བསྟན་བཅོས་ཡོན་ཏན་རིན་པོ་ཆེ་ཀུན་ཏུ་འོད་ཀྱི་ཊཱིཀ་སྙིང་པོ་གསལ་བ་ཞེས་བྱ་བ་བཞུགས་སོ། ། 5

2014-04-25

~~སྒྲོ་སྐུར་དང་བྲལ་བའི་ཤེས་པ་གཉུག་མ་འདི་གོམས་པར་བསྐྱངས་ནས་སྣང་གྲགས་ཀྱི་དངོས་པོ་འདི་ཐམས་ཅད་ལ་འདི་སྤང་འདི་བླང་བྱ་བ་མེད་པར་ཐམས་ཅད་སྒོམ་དུ་འཆར་ཞིང་འདུག །དེ་ལྟར་ཡིན་པར་ཡང་དོ་ཧ་ལས། གཉུག་མའི་ཡིད་ནི་གང་ཚེ་བསྐྱང་གྱུར་ན། །དེ་ཚེ་བླ་མའི་མན་ངག་སྙིང་ལ་འཇུག །ཅེས་གསུངས། ཡང་དོ་ཧ་ལས། མཐོང་དང་ཐོས་དང་དྲན་དང་རིག་པ་དང༌། །ཅལ་ཅོལ་སྨྲ་དང་ལན་སྨྲར་གྱུར་པ་ལ། །རྣམ་པ་དེ་ཉིད་ལས་ཀྱང་སྤྱོད་མི་བྱ། །ཞེས་གསུངས་པའི་དོན་ཡང་དེ་ཉིད་ལ་གསུངས་པར་སྣང༌། དེ་ཉིད་གོམས་པ་མངོན་དུ་གྱུར་ན་འབྲས་བུ་ཡང་དེ་རང་དུ་འདུག་པས་འཁོར་བར་ལྟུངས་པ་དང་ལྟུང་བའི་དོགས་པ་དང་བྲལ། མྱ་ངན་ལས་འདས་པ་རང་གི་སེམས་ཆོས་ཀྱི་སྐུར་རྟོགས་པས་སངས་རྒྱས་ཐོབ་པའི་རེ་བ་དང་བྲལ། ཞེས་ཏི་ཤྲི་རས་པ་རང་གི་ཉམས་མྱོང་གསུངས་པ་ལྟར་ཡིན་པས་སྤང་བླང་རིས་སུ་ཆད་པ་མེད་ཀྱང་རང་ངོ་མ་ཤེས་པའི་སྒྲིབ་པ་རྣམས་ཤུགས་ཀྱིས་འབྱངས་ཏེ། སེམས་ཀྱི་གནས་ལུགས་རྟོགས་པ་ཆོས་སྐུ་སྤྲོས་བྲལ་གྱི་ངོ་བོ་གཉིས་མེད་ཟུང་དུ་འཇུག་པའི་བདག་ཉིད་ལ་གནས་སྐབས་མཐར་ཐུག་གི་ཡོན་ཏན་ཐམས་ཅད་འཆར་བ་སྟེ། དོན་གྱི་སྙིང་པོ་ནི། རྗེ་རང་བྱུང་བས། དུས་གསུམ་སངས་རྒྱས་ཀྱི་དགོངས་པ། དམ་པ་རྣམས་ཀྱིས་དོན་དུ་གཉེར་བ། ཆོས་སྐུ་ཕྱག་རྒྱ་ཆེན་པོ་ཟེར་བའི་སྒྲ་བོ་ཆེ། གཡེར་པོ་ཆེ་དེ་རང་གི་སེམས་ལ་ཟེར་བ་ཡིན། རང་སེམས་ངོ་བོ་མ་ཤེས་ན། ང་ཡི་སེམས་ང་ཡི་སེམས་ཟེར་བའི་མི་དྲན་དགུ་དྲན་གྱི་རིག་པ་འདི་ཡིན། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱང་རིག་པ་འདི་རང་ལས་མ་འདས། སྡེ་སྣོད་མདོ་རྒྱུད་ཀྱི་བཅུད་ཀྱང་འདི་ཡིན། འདི་ཉམས་སུ་ལེན་ན་བསྒོམ་རྒྱུ་ཡང་མེད། རིག་པ་རང་སར་ཧྲིག་གེར་ཞོག །དེ་ཕྱག་རྒྱ་ཆེན་པོ་ཡིན་ནམ་མིན་སྙམ་པའི་ཐེ་ཚོམ་མི་དགོས། ཡགས་སུ་རེ་བ་དང་ཉེས་ཀྱི་དོགས་པ་ཡེ་མ་བྱེད། རྟོག་པ་བན་བུན་མང་པོའི་རྗེས་སུ་མ་འབྲང་། རིག་པ་ཧྲིག་གེ་བ་འདི་རང་གི་ཐོག་ཏུ་ཞོག །ལྷོད་དེ་གློད་ལ་ཞོག །བསྒོམ་རྒྱུ་དེ་ལས་ཅི་ཡང་མི་དགོས་སོ། །དེ་ལྟར་ཡང་དང་ཡང་དུ་བསྒོམ་པས་དུས་ཚོད་ཅིག་ན། རྣམ་རྟོག་རང་ངོ་ཤེས་ནས། གཞི་མེད་རྩ་བྲལ་དུ་ལྷན་གྱིས་རྟོགས་ནས་ཞེན་པ་ཐམས་ཅད་རང་སར་གྲོལ་ནས། སྐད་ཅིག་གཅིག་ལ་བག་ཆགས་མ་ལུས་པ་དྲུངས་ཕྱུང་སྟེ། དེ་ཉིད་སངས་རྒྱས་ཞེས་བྱའོ། །ཞེས་གསུངས་པ་ཉིད་ཡིན་ནོ། །
དྲུག་པ་ནི། རྗེ་མི་ལའི་ཡེ་ཤེས་གསལ་བྱེད་ལས། ཕྱག་རྒྱ་ཆེན་པོའི་མཚན་ཉིད་བསྟན་པ་ལ་གསུམ་སྟེ། གཞི་ཕྱག་རྒྱ་ཆེན་པོ། ལམ་ཕྱག་རྒྱ་ཆེན་པོ། འབྲས་བུ་ཕྱག་རྒྱ་ཆེན་པོའོ། །དང་པོ་དངོས་པོ་གཤིས་ཀྱི་གནས་ལུགས། སངས་རྒྱས་ཀྱི་དགོངས་པ། སེམས་ཅན་གྱི་སེམས་ཉིད། ཁ་དོག་དང་དབྱིབས་སུ་མ་གྲུབ་པ། མཐའ་དང་དབུས་སུ་མ་གྲུབ། རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ། ཡོད་མ་མྱོང༌། མེད་མ་མྱོང༌། མ་འཁྲུལ། མ་གྲོལ། རྒྱུས་མ་བསྐྱེད། རྐྱེན་གྱིས་མ་བསྒྱུར། སངས་རྒྱས་མཁས་ཏེ་མ་བཅོས། སེམས་ཅན་བླུན་ཏེ་མ་བསླད། རྟོགས་པས་བཟང་དུ་མ་སོང༌། འཁྲུལ་པས་ངན་དུ་མ་སོང༌། དེ་ནི་གཞི་ཀུན་ལ་གནས་པས་གཞི་ཕྱག་རྒྱ་ཆེན་པོའོ། །ལམ་ཕྱག་རྒྱ་ཆེན་པོ་ནི། གཞི་དེའི་སྟེང་དུ་ཉམས་སུ་བླངས་པའི་ཆོས་འཇོག་དུས་དམིགས་མེད་དུ་འཇོག །གནས་ན་ཡེངས་མེད་དུ་གནས། ཁྱེར་དུས་འཛིན་མེད་དུ་ཁྱེར། འཆར་ན་ཆོས་ཉིད་དུ་འཆར། གྲོལ་དུས་རང་གྲོལ་དུ་འགྲོ་བ་གཅིག་ཉམས་སུ་ལེན་པའོ། །དེ་ནི་ལམ་ཕྱག་རྒྱ་ཆེན་པོའོ། །འབྲས་བུ་ཕྱག་རྒྱ་ཆེན་པོ་ནི། །གྲོལ་བྱ་གྲོལ་བྱེད་དང་བྲལ་བ། །རེ་དོགས་དང་བྲལ་བ། བློ་ཟད་ཆོས་ཟད་འཛིན་མེད་ཅེས་པ་བློ་ལས་འདས་པས་བརྗོད་པ་དང་བྲལ་བའོ། །དེ་ནི་འབྲས་བུ་ཕྱག་རྒྱ་ཆེན་པོའོ། །འདིར་གཞི་ལམ་འབྲས་གསུམ་དབྱེར་མེད་དུ་ཉམས་སུ་ལེན་པའོ། །ཞེས་གསུངས་ཤིང། རྩ་བ་ཤེས་རབ་ལས། གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་པ། །དེ་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་སེམས་ཀྱི་ངོ་བོ་སྟོང་པ་ཉིད་དང་སྣང་བ་རྟེན་ཅིང་འབྲེལ་བར་འབྱུང་བ་འདི་ནི། ས་སྐྱ་པ་ལ་གདམས་པ་ལས། འདི་ལྟར་སྣང་བ་སྣ་ཚོགས་དཀར་དམར་ཡང༌། །རང་གི་སེམས་ལས་གཞན་ཞིག་ལོགས་ན་མེད། །ཅེས་སེམས་ལས་ལོགས་སུ་མེད་ལ། སེམས་ཀྱི་གཤིས་སྐྱེ་མེད་འོད་གསལ་སྟོང་པ་ཉིད་ལས་དངོས་པོའི་ཆོས་ཕྱི་ནང་གི་སྣང་བ་དཀར་དམར་སྣ་ཚོགས་པ་འཕྲོ་བཞིན་པ་ནའང་ཤེས་རབ་སྙིང་པོ་ལས། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་རྣམས་སྟོང་པའོ། །ཞེས་སྟོང་པ་ཉིད་དང་གཟུགས་གཉིས་སུ་མེད་པ་ཚད་མ་ལེའུ་ལྔ་པ་ལས། སྟོང་ཉིད་རྟེན་འབྲེལ་ཞེས་པ་ནི། སྟོང་པ་ཉིད་ཀྱི་གཞི་རྟེན་ནི་དཔེར་ན་མེ་ལོང་བཞིན་གྱི་གཟུགས་བརྙན་ཤར་བ་ན། རྟེན་འབྲེལ་འཚོགས་པས་གཟུགས་བརྙན་སྣང་བ་ཡིན། རྐྱེན་གྱིས་མ་ཡིན་ན་མེ་ལོང་ལ་དང་པོ་ནས་གཟུགས་བརྙན་སྣང་དགོས། གཟུགས་བརྙན་སྣང་ཡང་མེ་ལོང་རང་ཡིན། གཟུགས་བརྙན་གྲུབ་པ་མེད། སེམས་སྟོང་པ་ཉིད་ལ་རྐྱེན་གྱིས་སྣ་ཚོགས་སུ་སྣང་ཡང༌། རྐྱེན་གྱིས་དེ་ལྟར་སྣང་བ་ཡིན། དེ་ལྟར་མ་ཡིན་ན་སྟོང་པ་ཉིད་རྐྱེན་དང་མ་འཕྲད་པའི་དུས་སུ་སྐྱེ་དགོས་པ་ཡིན་ཏེ་མི་སྐྱེ། སྣ་ཚོགས་སུ་སྣང་ཡང་སྟོང་པའི་རང་ལྡོག་འགྱུར་བ་མེད། ཅེས་གསུངས་པ་ནི། རང་རིག་པའི་ཡེ་ཤེས་ཀྱིས་རྟོགས་པར་བྱ་བ་འབའ་རོམ་པའི་མགུར་ལས། ཡིད་རྣལ་འབྱོར་ཉམས་ཀྱི་སྣང་བ་ལ། །མདུན་མཁའ་ལ་རྗེ་བཙུན་བྱོན་ནས་ཀྱང༌། །ཆོས་ཟུང་འཇུག་ཕྱག་ཆེན་སེངྒེའི་སྒྲ། །དོན་འཁོར་འདས་དབྱེར་མེད་འདི་སྐད་གསུངས། །གནས་ཚུར་རོལ་དུ་འཁོར་བ་མ་གྲུབ་པས། །ཡུལ་ཕ་རོལ་དུ་འདས་པ་མ་མཆིས་པ། །སེམས་འཁོར་འདས་གཉིས་མེད་འདོད་ཞེན་བྲལ། །དེ་དབྱེར་མེད་ཟུང་འཇུག་ཕྱག་རྒྱ་ཆེ། །གནས་ཚུར་རོལ་དུ་སྣང་བ་མ་གྲུབ་པས། །ཡུལ་ཕ་རོལ་དུ་སྟོང་པ་མ་མཆིས་པ། །སེམས་སྣང་སྟོང་གཉིས་མེད་ཆགས་སྡང་བྲལ། །དོན་དེ་ཉིད་རོ་གཅིག་ཕྱག་རྒྱ་ཆེ། །གནས་ཚུར་རོལ་དུ་སྐྱེ་བ་མ་གྲུབ་པས། །ཡུལ་ཕ་རོལ་དུ་འགག་པ་མ་མཆིས་པ། །སེམས་སྐྱེ་འགག་གཉིས་མེད་གནས་པ་བྲལ། །དེ་དུས་གསུམ་རྒྱུན་པ་ཕྱག་རྒྱ་ཆེ། །གནས་ཚུར་རོལ་དུ་འོང་བ་མ་གྲུབ་པས། །ཡུལ་ཕ་རོལ་དུ་འགྲོ་བ་མ་མཆིས་པ། །སེམས་འགྲོ་འོང་གཉིས་མེད་ཡུལ་དང་བྲལ། །དེ་ལྷན་སྐྱེས་ཡེ་ཤེས་ཕྱག་རྒྱ་ཆེ། །གནས་ཚུར་རོལ་དུ་འདུ་བ་མ་གྲུབ་པས། །ཡུལ་ཕ་རོལ་དུ་འབྲལ་བ་མ་མཆིས་པ། །སེམས་འདུ་འབྲལ་གཉིས་མེད་དངོས་འཛིན་བྲལ། །དེ་གཉུག་མ་རང་གྲོལ་ཕྱག་རྒྱ་ཆེ། །གནས་ཚུར་རོལ་དུ་སྡུག་བསྔལ་མ་གྲུབ་པས། །ཡུལ་ཕ་རོལ་དུ་བདེ་བ་མ་མཆིས་པ། །སེམས་བདེ་སྡུག་གཉིས་མེད་སྤྲོས་དང་བྲལ། །དེ་ངར་འཛིན་མེད་པ་ཕྱག་རྒྱ་ཆེ། །གནས་ཚུར་རོལ་དུ་སྐྱེ་བ་མ་གྲུབ་པས། །ཡུལ་ཕ་རོལ་དུ་འཆི་བ་མ་མཆིས་པ།  །སེམས་སྐྱེ་འཆི་མེད་པ་བློས་བཏགས་བྲལ། །དེ་རྡོ་རྗེའི་སྐུ་ཉིད་ཕྱག་རྒྱ་ཆེ། །གནས་ཚུར་རོལ་དུ་ཆགས་པ་མ་གྲུབ་པས། །ཡུལ་ཕ་རོལ་དུ་ཐོགས་པ་མ་མཆིས་པ། །སེམས་ཆགས་ཐོགས་མེད་པ་ཕུག་གཏད་བྲལ། །དེ་དམིགས་མེད་ལྷུན་གྲུབ་ཕྱག་རྒྱ་ཆེ། །གནས་ཚུར་རོལ་དུ་གཟུང་བ་མ་གྲུབ་པས། །ཡུལ་ཕ་རོལ་དུ་འཛིན་པ་མ་མཆིས་པ། །སེམས་གཟུང་འཛིན་གཉིས་མེད་དྲི་མ་བྲལ། །དེ་དག་པ་གཉིས་ལྡན་ཕྱག་རྒྱ་ཆེ། །གནས་ཚུར་རོལ་དུ་འགྲིབ་པ་མ་གྲུབ་པས། །ཡུལ་ཕ་རོལ་དུ་གསལ་བ་མ་མཆིས་པ། །སེམས་གསལ་འགྲིབ་གཉིས་མེད་སྒྲིབ་གཡོགས་བྲལ། །དེ་དྲི་མེད་རྣམ་དག་ཕྱག་རྒྱ་ཆེ། །གནས་ཚུར་རོལ་དུ་དམིགས་པ་མ་གྲུབ་པས། །ཡུལ་ཕ་རོལ་དུ་གཏད་པ་མ་མཆིས་པ། །སེམས་དམིགས་གཏད་གཉིས་མེད་མཐའ་དང་བྲལ། །དེ་ཡིད་ལ་མི་བྱེད་ཕྱག་རྒྱ་ཆེ། །གནས་ཚུར་རོལ་དུ་བདག་འཛིན་མ་གྲུབ་པས། །ཡུལ་ཕ་རོལ་དུ་གཞན་རྟོག་མ་མཆིས་པ། །སེམས་བདག་གཞན་གཉིས་མེད་བདེན་འཛིན་བྲལ། །དེ་དུ་མ་རོ་གཅིག་ཕྱག་རྒྱ་ཆེ། །གནས་ཚུར་རོལ་དུ་ལམ་ལྔ་མ་གྲུབ་པས། །ཡུལ་ཕ་རོལ་དུ་ས་བཅུ་མ་མཆིས་པ། །སེམས་ས་ལམ་གཉིས་མེད་བགྲོད་བྱ་བྲལ། །དེ་གཅིག་ཆར་དུ་འཇུག་པ་ཕྱག་རྒྱ་ཆེ། །གནས་ཚུར་རོལ་དུ་འགྱུར་བ་མ་གྲུབ་པས། །ཡུལ་ཕ་རོལ་དུ་འཕོ་བ་མ་མཆིས་པ། །སེམས་འཕོ་འགྱུར་གཉིས་མེད་མཐའ་དང་བྲལ། །དེ་བློ་ལས་འདས་པ་ཕྱག་རྒྱ་ཆེ། །གནས་ཚུར་རོལ་དུ་དགག་བྱ་མ་གྲུབ་པས། །ཡུལ་ཕ་རོལ་དུ་བསྒྲུབ་བྱ་མ་མཆིས་པ། །སེམས་དགག་སྒྲུབ་གཉིས་མེད་ཞེན་པ་བྲལ། །དེ་འགག་མེད་འོད་གསལ་ཕྱག་རྒྱ་ཆེ། །གནས་ཚུར་རོལ་དུ་སྤང་བྱ་མ་གྲུབ་པས། །ཡུལ་ཕ་རོལ་དུ་བླང་བྱ་མ་མཆིས་པ། །སེམས་སྤང་བླང་གཉིས་མེད་འཛིན་པ་བྲལ། །དེ་མཉམ་ཉིད་རོ་སྙོམས་ཕྱག་རྒྱ་ཆེ། །གནས་ཚུར་རོལ་དུ་དོགས་པ་མ་གྲུབ་པས། །ཡུལ་ཕ་རོལ་དུ་རེ་བ་མ་མཆིས་པ། །སེམས་རེ་དོགས་གཉིས་མེད་ཞེ་འདོད་བྲལ། །དེ་མི་རྟོག་ཆོས་སྐུ་ཕྱག་རྒྱ་ཆེ། །ཞེས་གཉིས་སུ་སྣང་བའི་ཆོས་རྣམས་གཉིས་མེད་ཟུང་འཇུག་ཏུ་གནས་པ་ཕྱག་རྒྱ་ཆེན་པོ་ཡིན་ཏེ། ས་སྐྱ་པ་ལ་གདམས་པ་ལས། གཉིས་སུ་མེད་པའི་དོན་གྱིས་ན་ཕྱག །མི་འདའ་བའི་དོན་གྱིས་ན་རྒྱ། དེ་ཡི་གོང་ན་གཞན་མེད་པས་ན་ཆེན་པོའོ། །ཕྱག་ཅེས་པ་ནི་མི་ལ་ལག་པ་གཉིས་ཡོད་པ་ཐལ་མོ་གཅིག་ཏུ་སྦྱར་བ་ལྟར། སེམས་སྣང་བ་དང་སྟོང་པ་གཉིས་སུ་མེད། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་གཉིས་མེད་ཟུང་འཇུག་དེ་ལས་མི་འདའ་བས་ན་རྒྱ། རང་གིས་སེམས་དེ་ལྟར་རྟོགས་ན་སངས་རྒྱས་བྱ་བ་ཞིག་དེའི་གོང་ན་མེད་པས་ཆེན་པོ་བྱ་བ་ཡིན། ཞེས་གསུངས་སོ། །
བདུན་པ་སེམས་ཉིད་སྒོམ་པའི་ཡོན་ཏན་ལ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། སྣང་སྟོང་གཉིས་སུ་མེད་པའི་ཕྱག་རྒྱ་ཆེན་པོ་དེ་བསྒོམ་པ་ལས་གནས་མཐར་གྱི་ཡོན་ཏན་ཐམས་ཅད་འབྱུང༌བར་འགྱུར་ལ། ཉི་མ་ཡོད་པས་འོད་ཟེར་ཡོད་པ་བཞིན་དུ་སྟོང་ཉིད་བསྒོམ་པའི་དགོས་པ་གང་ཡིན་པ། བྱང་ཆུབ་སེམས་འགྲེལ་ལས། དེ་ལྟར་སྟོང་པ་ཉིད་འདི་ནི། །རྣལ་འབྱོར་པ་ཡིས་བསྒོམ་བྱས་ན། །གཞན་གྱི་དོན་ལ་ཆགས་པའི་བློ། །འབྱུང་བར་འགྱུར་བ་ཐེ་ཚོམ་མེད། །ཅེས་པས་བློ་ནི་གཞན་དོན་སྒྲུབ་པ་ལ་དགའ་བ་སྐྱེ་བར་འགྱུར་བ་དང། རང་གི་སྒོམ་སྐྱེས་བླ་མའི་བཀའ་དྲིན་ཡིན་པར་གོ་བས་བླ་མ་སངས་རྒྱས་སུ་མཐོང་བར་འགྱུར་རོ། །
གཉིས་པ་ལ། དད་པའི་གཞན་དོན། སྙིང་རྗེའི་གཞན་དོན། ཤེས་རབ་ཀྱི་གཞན་དོན་ནོ། །དང་པོ་ནི། རང་གི་སེམས་ངོ་སྤྲོད་པའི་བླ་མ་སངས་རྒྱས་ཡིན་པའི་དད་གུས་སྐྱེ་སྟེ། དྭང་བའི་དད་པ་སྙིང་ཁུང་རུས་པའི་གཏིང་ནས་སྐྱེས་པས་ཕྱི་ནང་གྲུབ་མཐའ་གཞན་གྱི་ཡོན་ཏན་ལས་རང་གི་བླ་མ་རིན་ཆེན་གྱི་ཡོན་ཏན་ལྷག་པ་ལ་ཡིད་གཉིས་ཐེ་ཚོམ་དང་རེ་དོགས་ཕྲ་མོ་ཙམ་ཡང་མི་སྐྱེ་བའི་འགྱུར་མེད་བརྟན་པ་ཡིད་ཆེས་ཀྱི་དད་པ་སྐྱེ་བ་དང། འཁོར་བའི་རྒྱུ་ལས་ཉོན་དང་འབྲས་བུ་སྡུག་བདེན། མྱང་འདས་ཀྱི་རྒྱུ་ལམ་དང་འབྲས་བུ་འགོག་བདེན་ལ། རྒྱུད་བླ་མ་ལས། ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ། །བདེ་གནས་ཐོབ་བྱ་སྨན་ནི་བསྟེན་པར་བྱ་བ་ལྟར། །སྡུག་བསྔལ་རྒྱུ་དང་དེ་འགོག་པ་དང་དེ་བཞིན་ལམ། །ཤེས་བྱ་སྤང་བྱ་རེག་པར་བྱ་ཞིང་བསྟེན་པར་བྱ། །ཞེས་པའི་ཚུལ་ཤེས་པས་གཉིས་མེད་གཉུག་མའི་ཏིང་ངེ་འཛིན་བསྒོམ་པ་ལ་ཆེས་སྤྲོ་བ་ཡི་འདོད་པའི་དད་པས་འབྲས་བུ་འགོག་པའི་བདེན་པ་མངོན་སུམ་དུ་བྱེད་པ་དང། དད་གསུམ་འཁོར་ལོ་རྒྱུན་ཆད་མེད་པ་ཡིས་རིས་མེད་པའི་འགྲོ་བ་རྣམས་འཁོར་བ་ལས་འདྲེན་པར་མཛད་པ་ནི་གཞན་དོན་ཕྲིན་ལས་ཡིན་ནོ། །
གཉིས་པ་ནི། འགྲོ་བ་རིགས་དྲུག་གི་སེམས་ཅན་སྐྱེ་བ་མང་པོའི་མ་རྒན་དུ་གྱུར་པ་རྣམས་ཀྱང་ཞུས་ལན་མུ་ཏིག་ཕྲེང་བ་ལས། བདག་ཉིད་སྡུག་བསྔལ་མི་འདོད་བཞིན། །སེམས་ཅན་སྡུག་བསྔལ་ཡོངས་མི་འདོད། །བདག་ཉིད་བདེ་བར་འདོད་པ་བཞིན། །སེམས་ཅན་རྣམས་ཀྱང་བདེ་བར་འདོད། །ཅེས་བདེ་སྡུག་འདོར་ལེན་བྱེད་པ་རང་དང་གཅིག་མཚུངས་ཡིན་ཕྱིར། འཁོར་བའི་སྡུག་བསྔལ་སྐྱེ་རྒ་ན་འཆི་སོགས་དཔག་ཏུ་མེད་པ་མྱོང་བ་ལ་ཞུས་ལན་མུ་ཏིག་ཕྲེང་བ་ལས། སྙིང་རྗེ་ཅི་ལྟར་སྒོམ་ཞེ་ན། །ཞེ་སྡང་ལ་སོགས་ཉོན་མོངས་ཀྱིས། །མནར་བའི་སེམས་ཅན་མི་སྡུག་པ། །འདི་ནི་འདི་ལྟར་སྡུག་བསྔལ་བ། །རང་སེམས་མ་རྟོགས་པ་ཡིས་ལན། །ཞེ་སྡང་ལ་སོགས་ཉོན་མོངས་དེ། །སྟོང་པ་ཡིན་པར་མ་ཤེས་པར། །སྙིང་རེ་རྗེ་ན་སྙམ་དུ་བསྒོམ། །ཞེས་སེམས་ཅན་འཁྲུལ་སྣང་སྟོང་པར་མ་ཤེས་པས་སྡུག་བསྔལ་བ་རྣམས་ལ་སྙིང་རྗེ་སྒོམ་པ་ཉམས་སུ་བླངས་པས་སྙིང་རྗེ་ཆེན་པོ་ངམ་ངམ་ཤུགས་ཀྱིས་སྐྱེ་བའི་ས་མཚམས་ནི། ཞུས་ལན་ཡེ་ཤེས་འོད་ལས། ཚོགས་ལམ་ཆུང་ངུ་ནས་བཟུང་ནས། །འཇིག་རྟེན་ཆོས་མཆོག་མན་ཆད་དུ། །སེམས་ཅན་ལ་དམིགས་སྙིང་རྗེ་སྐྱེ། །སོ་སོ་སྐྱེ་བོའི་དུས་དག་ཏུ། །སྙིང་རྗེ་སྐྱེ་ཡང་དེ་ལྟར་མིན། །ལུས་དང་ཚོར་བ་སེམས་དང་ཆོས། །དྲན་པ་ཉེར་བཞག་བསྒོམ་དུས་སུ། །རང་གི་ཆོས་རྣམས་མཐོང་བ་ཡིས། །འགྲོ་ལ་སྙིང་རྗེ་སྐྱེ་བ་ཡིན། །ཡང་དག་སྤོང་དང་རྫུ་འཕྲུལ་གྱི། །སྙིང་རྗེ་འབྲིང་པོ་སྐྱེ་བ་ཡིན། །དབང་སྟོབས་བཅུ་དང་ངེས་འབྱེད་བཞིར། །སྙིང་རྗེ་ཆེན་པོ་སྐྱེ་བ་ཡིན། །ས་དང་པོ་བདེན་པ་མཐོང་ཙམ་ན། །ཆོས་ལ་དམིགས་པའི་སྙིང་རྗེ་སྐྱེ། །རང་སེམས་སྤྲོས་བྲལ་རྟོགས་པ་ཡིས། །རང་གི་སེམས་དང་སེམས་ཅན་གྱི། །སེམས་གཉིས་ཐ་དད་མེད་པ་ལ། །མ་རྟོགས་པ་ལ་སྙིང་རྗེ་སྐྱེ། །དག་པའི་ས་གསུམ་ཀུན་ཏུ་འོད། །དམིགས་མེད་སྙིང་རྗེ་སྐྱེ་བ་ཡིན། །སྙིང་རྗེ་གསུམ་གྱི་འབྲས་བུ་ཡིས། །མངོན་པར་རྫོགས་པར་སངས་རྒྱས་ནས། །གཞན་དོན་ལྷུན་འགྲུབ་འབྱུང་བ་ཡིན། །ཞེས་འཇིག་རྟེན་པའི་ལམ་གྱི་སྐབས་ན་སེམས་ཅན་ལ་དམིགས་པའི་སྙིང་རྗེ་དང་། ས་དང་པོ་ནས་ཆོས་ལ་དམིགས་པའི་སྙིང་རྗེ་དང་། དག་ས་གསུམ་དུ་དམིགས་པ་མེད་པའི་སྙིང་རྗེ་སྐྱེ་བ་ཡིན་ཅིང་། སྙིང་རྗེ་སྐྱེས་ནས། ཞུས་ལན་མུ་ཏིག་ཕྲེང་བ་ལས། འགྲོ་བ་སེམས་ཅན་མ་རྣམས་ལ། །ཕན་ནི་ཅི་ལྟར་འདོགས་ཞུས་པ། །ལས་དང་བྱ་བ་ཅི་བྱེད་ལ། །བྱང་ཆུབ་སེམས་ཀྱིས་ཟིན་བྱས་ལ། །བདག་གི་ལུས་དང་ལོངས་སྤྱོད་དང༌། །ཆོས་དང་མི་འཇིགས་ལ་སོགས་ཀྱིས། །ཞེན་འཁྲིས་མེད་པར་ཕན་འདོག་བྱ། །ཞེས་བྱང་ཆུབ་སེམས་ཀྱི་ཀུན་སློང་གིས་སེམས་ཅན་ལ་ཅི་ཕན་བྱ་བས་འགྲོ་བའི་སྡུག་བསྔལ་མཐའ་དག་སེལ་བར་མཛད་པ་ཡི་སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པ། ཕྱག་ཆེན་སྨོན་ལམ་ལས། བཟོད་མེད་སྙིང་རྗེའི་རྩལ་ཡང་མ་འགགས་པའི། །བརྩེ་དུས་ངོ་བོ་སྟོང་དོན་རྗེན་པར་ཤར། །ཟུང་འཇུག་གོལ་ས་བྲལ་བའི་ལམ་མཆོག་འདི། །འབྲལ་མེད་ཉིན་མཚན་ཀུན་ཏུ་བསྒོམ་པར་ཤོག །ཅེས་བརྩེ་དུས་ངོ་བོ་སྟོང་དོན་རྗེན་པར་ཤར་བའི་ལམ་མཆོག་ཞུས་ལན་ཡེ་ཤེས་འོད་ལས། སྙིང་རྗེ་ཇི་ལྟར་བསྒོམ་ཞེས་པ། །སྡུག་བསྔལ་ཅན་གྱི་སེམས་ཅན་ལ། །བུ་སྡུག་མེ་འོབས་ལྷུང་བ་ཡི། །མ་ཡིས་འདོན་ཐབས་བྱེད་པ་ལྟར། །རང་ལ་ནུས་པ་ཡོད་གྱུར་ན། །རང་ཐེད་ལ་བཏང་ནས་འདོན་པ་ཡིན། །འགྲོ་བ་སེམས་ཅན་ཐམས་ཅད་ཀྱི། །རྒྱུ་དང་ལམ་དང་འབྲས་བུ་ཡི། །སྡུག་བསྔལ་ནོན་པའི་སེམས་ཅན་ལ། །འདི་ཡི་སྡུག་བསྔལ་ཞི་ན་ཨང༌། །སྙམས་པས་སྙིང་རྗེ་རྟག་ཏུ་བསྒོམ། །སྙིང་རྗེ་སེམས་དང་འདྲེས་པར་བསྒོམ། །ཁ་ཞེ་མ་འཛོལ་དགོས་པ་ཡིན། །ཞེས་པ་ལྟར་རྟག་ཏུ་བསྒོམ་པར་བྱ་བ་ལས། ཞུས་ལན་མུ་ཏིག་ཕྲེང་བ་ལས། སྙིང་རྗེ་སྐྱེ་བའི་ཡུལ་དང་ནི། །སྙིང་རྗེ་རྣམ་པར་གསལ་བ་དང༌། །སྙིང་རྗེ་བསྒོམ་མཁན་གསུམ་དུ་བཏགས། །དམིགས་བཅས་འཁོར་བའི་འབྲས་བུ་ཡིན། །ཞེས་པ་སེམས་ཅན་ལ་དམིགས་སྙིང་རྗེས་གཞན་དོན་བྱེད་པ་དང། ཞུས་ལན་མུ་ཏིག་ཕྲེང་བ་ལས། རང་སེམས་ཆོས་སྐུར་རྟོགས་ཙ་ན། །སེམས་ཅན་སེམས་ཀྱང་ཆོས་སྐུ་སྟེ། །མ་རྟོགས་པ་རྣམས་སྙིང་རེ་རྗེ། །སྙམ་དུ་སྙིང་རྗེ་སྐྱེ་བར་འགྱུར། །རང་སེམས་སྐྱེ་མེད་རྟོགས་པ་ཡིས། །སྙིང་རྗེ་ངང་གིས་སྐྱེ་བ་ཡིན། །ཞེས་རང་སེམས་ཕྱག་རྒྱ་ཆེན་པོར་རྟོགས་པ་ཡིས་སེམས་ཅན་རྣམས་ཀྱི་རྒྱུད་ལ་ལྷན་སྐྱེས་སུ་གནས་པའི་སེམས་དང་། རང་གི་སེམས་ཕྱག་རྒྱ་ཆེན་པོར་རྟོགས་པ་དང་། སངས་རྒྱས་ཀྱི་ཐུགས་ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་དང་འདི་གསུམ་འདྲ་བ་ལས། རང་སེམས་ཕྱག་རྒྱ་ཆེན་པོར་མ་རྟོགས་པའི་སེམས་ཅན་ཐམས་ཅད་ལ་ཕུང་པོ་ལ་སོགས་པའི་ཆོས་ཙམ་ལ་དམིགས་པའི་སྙིང་རྗེ་ཆེན་པོ་སྐྱེས་པས་གཞན་གྱི་སེམས་རྒྱུད་རྟོགས་ཏེ་ཞུས་ལན་ཡེ་ཤེས་འོད་ལས། གཟུང་འཛིན་གཉིས་ཀྱིས་མནར་བ་ཡི། །འཁྲུལ་པའི་སྡུག་བསྔལ་མྱོང་བ་ཡིས། །ཆོས་རྣམས་སྣ་ཚོགས་སྣང་བ་ཀུན། །རང་སེམས་ཆོས་སྐུ་རྟོགས་པ་ཡི། །རྐྱེན་ཉེ་བར་གྱུར་པའི་སེམས་ཅན་ལ། །གཉིས་མེད་ཆོས་སྐུར་ངོ་སྤྲད་བྱ། །ཞེས་པ་ལྟ་བུའི་གདམས་པ་སྟོན་པར་བྱེད་པ་ནི་གཞན་དོན་ཡིན་ནོ། །དེ་ལྟར་ཡིན་པར་འཕགས་པ་སྡུད་པ་ལས། བདག་ཉིད་རང་ངོ་མ་ཤེས་པ་ཙམ་ལས་དག་པའི་རང་བཞིན་ཡིན་པ་ཅི་འདྲ་བ་དེ་འདྲར་སེམས་ཅན་ཐམས་ཅད་ཤེས་ཤིང། སེམས་ཅན་ཐམས་ཅད་ཅི་འདྲ་དེ་འདྲར་འཁོར་འདས་ཀྱི་ཆོས་ཀུན་ཤེས་པས། རྩ་བ་ཤེས་རབ་ལས། འཁོར་བ་མྱ་ངན་འདས་པ་ལས། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །མྱ་ངན་འདས་པ་འཁོར་བ་ལས། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །མྱ་ངན་འདས་མཐའ་གང་ཡིན་པ། །དེ་ནི་འཁོར་བའི་མཐའ་ཡིན་ཏེ། །དེ་གཉིས་ཁྱད་པར་ཅུང་ཟད་ནི། །ཤིན་ཏུ་ཕྲ་བའང་ཡོད་མ་ཡིན། །ཞེས་འཁོར་འདས་གཉིས་སུ་མེད་པ་མཐར་ཐུག་པའི་ཟུང་འཇུག་རྟོགས་ཏེ། ཞུས་ལན་ཡེ་ཤེས་འོད་ལས། སྙིང་རྗེ་སྐྱེ་བའི་ཡུལ་དང་ནི། །སྙིང་རྗེ་བསྒོམ་མཁན་སྙིང་རྗེ་གསུམ། །མཚན་ཉིད་མ་འདྲེས་སོ་སོར་ཡང༌། །གཉིས་མེད་ཟུང་འཇུག་ཆོས་སྐུར་གཅིག །དེ་ལྟར་དམིགས་པ་མེད་ན་ཡང༌། །སྡུག་བསྔལ་ཅན་གྱི་སེམས་ཅན་ལ། །སྙིང་རྗེ་ཆེན་པོ་ངང་གིས་སྐྱེ། །ཞེས་པས་ཡུལ་སེམས་ཅན་རྣམས་དང་དམིགས་པ་སྙིང་རྗེ་དང་སྒོམ་མཁན་བདག་ཉིད་གསུམ་ཡུལ་དང་ཡུལ་ཅན་ཐ་དད་མི་དམིགས་པས་ཆོས་རྣམས་ཐམས་ཅད་བཟང་ངན་གྱི་དབྱེ་བ་མེད་པའི་མཉམ་པ་ཉིད་ཡིན་ན་ཡང༌སྡུག་བསྔལ་ཅན་ལ་སྙིང་རྗེ་ངང་གིས་སྐྱེས་པ་སྟེ། སེམས་ཅན་ལ་དམིགས་པ་དང་ཆོས་ལ་དམིགས་པ་དང་དམིགས་པ་མེད་པའི་སྙིང་རྗེ་གསུམ་པོ་སྐྱེ་མེད་འོད་གསལ་གྱི་རང་གཟུགས་ཡིན་པའི་སྙིང་རྗེ་ཡིས་འགྲོ་བ་རྣམས་འཁོར་བ་ལས་འདྲེན་པར་མཛད་པ་ནི་གཞན་དོན་ཕྲིན་ལས་ཡིན་ནོ། །དེ་ལྟར་ཡིན་པར་འཕགས་པ་སྡུད་པ་ལས། བྱངས་ཆུབ་སེམས་དཔའ་རྣམས་ཀྱིས་འགྲོ་བ་རྣམས་འཁོར་བ་ལས་འདྲེན་པའི་སྙིང་རྗེ་ཆེན་པོ་བསྐྱེད་ཀྱང་སེམས་ཅན་དུ་འདུ་ཤེས་པའི་འཛིན་པ་མེད། ཅེས་དང། ཞུས་ལན་མུ་ཏིག་ཕྲེང་བ་ལས། སྙིང་རྗེ་སྐྱེ་བའི་ཡུལ་རྣམས་དེ། །རང་སེམས་མིན་པ་གཅིག་ཀྱང་མེད། །སེམས་ཉིད་ཕྱག་རྒྱ་ཆེན་པོ་ལ། །སྙིང་རྗེ་སྐྱེ་བའི་ཡུལ་མེད་ཀྱང༌། །སྡུག་བསྔལ་ཅན་གྱི་སེམས་ཅན་ལ། །སྙིང་རྗེ་ངམ་ངམ་ཤུགས་ཀྱིས་སྐྱེ། །ཐ་དད་འདུ་ཤེས་རྡུལ་ཙམ་ཡང༌། །སྐད་ཅིག་གཅིག་ཀྱང་མི་སྐྱེ་བ། །ཞེས་གསུངས་སོ། །
གསུམ་པ་ནི། སྐྱེ་བ་མེད་པའི་དོན་ཕྱག་རྒྱ་ཆེན་པོ་བསྒོམ་པའི་དགོས་པ་གང་ཡིན་པ་ནི། རང་དང་གཞན་གྱི་དོན་ཀུན་སྒྲུབ་པའི་ཤེས་རབ་སྐྱེ་བ་ཡིན་ཏེ། འབྲས་བུ་བླ་ན་མེད་པ་དུས་གསུམ་སངས་རྒྱས་ཀྱི་ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་དེ་ཡང་ཐོས་བསམ་སྒོམ་པའི་ཤེས་རབ་ཕུན་སུམ་ཚོགས་པ་ལས་འབྱུང་བར་གསུངས་པའི་ཕྱིར་རོ། །ཤེས་རབ་ལ་དབྱེ་ན་དོན་དམ་ཀུན་རྫོབ་སྦྱངས་པའི་ཤེས་རབ་གསུམ་ལས། རང་གི་སེམས་ཉིད་གདོད་ནས་དྲི་མས་མ་གོས་པའི་རྣམ་དག་སྤྲོས་དང་བྲལ་བའི་རང་སེམས་རང་རིག་པས་རྟོགས་པ་ནི་དོན་དམ་པའི་ཤེས་རབ་ཡིན་ལ། འཁོར་འདས་གཉིས་ཀྱི་རྒྱུ་འབྲས་སོ་སོ་ལ། མ་འདྲེས་སོ་སོར་མཁྱེན་པའི་ཡེ་ཤེས་ཀྱིས། རྒྱུ་མེད་པ་ལས་བྱུང་བ་དང་། རྒྱུ་སྡིག་པ་ལས་འབྲས་བདེ་བ་ལྟ་བུའི་འཆོལ་བ་དང༌། རྟག་ཆད་དུ་ཞེན་པ་དང་། སྐྱེ་བ་གཞན་དུ་འཕོ་བ་དང་། ལས་འབྲས་མ་ངེས་པ་སོགས་ཀྱི་མུ་མཐའ་རྣམས་ནི། སཱ་ལུ་ལྗང་པའི་མདོ་ལས། མྱུ་གུ་དེ་ཡང་བདག་གིས་མ་བྱས། གཞན་གྱིས་མ་བྱས། གཉི་གས་མ་བྱས། དབང་ཕྱུག་གིས་མ་བྱས། དུས་ཀྱིས་མ་བསྒྱུར། རང་བཞིན་ལས་མ་བྱུང་། རྒྱུ་མེད་པ་ལས་ཀྱང་མ་སྐྱེས། ཞེས་པས་ན་གཏི་མུག་མུན་པས་སྒྲིབ་པའི་ལོག་ཤེས་ཡིན་ཕྱིར་སྤངས་ཏེ། ཡང་དག་པའི་རྒྱུ་འབྲས་སཱ་ལུ་ལྗང་པའི་མདོ་ལས། ཅིའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ། སྨྲས་པ། རྒྱུ་དང་བཅས་རྐྱེན་དང་བཅས་པ་ལ་བྱའི། རྒྱུ་མེད་རྐྱེན་མེད་པ་ལ་ནི་མ་ཡིན་ཏེ། དེའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱའོ། །ཞེས་པའི་རྟེན་ཅིང་འབྲེལ་བར་འབྱུང་བའི་ལས་འབྲས། མདོ་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་པའི་དགེ་སྡིག་དཀར་ནག་གི་འབྲས་བུ་བདེ་སྡུག་ཕྱེད་པ་ཀུན་རྫོབ་ཤེས་རབ་ཀྱིས། གདུལ་བྱ་གཞན་རྣམས་ཡོན་ཏན་རྒྱལ་ལ་གདམས་པ་ལས། རིགས་དྲུག་སེམས་ཅན་ཐམས་ཅད་ལ། །མཐོ་དམན་མེད་པར་བྱམས་པ་སྒོམས། །ཐད་དུ་བབས་པའི་གདུལ་བྱ་ལ། །ཚིག་གི་མགོ་བསྐོར་མ་བྱེད་པར། །སྙན་བརྒྱུད་ཀྱི་གདམས་ངག་གནད་དུ་བསྣུན། །སེམས་སྟོང་པ་ཉིད་ལ་སྤར་ཟིན་གྱིས། །ཟག་མེད་བདེ་བའི་ཉམས་མྱོང་སྐྱེད། །མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་འབྱུང༌། །བུ་གཞན་དོན་མཛད་ན་དེ་ལྟར་མཛོད། །ཅེས་ཟབ་མོའི་གདམས་པས་དགེ་བའི་ལམ་ཡང་དག་པ་ལ་བཀོད་པ་ནི་གཞན་དོན་ཡིན་ནོ། །བཀའ་དང་བསྟན་བཅོས་མན་ངག་ཆོས་རྣམས་ལ་ཐོས་པ་རྒྱ་ཆེ་བས་མང་དང་མང་པོ་ཐོས་པ་ལས་གཞུང་གཅིག་ཀྱང་ལན་མང་དུ་ཐོས་པ་སྦྱངས་པ་ཡི་ཤེས་རབ་ཀྱིས། ཡུལ་ཤེས་བྱ་དང་ཡུལ་ཅན་ཤེས་པའི་རྣམ་གཞག་ལ་མཁས་པས་ཕྱི་ཡི་སྒྲོ་འདོགས་ཆོད་དེ། ཐོས་པའི་དོན་ལ་རང་གི་བསམ་པས་དཔྱད་དེ་རྟག་ཏུ་བསྐྱང་པ་ན་ནི། ཚད་མ་རྣམ་འགྲེལ་ལས། འདི་ཡུལ་སུན་ཕྱུང་མེད་པར་ནི། །དེ་སྤོང་བར་ནི་ནུས་མ་ཡིན། །ཞེས་པ་ལྟར་དགེ་དང་མི་དགེའི་ཆོས་རྣམས་ཐམས་ཅད་ཡུལ་ལས་བྱུང༌བས་ཡུལ་རྣམས་བཀག་པས་སེམས་ཉིད་འགགས་པར་འདོད་མོད། ཆུ་མིག་མགོ་འབུར་ས་ཡིས་ནོན་པ་མེད་པ་བཞིན་དུ་རྣམ་ཤེས་བཟང་ངན་གྱི་རྣམ་རྟོག་སྣ་ཚོགས་འཕྲོ་བ་དེ། ཡུལ་སྣང་བཀག་པས་གཅིག་ཀྱང་ཁོག་པ་མེད་དོ། །འོན་ཀྱང་གང་ཟག་དེ་དག་བསམ་བྱུང་ཤེས་རབ་ཀྱིས་གཏན་ལ་ཕེབས་པ་དེ་ཁོ་ན་ཉིད་ཀྱི་དོན་ལ་རློམ་ཡང་སྨིག་སྒྱུའི་ཆུ་དང་འདྲ་བ་ལས་དོན་དམ་གཉུག་མ་ནི། མདོ་ལས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་བསམ་བརྗོད་ཀྱི་ཡུལ་ལས་འདས་པ་ཡིན་ནོ། །རང་གི་སེམས་ཞུས་ལན་མུ་ཏིག་ཕྲེང་བ་ལས། རྣམ་རྟོག་སྣ་ཚོགས་འཕྲོ་བ་འདི། །རང་རིག་ཡེ་ཤེས་ཡིན་པར་གོ །ཡུལ་དུ་སྣང་བའི་དངོས་པོ་འདི། །ཕྱི་རོལ་དོན་དུ་གྲུབ་མེད་ཀྱང༌། །སྣང་བ་བག་ཆགས་འཐས་པ་ཡིན། །རང་སེམས་ཆོས་སྐུར་གོ་ཙམ་ན། །བག་ཆགས་ཤུགས་ཀྱིས་འབྱང་བ་ཡིན། །དྲན་པ་སྐད་ཅིག་མེད་པ་དེ། །སྐུ་གསུམ་ངོ་སྤྲོད་བླ་མ་ཡིན། །མ་བཅོས་ཤེས་པ་སོ་མ་འདི། །བཏང་བཞག་མེད་པར་རང་དགར་ཞོག །སྒོམ་མོ་སྙམ་ན་བཅོས་པ་ཡིན། །སྒོམ་རྒྱུ་བྱུང་ན་གཟུང་འཛིན་ཡིན། །སྒོམ་མཁན་ཡོད་ན་ང་བདག་ཡིན། །བཏང་བཞག་ཡོད་ན་བླང་དོར་ཡིན། །བཟང་ངན་བྱུང་ན་ཆོས་བརྒྱད་ཡིན། །གཉུག་མ་ལྷན་ཅིག་སྐྱེས་པ་ལ། །ཡོད་ཅེས་ཟེར་ན་སྒྲོ་འདོགས་ཡིན། །མེད་ཅེས་ཟེར་ན་སྐུར་འདེབས་ཡིན། །སྒྲོ་བཀུར་གཉིས་མེད་གཉུག་མ་འདི། །གང་ལ་ཟེར་བ་ཡིན་སྙམ་པའི། །རྟག་ཏུ་གདུང་སེམས་ཡོད་པ་ཀུན། །ལག་པའི་མཐིལ་གྱི་རྫས་མཐོང་བཞིན། །ཨ་ཕས་བསྟན་གྱི་བུ་རྣམས་ལྟོས། །ཀྱེ་ཧོ་སྐལ་ལྡན་རྣལ་འབྱོར་ཀུན། །ཨེ་མ་རང་བྱུང་ལྷན་ཅིག་སྐྱེས། །དེ་ནི་རང་རིག་འདི་ཡིན་ཏེ། །ངག་གིས་སྤྱོད་པའི་ཡུལ་མིན་པས། །ཏཻ་ལོའི་རིགས་བརྒྱུད་བྱིན་རློབས་ཅན། །ཀྱེ་ཧོ་གདུང་བས་གང་བོས་པ། །ནཱ་རོ་པ་ཡི་མོས་གུས་བཞིན། །གང་ལ་ཡོད་པ་རྣམས་ལ་འབོད། །རྨད་བྱུང་དམ་ཆོས་གང་ཡིན་པ། །རང་གི་ལུས་ངག་ཡིད་གསུམ་གྱི། །སྣང་དང་སྟོང་དང་ཡོད་མེད་སོགས། །ཅི་ལྟར་སྣང་བ་མ་ལུས་ཀུན། །རང་ཉིད་མིན་པ་གཅིག་ཀྱང་མེད། །གཞན་ཞིག་ཡིན་སྙམ་མ་བྱེད་ཅིག །རང་ཉིད་ཅི་ལྟར་འདུག་འདུག་འདི། །མཐའ་དང་བྲལ་བའི་ཤེས་པ་འདི། །ཕྱག་རྒྱ་ཆེན་པོ་མ་ཡིན་པ། །ཆོས་གཅིག་ལོགས་སུ་གྲུབ་པ་མེད། །ལུས་ངག་ཡིད་གསུམ་འཛིན་པ་ཡི། །ཤེས་པ་ཅི་ཞིག་ཡོད་ཡོད་པོ། །ཡོད་སྙམ་བྱེད་ཀྱང་མེད་པ་ཡིན། །ལུས་མེད་ལུས་དེ་སྟོང་པ་ཡིན། །རང་སེམས་ཆོས་སྐུ་རིན་པོ་ཆེ། །འབྲལ་མ་མྱོང་བ་ཐུགས་ལ་བཏགས། །ངོ་མ་ཤེས་པའི་སྙིང་རིང་པོ། །འདྲིས་ཀ་ཐུན་མོང་མ་ཡིན་པ། །ད་རེས་མཐོང་བས་ཨ་རེ་དགའ། །ཁྱོད་ལས་གྱོང་བ་གཅིག་ཀྱང་མེད། །རྟག་ཏུ་འགྲོགས་ཀྱང་མ་འདྲིས་པ། །ད་རེས་འབྲལ་མེད་གཅིག་ཏུ་གྱུར། །ཁྱོད་མཐོང་དགའ་བ་སྐྱེས་པ་ནི། །བསྡུས་བྱས་རྡོ་རྗེ་འཛིན་པ་ཡི། །བཅུ་དྲུག་ཆ་ཡི་བདེ་བ་བཞིན། །དགའ་དང་སྤྲོ་བ་རྒྱུན་ཆད་མེད། །བདེ་བ་ཆེན་པོ་སྐྱེས་པ་འདྲ། །ཐོག་མེད་དུས་ནས་མ་མཐོང་བ། །ད་རེས་མཐོང་བ་ངོ་མཚར་ཆེ། །ཡང་དག་དོན་ནི་གཤའ་མ་དེ། །རང་སེམས་ཆོས་སྐུ་འདི་ཡིན་གྱིས། །མ་བཅོས་ཞོག་ཅིག་སྐལ་ལྡན་ཀུན། །ཞེས་པ་དེ་ལྟར་རྟོགས་པའི་ཤེས་རབ་ཀྱིས་འགྲོ་བ་རྣམས་འཁོར་བ་ལས་འདྲེན་པར་བྱེད་པ་ནི་གཞན་དོན་ཕྲིན་ལས་ཡིན་ནོ། །