་བུ་ཉམས་སུ་མྱོང་དུས་སུ། །རྫོགས་པའི་སངས་རྒྱས་བཞིན་དུ་སྒོམས། །མདོར་ན་འཁོར་འདས་ཆོས་རྣམས་ཀུན། །ཐམས་ཅད་ཉམས་ཀྱི་སྣང་བར་སྒོམས། །རྟོགས་པའི་ཡེ་ཤེས་བརྟན་ཙམ་ན། །ཐམས་ཅད་དག་པའི་སྣང་བར་སྒོམས། །དེ་ལྟར་བསྒོམས་ན་ཐམས་ཅད་སྒོམ་དུ་འཆར། །འབྲས་བུ་མངོན་དུ་བྱེད་པ་ཡིན། །ཞེས་པ་ལྟར་ཤེས་ན། གདམས་པ་ཡོན་ཏན་སྐྱབས་ལས། གཞི་ལ་ཅི་ལྟར་གནས་པའི་ལུས་ངག་ཡིད་གསུམ་པོ། །དེ་ཉིད་སྐུ་གསུམ་ཡིན་པར་ལམ་དུ་གོམས་པ་ཡིས། །ཚོགས་གཉིས་རང་སར་རྫོགས་པས་སྒྲིབ་པའི་གནས་མ་མཆིས། །ལུས་ཁང་ལྷ་དང་སྲོག་རྩོལ་གནད་དུ་ཚུད་པ་དང༌། །སེམས་ཡིད་ཕྱག་རྒྱ་ཆེན་པོར་མྱོང་བར་གྱུར་པ་ན། །ཉོན་མོངས་དང་ནི་ཉོན་མོངས་སྒྲིབ་པའི་གནས་མ་མཆིས། །ལུས་ངག་ཡིད་གསུམ་མཐར་ཕྱིན་བག་ཆགས་སྒྲིབ་པ་འདག །བསྒོམ་བྱ་སྒོམ་མཁན་གཉིས་མེད་ཕྱག་རྒྱ་ཆེ། །གཉེན་པོ་མེད་པ་ཤེས་བྱའི་སྒྲིབ་པ་རང་སར་དག །སྐུ་གསུམ་མངོན་དུ་གྱུར་པ་བྲལ་དང་རྣམ་སྨིན་འབྲས། །ཞེས་ཐ་མལ་ཤེས་པའི་ངོ་བོ་གཅེར་མཐོང་གིས་རང་ངོ་མ་རིག་པ་དབྱིངས་སུ་ཡལ་བས་ཉོན་ཤེས་ཀྱི་སྒྲིབ་པ་རྣམ་གཉིས་ཆགས་པའི་གནས་མེད་པས། ཚོགས་གཉིས་གསོག་པའི་དགོས་པ་སྤངས་རྟོགས་ཀྱི་ཡོན་ཏན་མཐའ་དག་རང་གི་སེམས་ལ་ཡོངས་སུ་རྫོགས་ཏེ། གང་ཟག་དབང་པོ་ཡང་རབ་སྐྱེ་བ་བརྒྱུད་མི་དགོས་པར་ཚེ་ལུས་འདིར་མངོན་སངས་རྒྱས་ཤིང། འབྲིང་གིས་རྣམ་སྨིན་གྱི་ལུས་རྒྱ་ཞིག་སྟེ་བར་མ་དོ་རུ་འོད་གསལ་གྱི་ལུས་སུ་ལྡང་བ་ན་སྔོན་མའི་ཉམས་ལེན་གྱི་དྲན་རྒྱུན་བསྐྱངས་པས་སངས་རྒྱས་ཐོབ་པ་ཞུས་ལན་ཡེ་ཤེས་འོད་ལས། རང་སེམས་རྟོགས་པའི་གང་ཟག་ལ། །འཆི་བ་ཉིད་ཀྱང་གྲོགས་སུ་འཆར། །འོད་གསལ་ལོགས་ནས་འཆར་རྒྱུ་མེད། །འོན་ཀྱང་འཆི་བའི་འོད་གསལ་དེ། །སངས་རྒྱས་ཆོས་ཀྱི་སྐུ་ཡིན་པས། །དང་པོར་སེམས་བསྐྱེད་སོང་བ་དང༌། །བར་དུ་གོམས་པ་ཚད་དུ་སྐྱོངས། །རྗེས་ལ་སྨོན་ལམ་བཏབ་པ་ཡིས། །འགྲོ་བའི་དོན་དུ་སངས་རྒྱས་པའི། །བར་དོ་ཡི་ནི་སྒྱུ་ལུས་དེ། །ལོངས་སྐུ་སྣང་ལ་རང་བཞིན་མེད། །མཚན་དང་དཔེ་བྱད་བརྒྱན་པ་ཡིས། །གདུལ་བྱ་སྣང་བ་དག་པ་ལ། །སངས་རྒྱས་ལོངས་སྤྱོད་རྫོགས་སྐུར་སྣང༌། །དམན་པ་རྣམས་ལ་སྤྲུལ་སྐུར་སྣང༌། །གཞན་ཡང་རིགས་དྲུག་སོ་སོ་ལ། །ཐུབ་པ་རྣམ་པ་དྲུག་ལ་སོགས། །གདུལ་བྱའི་དོན་དུ་གྱུར་པ་རྣམས། །སངས་རྒྱས་སྤྲུལ་པ་ཡིན་པར་གསུངས། །ཞེས་པ་དང། དབང་པོ་དམན་པའི་གང་ཟག་ཡིན་ན་ཡང༌། རྩ་བའི་བླ་མ་ལ་མཆོག་ཏུ་གུས་པས་སྐུ་གསུང་ཐུགས་ཀྱི་དམ་ཚིག་མ་ཉམས་པ་དང༌། ཕྱག་རྒྱ་ཆེན་པོའི་ཆོས་འདི་དང་ནི་མཇལ་བའི་ཆེ་བ་ཡིས། སྐྱེ་བ་བདུན་དུ་མི་ལུས་བརྒྱུད་མར་ཐོབ་ནས་ཚེ་དེ་ཉིད་ཀྱིས། ས་སྐྱ་པ་ལ་གདམས་པ་ལས། འོད་གསལ་སྤྲོས་དང་བྲལ་བ་ཆོས་ཀྱི་སྐུ། །ཟག་མེད་བདེ་ཆེན་ལོངས་སྤྱོད་རྫོགས་པའི་སྐུ། །མ་འགགས་ཅི་ཡང་སྣང་བ་སྤྲུལ་པའི་སྐུ། །སྐུ་གསུམ་གདོད་ནས་རང་ལ་ལྷུན་གྱིས་གྲུབ། །ཅེས་རང་ལ་གནས་པའི་སྐུ་གསུམ་སྒྲིབ་བྲལ་མངོན་དུ་བྱེད་པ་དེ་ནི་རྒྱལ་བའི་གསུང་གི་མཆོག་རབ་གསང་སྔགས་ཟབ་མོའི་ཆེ་བ་ཡིན་པས་ན། མན་ངག་ཟབ་མོའི་སྣོད་རུང་གི་བུ་དག་ཡེངས་པ་མེད་པར་ཉམས་སུ་ལོངས་ཤིག་ཅེས་སྐལ་ལྡན་རྣམས་ལ་གདམས་པར་མཛད་དོ། །
གཉིས་པ་རྣལ་འབྱོར་བཞི་ཡི་རིམ་པ་ལ། རྒྱུ་སྒོམ་ཁྲིད་ཀྱི་རིམ་པ། འབྲས་བུ་སྤངས་རྟོགས་ཀྱི་རིམ་པའོ། །དང་པོ་ནི། ཉམས་རྟོགས་ཀྱི་རིམ་པ་རྣལ་འབྱོར་བཞི་རུ་རྩལ་འདོན་མཛད་པ་ནི་རྗེ་དྭགས་པོ་རིན་པོ་ཆེའི་བཞེད་པ་ཡིན་ཞིང། ཉམས་རྟོགས་སྐྱེ་བར་བྱེད་པ་ལ་སྒོམ་དགོས། སྒོམ་པར་བྱེད་པ་ལ་ཇི་ལྟར་སྒོམ་པའི་ཚུལ་ཤེས་དགོས་པ་ལས་རྗེ་སྒམ་པོ་པའི་ཁྲིད་ཚུལ་ནི། སྔར་སྒོམ་ཁྲིད་ཀྱི་རིམ་པ་ལ་ཞུགས་མྱོང་མེད་པའི་ལས་དང་པོ་པ་ཡི་གང་ཟག་དད་ཅན་ལ་བླ་མའི་རྣལ་འབྱོར་དང་། མཎྜལ། ཡིག་བརྒྱ་བསྟན། དེ་ནས་སྣང་སེམས་དབྱེར་མེད་པའི་ལྷན་ཅིག་སྐྱེས་སྦྱོར་སྟོན་པར་བྱེད། དེ་ནས་སེམས་ཉིད་ངོ་སྤྲོད་པའི་ཕྱག་རྒྱ་ཆེན་པོའི་སྒོམ་བཏབ་ནས་ཁྲིད་ཀྱི་རིམ་པ་ཆ་ཚང་རྫོགས་པར་མཛད་པ་དང༌། སེམས་ཀྱི་ངོ་བོ་མཐོང་བས་གོ་བ་དང་ཉམས་མྱོང་ཙམ་མིན་པའི་རྟོགས་པ་ཡིན་པར་བཞེད། ཉམས་རྟོགས་ཀྱི་རིམ་པ་ནི་ཞི་གནས་དང་ལྷག་མཐོང་མཉམ་པར་སྦྱོར་བའི་རྣལ་འབྱོར་བཞི་ལ་བརྩི། གསང་སྔགས་ཐབས་ལམ་གྱི་སྣོད་དུ་གྱུར་ཏེ་བསྒོམ་པར་འདོད་པ་རྣམས་ལ་ནི། རྗེ་ནཱ་རོ་པའི་ཆོས་དྲུག་ཁྲིད་དུ་མཛད། ཐབས་ལམ་དེས་ཀྱང་སེམས་ཀྱི་ངོ་བོ་མཐོང་བ་ཚད་མ་ལེའུ་ལྔ་པ་ལས། སེམས་ངོ་ཤེས་པ་ཞེས་བྱ་ཅི་ཞིག་ལགས། །གཤིས་ཀ་ཁོ་རང་འདུག་ཚུལ་ཅི་ལྟ་བ། །མ་བསམ་ལྷུན་གྱིས་གྲུབ་པ་ཝ་ལེ་བ། །ཅི་ལྟར་གནས་པ་དེ་ལྟར་མཐོང་བ་ཨ་རེ་དགའ། །ཞེས་དང་། སེམས་ངོ་ཤེས་ཞེས་པ་ནི། ཁོ་རང་གི་གཤིས་ཀ་ཇི་ལྟར་འདུག་པ་མ་གཏོགས་པའི། སྣང་སྟོང་། གསལ་སྟོང་། བདེ་སྟོང་། རིག་སྟོང་། སྤྲོས་པ་དང་སྤྲོས་མེད་ཅི་ལྟར་བརྗོད་པར་བྱས་ཀྱང་ཁོ་རང་གཤིས་ཀ་མཐོང་བ་གཅིག་ཀྱང་མེད། མ་བསམ་པ། བློས་མ་རེག་པ། ཁོ་རང་གི་ཡེ་ནས་ཀྱི་གཤིས་ཀ་ཙུག་འདུག་པ་དེ་ཨང་འདུག་པ་སྙམ་ནས་ཅི་ཞིག་ལྟར་ལ་ཤེས་ནས་འོང༌། ཞེས་པ་ལྟར་དུ་བཞེད་པ་ཡིན་ནོ། །ད་ལྟ་དྭགས་པོའི་སློབ་བརྒྱུད་ཀྱི་ཆོས་ལ་ཁྲིད་ཚུལ་འདྲ་མིན་བྱུང་བ་དེ་ནི་བླ་མ་རང་རང་གི་གདམས་ངག་སོ་སོའི་རྟོགས་ཚད་དང་བཞེད་གཞུང་ཡིན། དེ་ལ་ལྷན་ཅིག་སྐྱེས་སྦྱོར་རྐྱེན་བཞི་འདི་ནི་ཐེག་ཆེན་ཕ་རོལ་ཕྱིན་པའི་གཞུང་དང་མཐུན་པ་ཡིན་པས། བགྲོད་བྱ་ས་ལམ་གྱི་རིམ་པ་ཡང། ལམ་རིམ་གསལ་བ་ལས། ཐུན་མོང་གི་ལམ་ནི། ལམ་ལྔ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་སྦྱར་བའོ། །ལམ་ལྔ་ནི། ཚོགས་ལམ་དང༌། སྦྱོར་ལམ་དང༌། མཐོང་ལམ་དང༌། བསྒོམ་ལམ་དང༌། མི་སློབ་པའི་ལམ་མོ། །དེ་ལ་ཚོགས་ལམ་དང་སྦྱོར་ལམ་གཉིས་ནི་བདེན་པ་མ་མཐོང་བའི་ཕྱིར་འཇིག་རྟེན་པའི་ལམ་ཡིན་ལ། མཐོང་ལམ་དང་། བསྒོམ་ལམ་དང༌། མི་སློབ་པའི་ལམ་གསུམ་ནི། ཆོས་ཉིད་ཀྱི་དོན་མངོན་དུ་གྱུར་པའི་ཕྱིར་འཇིག་རྟེན་ལས་འདས་པའི་ལམ་ཞེས་བྱའོ། །ལམ་ལྔ་པོ་དེ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་སྦྱོར་ན། དྲན་པ་ཉེ་བར་བཞག་པ་བཞི། ཡང་དག་པར་སྤོང་བ་བཞི། རྫུ་འཕྲུལ་གྱི་རྐང་པ་བཞི། དེ་ལྟར་ཆོས་བཞི་གསུམ་བཅུ་གཉིས་པོ་དེ་ནི་ཚོགས་ལམ་ཀྱི་ཆོས་ཡིན་ནོ། །དབང་པོ་ལྔ། སྟོབས་ལྔ། བཅུ་པོ་དེ་ནི་སྦྱོར་ལམ་གྱི་ཆོས་སོ། །དེ་མན་ཆད་ནི་འཇིག་རྟེན་པའི་ལམ་ཡིན་ནོ། །འཇིག་རྟེན་ལས་འདས་པའི་ལམ་ནི། བྱང་ཆུབ་ཀྱི་ཡན་ལག་བདུན་མཐོང་བའི་ལམ་དང་སྦྱོར། འཕགས་པའི་ལམ་ཡན་ལག་བརྒྱད་པོ་བསྒོམ་ལམ་དང་སྦྱོར། དེ་ལྟར་བྱང་ཆུབ་ཀྱི་ཆོས་སུམ་ཅུ་རྩ་བདུན་མཐར་ཕྱིན་པ་ནི་མཐར་ཕྱིན་གྱི་ལམ་ཞེས་པའམ་མི་སློབ་པའི་ལམ་ཞེས་བྱ་སྟེ། སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་རྫོགས་པའོ། །དེ་ལ་འཇིག་རྟེན་ལས་འདས་པའི་ལམ་གསུམ་པོ་དེ་ལ་ས་བཅུར་རྩི་བ་ཡིན་ནོ། །ས་བཅུ་པོ་དེ་ཕ་རོལ་ཏུ་ཕྱིན་པ་བཅུ་དང་སྦྱོར་བ་ཡིན། ཞེས་པས་ཕ་རོལ་ཏུ་ཕྱིན་པ་དྲུག་གམ་ཤེས་རབ་ལ་ཐབས་སྨོན་ལམ་སྟོབས་ཡེ་ཤེས་ཟུར་དུ་ཕྱེ་བའི་བཅུ་དང་བྱང་ཆུབ་ཕྱོགས་ཀྱི་ཆོས་སོ་བདུན་ལ་སོགས་པ་ཉམས་སུ་བླངས་པའི་སྟོབས་ཀྱིས་ལམ་རིམ་གསལ་བ་ལས། ས་ནི་དང་པོ་རབ་དགའ་ལ། །རྟེན་ནི་སྦྱིན་པའི་ཕ་རོལ་ཕྱིན། །དཔེ་ནི་ཟད་མེད་གཏེར་དང་འདྲ། །རྩལ་ནི་མ་རིག་ཟིལ་གྱིས་གནོན། །ས་ནི་གཉིས་པ་དྲི་མེད་ལ། །རྟེན་ནི་ཚུལ་ཁྲིམས་ཕ་རོལ་ཕྱིན། །དཔེ་ནི་རིན་ཆེན་མྱུ་གུ་འདྲ། །རྩལ་ནི་རང་རིག་ཡེ་ཤེས་གསལ། །ས་ནི་གསུམ་པ་འོད་འཕྲོ་བ། །རྟེན་ནི་བཟོད་པའི་ཕ་རོལ་ཕྱིན། །དཔེ་ནི་རྒྱ་མཚོ་ཆེན་པོ་འདྲ། །རྩལ་ནི་ཉོན་མོངས་རྩད་ནས་བརླག །ས་ནི་བཞི་པ་འོད་བྱེད་པ། །རྟེན་ནི་ཚུལ་ཁྲིམས་ཕ་རོལ་ཕྱིན། །དཔེ་ནི་རྡོ་རྗེ་ཕ་ལམ་འདྲ། །རྩལ་ནི་བག་ཆགས་ཞེན་པ་འཇོམས། །ས་ནི་ལྔ་པ་སྦྱངས་དཀའ་བ། །རྟེན་ནི་བསམ་གཏན་ཕ་རོལ་ཕྱིན། །དཔེ་ནི་རི་བོ་མཐོན་པོ་འདྲ། །རྩལ་ནི་བྱིང་རྒོད་སྐྱོན་དང་བྲལ། །ས་ནི་དྲུག་པ་མངོན་གྱུར་པ། །རྟེན་ནི་ཤེས་རབ་ཕ་རོལ་ཕྱིན། །དཔེ་ནི་མ་གི་སྨན་དང་འདྲ། །རྩལ་ནི་རང་རིག་ལྷག་མཐོང་རྫོགས། །ས་ནི་བདུན་པ་རིང་སོང་ལ། །རྟེན་ནི་ཐབས་ཀྱི་ཕ་རོལ་ཕྱིན། །དཔེ་ནི་དགེ་བའི་བཤེས་གཉེན་འདྲ། །རྩལ་ནི་དུག་ལ་སྨན་དུ་བསྒྱུར། །ས་ནི་བརྒྱད་པ་མི་གཡོ་ལ། །རྟེན་ནི་སྨོན་ལམ་ཕ་རོལ་ཕྱིན། །དཔེ་ནི་ཡིད་བཞིན་ནོར་བུ་འདྲ། །རྩལ་ནི་འཇིག་རྟེན་ཆོས་བརྒྱད་བྲལ། །ས་ནི་དགུ་པ་ལེགས་བློ་གྲོས། །རྟེན་ནི་སྟོབས་ཀྱི་ཕ་རོལ་ཕྱིན། །དཔེ་ནི་ཉི་མའི་སྙིང་པོ་འདྲ། །རྩལ་ནི་ལོག་ལྟ་དབྱིངས་སུ་སྒྲོལ། །ས་ནི་བཅུ་པ་ཆོས་ཀྱི་སྤྲིན། །རྟེན་ནི་ཡེ་ཤེས་ཕ་རོལ་ཕྱིན། །དཔེ་ནི་ཚངས་པའི་དབྱངས་དང་འདྲ། །རྩལ་ནི་སྒྲིབ་དག་ཐམས་ཅད་མཁྱེན། །དེ་དག་ཕ་རོལ་ཕྱིན་བཅུ་ཡང༌། །ངོ་བོ་ཐིག་ལེ་གཅིག་ཏུ་འདུས། །གདུལ་བྱའི་རིམ་པ་བཅུ་བསྟན་པ། ཡང་དག་ཡེ་ཤེས་ངོ་བོ་ཉིད། ཡང་དག་དོན་གྱི་ངོ་བོ་ལ། ལམ་གྱི་དབྱེ་བ་མེད་མོད་ཀྱང༌། རྣལ་འབྱོར་བློ་ཡི་རིམ་པ་ལ། ཐེག་པའི་བྱེ་བྲག་ཐ་དད་པས། ལམ་ལྔ་དབྱེ་བ་གཅིག་ཏུ་རྫོགས། །ཞེས་པའི་ས་དང་ལམ་གྱི་རིམ་པ་ཆ་ཚང་རྫོགས་ནས་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བཞེད་དོ། །ཐེག་ཆེན་གསང་སྔགས་ཀྱི་གཞུང་དང་མཐུན་པ་ནི། ཞུས་ལན་ཡེ་ཤེས་འོད་ལས། རྒྱུད་སྡེ་རྣམས་ཀྱི་དགོངས་པ་ནི། །སྔོན་གྱི་གྲུབ་ཐོབ་རྣམས་ཀྱིས་ཀྱང༌། །རྫོགས་རིམ་ཐ་དད་མང་གསུངས་ཀྱང༌། །མཚན་བཅས་མཚན་མེད་གཉིས་སུ་འདུས། །ཞེས་མཚན་བཅས་མཚན་མེད་ཀྱི་རྫོགས་རིམ་གཉིས་ལས་ཁྱད་པར་དུ་འཕགས་པ་མཚན་མེད་ཀྱི་རྫོགས་རིམ་ཕྱག་རྒྱ་ཆེན་པོ་སྒོམ་པའི་ཉམས་རྟོགས་ལ་རྣལ་འབྱོར་བཞི་རུ་ཕྱེ་བའི་རིམ་པ་ཆ་ཚང་རྫོགས་ནས་མངོན་སངས་རྒྱས་པ་གདམས་པ་ཡོན་ཏན་རིན་ཆེན་ལས། འགྲོ་བའི་མགོན་པོ་འབའ་རོམ་པ། །བཀའ་དྲིན་ཅན་གྱི་ཞལ་སྔ་ནས། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །གཉིས་སུ་མེད་པའི་ཡེ་ཤེས་དེ། །རང་སེམས་ཡིན་གྱིས་མ་བཅོས་ཞོག །གཉུག་མ་ལྷན་ཅིག་སྐྱེས་པ་འདི། །མ་བཅོས་སོ་མར་ཞོག་ཅེས་གསུངས། །མོས་གུས་བྱས་ཤིང་གསོལ་བ་བཏབ། །དཔལ་ལྡན་ཆེན་པོ་འབའ་རོམ་པ། །ནོར་བུ་དབང་གི་རྒྱལ་པོ་དེའི། །འོད་དང་དགོས་འདོད་བྱིན་རློབས་ཀྱིས། །ཁོ་བོའི་བློ་ཡི་མུན་པ་བསལ། །རང་སེམས་ཆོས་སྐུར་ཅེར་གྱིས་རྟོགས། །ཐར་པས་དབུལ་ཞིང་ཕོངས་པ་ཡི། །འཁོར་བས་ཉེན་པའི་སྡུག་བསྔལ་བསལ། །མྱ་ངན་འདས་པའི་དབྱིངས་སུ་བསྐྱལ། །མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་བྱིན། །གདམས་པའི་མཛོད་འཛིན་གཏེར་དང་སྤྲད། །མི་ཟད་རྒྱན་གྱི་འཁོར་ལོ་ཡིས། །རང་གཞན་གཉིས་ཀྱི་བདེ་སྐྱིད་འབྱུང༌། །སྣ་ཚོགས་སྣང་བ་དཀར་དམར་འདི། །རང་སེམས་ཡིན་པར་ཅེར་གྱིས་བསྟན། །གཟུང་འཛིན་གཉིས་ཀྱི་རྩ་བ་བཅད། །རང་བྱུང་ལྷན་ཅིག་སྐྱེས་པ་ཡི། །གཉིས་མེད་ཟུང་འཇུག་ཆེན་པོར་ཤར། །ཅི་ལྟར་སྣང་ཡང་རང་གི་སེམས། །ཕྱག་རྒྱ་ཆེན་པོ་མ་ཡིན་པ། །ཆོས་གཅིག་ལོགས་སུ་གྲུབ་པ་མེད། །ཕྱག་རྒྱ་ཆེན་པོ་གཅིག་ཆོད་ལ། །རྣལ་འབྱོར་བཞི་ཡི་རིམ་པ་སྟོར། །འོན་ཀྱང་དབང་པོའི་བྱེ་བྲག་ལ། །རྣལ་འབྱོར་བཞི་ཡི་ཉམས་རྟོགས་སྐྱེས། །གང་ཟག་སྣོད་ཚོད་མི་འདྲ་བས། ད་ལྟ་འདི་ཡིས་ཕན་པར་བྱུང༌། །ཐབས་ཤེས་གཉིས་ཀྱི་འཁྲུལ་འཁོར་གྱིས། །རྟེན་འབྲེལ་ཟབ་མོ་གནད་དུ་ཚུད། །ཅི་བསམ་འགྲུབ་པས་བློ་རེ་བདེ། །སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན། །ཐམས་ཅད་གྲོགས་སུ་འཆར་བ་ཡིས། །གེགས་སུ་གྱུར་པ་གཅིག་ཀྱང་མེད། །ཅེས་རྗེ་ཉིད་ཀྱི་རྣམ་ཐར་གསུངས་པ་བཞིན་ཡིན་ནོ། །དེ་ལ་དང་པོའི་ལས་ཅན་གང་ཟག་རྣམས་ནི། ཉོན་མོངས་པའི་རྣམ་རྟོག་དང་། སྣང་བ་དཀར་དམར་དང་། བཟུང་འཛིན་གྱི་བག་ཆགས་དང༌། གྲུབ་མཐའ་བློ་ཡི་མུན་སེལ་ལས། མ་རིག་པ་ལ་གསུམ། དྲི་མ་དང་བཞི། ཅི་མ་རིག །ཅིས་མ་རིག །ཅིར་མ་རིག །མ་རིག་ན་ཅི་ཉེས། ཅི་མ་རིག་ན་སེམས་ཉིད། ཅིས་མ་རིག་ན་འཁྲུལ་པས་མ་རིག །ཅིར་མ་རིག་ན་ཆོས་སྐུར་མ་རིག །མ་རིག་ན་ཅི་ཉེས་ན་ཡེ་ཤེས་མི་སྣང༌། འཁྲུལ་པ་ལ་གསུམ། དྲི་མ་དང་བཞི། ཅི་འཁྲུལ་ན་སེམས་ཉིད། ཅིས་འཁྲུལ་ན་མ་རིགས་པས་འཁྲུལ། ཅིར་འཁྲུལ་ན་གཟུང་འཛིན་གཉིས་སུ་འཁྲུལ། འཁྲུལ་ན་ཅི་ཉེས་ན་འཁོར་བའི་རྒྱུར་སྣང༌། འཁོར་བ་ལ་གསུམ། དྲི་མ་དང་བཞི། ཅི་འཁོར་ན་སེམས་ཉིད། ཅིས་འཁོར་ན་མ་རིག་པ་དང་འཁྲུལ་པས། ཅིར་འཁོར་ན་རིགས་དྲུག་དུ་འཁོར། འཁོར་ན་ཅི་ཉེས་ན་རིགས་དྲུག་གི་སྡུག་བསྔལ་མྱོང༌། ཞེས་པའི་མ་རིག་པའི་དབང་གིས་འཁྲུལ་པ་འཁོར་བའི་འདམ་དུ་བྱིང༌བས་བླ་མས་བསྟན་པའི་གདམས་པ་བསྒོམས་ཀྱང་བསྒོམ་འཕྲོ་འཆོར་ཞིང་གཞན་དུ་གཡེངས་པར་འགྱུར་བ་དེ་ལ་བླ་མ་དམ་པའི་བྱིན་རློབས་དགོས་ཏེ། བསྟན་བཅོས་ཡེ་ཤེས་འོད་ལས། བླ་མ་ཚད་དང་ལྡན་པ་ལ། །སློབ་མ་ཚད་དང་ལྡན་པ་ཡིས། །མོས་གུས་བྱས་ཤིང་གསོལ་བཏབ་ན། །དེ་ཡི་བྱིན་རློབས་ཞུགས་པ་ཡིས། །རང་སེམས་རང་གིས་རྟོགས་པ་ཡིན། །ཞེས་གསུངས་སོ། །གལ་ཏེ་ལུས་སེམས་ལ་བར་ཆད་འདྲ་མིན་བྱུང་ན་སྤྱིར་གསང་བའི་ཡང་སྙིང་ལས། བླ་མ་ཡི་དམ་མཁའ་འགྲོ་དང༌། །ཆོས་སྐྱོང་སྲུང་མ་ཐམས་ཅད་དང༌། །དུར་ཁྲོད་སྲུང་བའི་ལྷ་རྣམས་ལ། །ཚོགས་དང་གཏོར་མས་མཉེས་པར་བྱ། །གཞི་བདག་མི་མ་ཡིན་རྣམས་ལ། །འབྱུང་གཏོར་རྒྱས་པ་བཏང་བྱས་ལ། །རྟེན་འབྲེལ་ཆོས་བཤད་སྨོན་ལམ་གདབ། །དེ་ཡིས་ཐམས་ཅད་མཐུན་པར་འགྱུར། །ཞེས་པ་དང་། ཁྱད་པར་ཡི་དམ་གྱི་ལྷ་རྟ་མགྲིན་བསྒོམ་པ་ནི་གནད་ཟབ་པར་ཤེས་པར་བྱའོ། །