བསྟན་བཅོས་ཡོན་ཏན་རིན་པོ་ཆེ་ཀུན་ཏུ་འོད་ཀྱི་ཊཱིཀ་སྙིང་པོ་གསལ་བ་ཞེས་བྱ་བ་བཞུགས་སོ། ། 4

2014-04-25

~~གསུམ་པ་ནི། དེ་ཡང་སྒོམ་པར་བྱེད་པ་ལ་ཉམས་སུ་བླངས་ཚུལ་ཤེས་དགོས་པས་དེ་བསྟན་པ་ནི། གང་ཟག་དད་པ་ཅན་ལས་ནི་དང་པོ་པས་ཐོག་མར་ཡང་དག་པ་ཡི་བླ་མ་འབད་པས་བཙལ་ཞིང་གུས་པས་བསྟེན་ཏེ། སོ་བྱང་སྔགས་ཀྱི་སྡོམ་པ་གསུམ་པོ་བླངས་པ་ནི་ཡོན་ཏན་ཀུན་གྱི་རྩ་བ་ཡིན་ཕྱིར་ཆོས་ཉམས་སུ་ལེན་པ་རྣམས་ཀྱི་གཞི་རུ་ཤེས་པས་སྐྱོན་གྱིས་མ་གོས་པ་ཞུས་ལན་ཡེ་ཤེས་འོད་ལས། མི་མཐུན་ཕྱོགས་རྣམས་སྤོང་བ་དང༌། །མཐུན་ཕྱོགས་ཉམས་སུ་བླང་བ་ནི། །སོ་སོར་ཐར་པས་གཉེན་པོ་བསྟེན། །གཞན་ལ་གནོད་པ་སྤོང་བ་ཡིན། །བྱང་ཆུབ་སེམས་ཀྱི་སྡོམ་པ་ནི། །གཞན་དོན་གང་ཆེ་སྤྱོད་པ་ཡིན། །རིག་འཛིན་སྔགས་ཀྱི་སྡོམ་པ་ནི། །གཞི་ཆེར་འོག་མ་གཉིས་པོ་བཞིན། །བསྲུང་དང་ཉམས་སུ་ལེན་པ་ཡིན། །གསང་སྔགས་རང་གི་སྡོམ་པ་ནི། །གོ་ལྡོག་ཚུལ་གྱིས་ཉམས་བླངས་པས། །འགལ་བ་སྤོང་ཞིང་མཐུན་ཕྱོགས་བསྟེན། །ཞེས་དང་། ཐེག་ཆེ་གསང་སྔགས་བཞེད་པ་ཡིས། །ཉོན་མོངས་གང་དང་གང་སྐྱེས་པ། །དེ་རང་ཡེ་ཤེས་ཡིན་པར་བཞེད། །དེ་ཡི་རང་བཞིན་ཤེས་པས་ཆོག །ཅེས་གཞན་གནོད་སྤོང་བ་དང་། གཞན་ཕན་སྒྲུབ་པ་དང་། རང་བཞིན་ཤེས་པས་སྲུང་བར་བྱས་ནས། བླ་མ་གོང་མ་རྣམས་ཀྱིས། གདམས་པ་འདི་ནི་ཕ་རྒྱུད་གསང་བ་འདུས་པ། མ་རྒྱུད་མ་ཧཱ་མཱ་ཡཱ། སྙིང་པོ་ཀྱཻ་རྡོ་རྗེ། ཡང་སྙིང་བདེ་མཆོག་འཁོར་ལོ། བཀའ་སྲུང་ཅན་གྱི་གདན་བཞི་རྣམས་ལ་བརྟེན་ནོ། །ཞེས་ཁྱད་པར་ཅན་གྱི་རྒྱུད་སྡེ་ཆེན་པོ་ལྔ་རྩ་བཤད་ཆ་མཐུན་གྱི་རྒྱུད་ཡན་ལག་དང་བཅས་པ་ལ་བརྟེན་པར་གསུངས་པ་ནི་རགས་པ་ཙམ་སྟེ། དོན་དུ་ན་རྣལ་འབྱོར་ཆེན་པོའི་རྒྱུད་མཐའ་དག་དང༌། ཁྱད་པར་གཉིས་སུ་མེད་པའི་རྒྱུད་ཀྱི་རྫོགས་རིམ་མཐར་ཐུག་པ་ཡིན་ཏེ། གསང་བ་འདུས་པ་སོགས་ཕ་རྒྱུད་སྐོར་ནས་རླུང་གི་རྣམ་གཞག་ཤིན་ཏུ་རྒྱས་པ་དང༌། སྒྱུ་ལུས་འོད་གསལ་དང་བཅས་པའི་གདམས་པ་གསལ་བར་གསུངས་པ་དང༌། མ་རྒྱུད་བདེ་དགྱེས་སྐོར་ནས་རྩ་དང་ཐིག་ལེའི་རྣམ་གཞག་ཤིན་ཏུ་རྒྱས་པ་དང༌། གཏུམ་མོ་ལས་རྒྱ་དང་བཅས་པའི་རྣལ་འབྱོར་གསལ་བར་གསུངས་པ་དང༌། རྡོ་རྗེ་མཁའ་འགྲོ་དང་སྡོམ་འབྱུང་སོགས་ནས་རྨི་ལམ་དང་བར་དོ། སཾཊ་དང་གདན་བཞི་སོགས་ནས་འཕོ་བའི་གདམས་ངག་རྣམས་གསལ་བར་གསུངས་ཤིང༌། ཁྱད་པར་གཉིས་སུ་མེད་པའི་རྒྱུད་དུས་ཀྱི་འཁོར་ལོ་རྩ་བ་དང་བསྡུས་པའི་རྒྱུད་སེམས་འགྲེལ་སྐོར་དང་བཅས་པར་རྩ་རླུང་ཐིག་གསུམ་གྱི་རྣམ་གཞག་དང་གཏུམ་མོ་ལས་རྒྱ་སོགས་ཀྱི་རྣལ་འབྱོར་ཤིན་ཏུ་རྒྱས་ཤིང་གསལ་བར་གསུངས་པའི་ཕྱིར་རོ། །ཞེས་རྗེ་མི་བསྐྱོད་ཡབ་སྲས་རྣམས་ཀྱིས་བླ་མེད་རྒྱུད་སྡེ་རྒྱ་མཚོའི་ཐབས་ལམ་གྱི་སྙིང་པོར་བཞེད་པ། པཎ་ཆེན་ནཱ་རོ་པ་ནས་བརྒྱུད་པའི་གདམས་པ། རྗེ་སྒམ་པོ་པས། བསྒོམས་པས་འཚང་རྒྱ་བ་གཏུམ་མོ། སྒྱུ་མ་ལམ་དུ་བྱེད་པས་འཚང་རྒྱ་བ་རྨི་ལམ། གཉིད་མཐུག་ལམ་དུ་བྱེད་པས་འཚང་རྒྱ་བ་འོད་གསལ། མ་བསྒོམ་པར་འཚང་རྒྱ་བ་འཕོ་བ། གྲོང་འཇུག་འཕོ་བའི་ཆ་ལག་དང༌། རྨི་ལམ་སྒྱུ་ལུས་གཅིག་ཏུ་འདུ་ཞིང་བར་དོ་ཡང་དེའི་ཡན་ལག་ཏུ་བྱས་ནས་ཆོས་དྲུག་ཏུ་གསུངས་པ་དང་། འབྲི་ཁུང་རས་པས། ཐོག་མར་སྨིན་ལམ་དབང༌། གྲོལ་ལམ་ལ་རིམ་གྱིས་པས་བསྐྱེད་རིམ། གཏུམ་མོ་ལམ་གྱི་དངོས་གཞི། ཅིག་ཅར་བས་འོད་གསལ། རང་རིག །ལྷག་པར་གནས་པ། གྲོང་འཇུག །འཕོ་བ། རྨི་ལམ། བར་དོ་རྣམས་ཆ་ལག་སྟེ་ཆོས་བཅུར་གསུངས་པ་དང༌། མདོ་སྔགས་ཀྱི་ལྟ་བ་མཐར་ཐུག་པ་ཕྱག་རྒྱ་ཆེན་པོ་ཡི་ཁྲིད་ཀྱི་རིམ་པ་སོ་སོར་སྟོན་པ་ནི། དམ་ཆོས་ནོར་བུ་རིན་ཆེན་ལས། ཞིང་ཡོངས་སུ་དག་པའི་བླ་མ་ལ། །ཚོགས་བསགས་འབྲས་བུ་འབྱུང་བ་སྟེ། །བསགས་པ་ཅན་གྱི་མི་རྣམས་ཀྱིས། །ང་རྒྱལ་སེར་སྣ་མ་ཞུགས་པས། །སེམས་བསྐྱེད་དད་པས་ཟིན་བྱས་ནས། །རིན་ཆེན་ལ་སོགས་ལོངས་སྤྱོད་ཀྱིས། །དུས་དང་མཐུན་པར་མཆོད་བྱས་ན། །མཐོང་ཆོས་ཚེ་འདིར་འབྱུང་བ་ཡིན། །སྐྱེས་ནས་མྱོང་བར་གྱུར་པ་ནི། །མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་འབྱུང༌། །མཐར་ཐུག་རྫོགས་པའི་སངས་རྒྱས་ཐོབ། །བུ་ཚོགས་གཉིས་སོག་ཅིག་དད་པ་ཅན། །དད་པ་ཅན་ལ་གཏོང་བའི་ནོར་མི་ཕོངས། །རྒྱ་མཚོའི་ཆུ་ལས་བཅུས་ཀྱང་ཡོངས་མི་འཛད། །ཅེས་པས་ན། ཡང་དག་པ་ཡི་བླ་མ་དངོས་འབྱོར་ཡིད་ཀྱིས་མཆོད་ནས་གསེར་ལ་སོགས་པའི་མཎྜལ་འབུལ་བར་བྱ་ཞིང། སེམས་ཀྱི་དད་པ་དང་གུས་པ་བསྐྱེད་ཅིང་བྱིན་རློབས་འཇུག་པའི་གསོལ་བ་འདེབས་པ་དང་། རིགས་ཀུན་གྱི་ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས་དཔའ་སྒོམ་པའི་བདུད་རྩི་འབེབས་པ་དང༌། ཡི་གེ་བརྒྱ་པ་བཟླས་པས་སྔར་བསགས་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་སྦྱངས་པར་བྱས་ནས། བླ་མ་སོ་སོའི་ཉམས་རྟོགས་དང་ཐབས་མཁས་ཀྱི་མཛད་པ་མི་འདྲ་བས་ན་ཆོས་རྗེ་མཉམ་མེད་དྭགས་པོ་རིན་ཆེན་གྱིས་ནི། དང་པོར་གསེར་དང་གསེར་གྱི་སེར་པོའམ། དུང་དང་དུང་གི་དཀར་པོ་བཞིན་ཡིན་པའི་སེམས་ཉིད་ལྷན་སྐྱེས་དང་། སྣང་བ་ལྷན་སྐྱེས། རྟོག་པ་ལྷན་སྐྱེས་ཏེ་བདེ་གཤེགས་ཕག་མོ་གྲུ་པས། སེམས་དང་རྣམ་རྟོག་ཆོས་སྐུ་གསུམ། །དང་པོ་ལྷན་ཅིག་སྐྱེས་པ་སྟེ། །གདམས་པས་གཅིག་ཏུ་སྦྱོར་བའི་ཕྱིར། །ལྷན་ཅིག་སྐྱེས་སྦྱོར་ཞེས་སུ་བཤད། །ཅེས་པའི་ལྷན་ཅིག་སྐྱེས་སྦྱོར་སྟོན་པར་མཛད་ལ། དེ་ནས་རྗེ་སྒམ་པོ་པས། དགག་སྒྲུབ་ཀྱི་རྩོལ་བ་མི་བྱ་བར་མི་རྟོག་པར་འདུག་ཀྱང་རུང་། རྣམ་རྟོག་སྣ་ཚོགས་སུ་འཆར་ཀྱིན་འདུག་ཀྱང་རུང་། མ་བཅོས་པར་བཞག་པ་རང་གིས་གཉིས་འཛིན་དང་བྲལ། གཉིས་མེད་ཀྱི་ཡེ་ཤེས་རང་དུ་འདུག་ཨང་སྙམ་པའི་གོ་བ་བྱུང་ཙ་ན། སེམས་ཁོ་རང་གི་ངོ་བོའམ་གཤིས་སམ་འདུག་ཚུལ་ངོ་ཤེས་པ་ཡིན་ནོ། །ཞེས་དང་། རྗེ་སྒོམ་ཆུང་གིས། རིག་པ་གསལ་བའི་ངོ་བོ་དེ། །འབྲལ་མེད་ཡེངས་མེད་རྒྱུན་ཆད་མེད། །དེ་ཡི་ངང་ལ་དྲན་རྟོག་ནི། །སྣ་ཚོགས་གང་དང་གང་བྱུང་བ། །ཐམས་ཅད་དེ་ཡི་ངོ་བོ་ཡིན། །ཐ་མལ་ཤེས་པ་མ་ཡེངས་ན། །དྲན་རྟོག་ཐམས་ཅད་རིག་པ་ཡིན། །དེ་ལ་སྐྱོན་དུ་བལྟ་མི་དགོས། །ཞེས་པའི་ཕྱག་རྒྱ་ཆེན་པོའི་སྒོམ་བཏབ་ནས། རྗེ་འབྲི་ཁུང་པས། ཕྱག་རྒྱ་ཆེན་པོ་བྱ་བ་དེ། །རང་གི་རིག་པ་འདི་ཉིད་ཡིན། །དེ་ལ་མ་ཡེངས་སྐྱོང་བ་དེ། གཉུག་མ་ཆོས་སྐུ་སྒོམ་པ་ཡིན། །ཕྱག་རྒྱ་ཆེན་པོའི་བོགས་འདོན་དེ། བླ་མ་དམ་པའི་མོས་གུས་ཡིན། །ཉམས་མྱོང་ཆོས་སྐུར་གོ་བ་དེ། །ཕྱག་རྒྱ་ཆེན་པོའི་རྟོགས་པ་ཡིན། །འཁོར་འདས་བདེ་སྐྱིད་འབྱུང་བ་དེ། །ཕྱག་རྒྱ་ཆེན་པོའི་ཡོན་ཏན་ཡིན། །སྐུ་གསུམ་འགྲོ་དོན་བྱེད་པ་དེ། །ཕྱག་རྒྱ་ཆེན་པོའི་འབྲས་བུ་ཡིན། ཞེས་རང་སེམས་ཕྱག་རྒྱ་ཆེན་པོ་ཡིན་པ་ལ་ཡིན་པར་ངོ་སྤྲོད་པ་ནི། སེམས་བསྐྱེད་ཆེན་མོ་ལས། ལུས་གནད་བཅོས་ནས་འདུག་ཏུ་བཅུག་ལ། སེམས་གདོད་ནས་སྐྱེ་བ་མེད་པ་རྣམ་པར་དག་པ་མ་སྐྱེས་པར་བཞག །དེ་སྐྱེ་བ་མེད་པར་ངོ་སྤྲད་པ་ཡིན། ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ན། །བཅོམ་ལྡན་ཕྱག་ན་རྡོ་རྗེ་བཞུགས། །ངས་བཅོམ་ལྡན་ཕྱག་ན་རྡོ་རྗེ་བྱས་པས། ཁྱོད་ལ་བཅོམ་ལྡན་ཕྱག་ན་རྡོ་རྗེ་སྙམ་པ་སྐྱེས་པ་དེ་མ་སྐྱེས་པ་ལ་སྐྱེ་བ་ངོ་བསྟན་པ་ཡིན། སྐྱེས་པ་དེ་སེམས་ཡིན། དེ་རང་སྐྱེ་བ་མེད་པ་ཡིན། ཡང་རི་བོ་ཆེན་པོ་པོ་ཊ་ལ་ལ། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་བཞུགས། དེ་སྐད་བརྗོད་པས་ཁྱོད་ཀྱི་རྒྱུད་ལ་སྤྱན་རས་གཟིགས་སྙམ་པ་སྐྱེས་པ་དེ་སེམས་ཡིན། དེ་རང་སྐྱེ་བ་མེད་པ་ཡིན། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་སྙམ་པ་འདས་པའི་སེམས་དེ་གང་དུ་ཡང་སོང་བ་མེད་པ། ད་ལྟར་སྤྱན་རས་གཟིགས་སྙམ་པ་དེ་རང་སྐྱེ་བ་མེད་པ་ཡིན། ཡང་རི་བོ་ཆེན་པོ་འོ་དེ་ཤན་ལ་འཕགས་པ་འཇམ་དཔལ་བཞུགས་ཞེས་བརྗོད་པས། འཕགས་པ་འཇམ་དཔལ་སྙམ་པ་དེ་ག་ནས་ཀྱང་འོང་བ་མེད། དེ་རང་སེམས་སྐྱེ་བ་མེད་པ་ཡིན། དེ་ལྟར་འདས་མ་འོངས་ད་ལྟར་དུས་གསུམ་ཀ་རང་སེམས་སྐྱེ་བ་མེད་པ་འདི་ཡིན། སངས་རྒྱས་ཐུགས་དང་ཁྱད་མེད། ཅེས་གསུངས་པ་བཞིན་མཛད་དེ། རྗེ་སྒམ་པོ་པས། ཉམས་ནི་བློའི་ཡུལ་ལས་མ་འདས་པར་ཡོད་པ་ཡིན་ཏེ། དཔེར་ན་སྤྲིན་གསེབ་ཀྱི་ཉི་མ་དང་འདྲ་བས་བདེ་བ་གསལ་བ་མི་རྟོག་པ་གསུམ་རེས་མཐོ་རེས་དམའ་རེས་གནས་པ་འོང་ལ། དེ་ལ་མ་ཞེན་པར་བསྐྱངས་པས་བློའི་དྲི་མ་དག་ནས་རྟོགས་པ་གཟོད་འཆར། རྟོགས་པ་ནི་སྣང་སེམས་གཉིས་མེད་དུ་བློའི་གཏིང་ནས་འོད་གསལ་གྱི་ངང་ལ་རྒྱུན་ཆད་མེད་པས་བསྒོམ་བྱ་སྒོམ་བྱེད་དང་བྲལ་བའི་དུས་སུ་རྟོགས་ཐོབ་དུས་གཅིག་ཏུ་འཆར་བ་ལ་ཟེར་བ་ཡིན། ཞེས་གསུངས་པ་ལྟར་རིག་ཐོག་ཏུ་མྱོང་རྒྱུ་ཡོད་པ་ཉམས་དང་། ཡིན་ལུགས་མངོན་སུམ་དུ་རྟོགས་ཤིང་བློ་ཐག་ཆོད་པ་རྟོགས་པ་ཞེས་པའི་ཁྱད་པར་ངོས་འཛིན་ལ། བྱིང་རྒོད་སོགས་སྒོམ་གྱི་སྐྱོན་དང་སྟོང་ཉིད་ཀྱི་གོལ་ས་དང་ཉམས་རྟོགས་སྐྱེ་བའི་བར་ཆད་བཀའ་བཞིའི་གདམས་པ་ལས། ཕྱི་ཡི་གེགས། མི་དང་མི་མ་ཡིན་པས་ཏིང་ངེ་འཛིན་ལ་བར་དུ་གཅོད་པ་དང༌། ནང་གི་ཉོན་མོངས་པ་དང༌། རྣམ་རྟོག་གིས་ཏིང་ངེ་འཛིན་ལ་སེམས་གནས་སུ་མི་སྟེར་བ་དང༌། གྲིབ་ནི་རྫ་མ་ནག་པོ་དང་འདྲ་སྟེ། གང་ཉེ་བ་ལ་དྲི་མ་འགོ་བ་བཞིན་དུ། མི་དམ་ཚིག་དང༌སྡོམ་པ་ཉམས་པ་དང༌། སྡིག་པོ་ཆེའི་གྲིབ་དང༌། མི་འདྲེ་ཅན་དང༌། ནད་པ་དང༌། མཛེ་ཕོ་དང༌། རོ་དང༌། མི་གཙང་བའི་གྲིབ་ཀྱིས་ཏིང་ངེ་འཛིན་ལ་བར་དུ་གཅོད་པར་བྱེད་པ་དང༌། གཞན་ཡོན་ཏན་ལ་སྒྲིབ་པའི་གེགས་ཐམས་ཅད་དོ། །ཞེས་པའི་གེགས་རྣམས་བཀའ་བཞིའི་གདམས་པ་ལས། ཕྱིའི་གེགས་ལ་བྱམས་པ་དང་སྙིང་རྗེ། བྱང་ཆུབ་ཀྱི་སེམས་བསྒོམ། ཁྱད་པར་དུ་མི་དང་མི་མ་ཡིན་ལ་བསྲུང་བའི་འཁོར་ལོ་བསྒོམ། ནང་གི་རྣམ་རྟོག་སེམས་ཡིན། སེམས་ཕྱག་རྒྱ་ཆེན་པོ་ཡིན་པས་རྣམ་རྟོག་རང་སར་གྲོལ་བས་སེལ། ཉོན་མོངས་པ་ལ་གཉེན་པོ་བསྒོམ་པའམ། ཉོན་མོངས་པ་ཡེ་ཤེས་ཡིན་པ་རྟོགས་པས་སེལ། མི་འདྲེ་ཅན་ལ་སོགས་པ་གྲིབ་ཅན་ལ་ནི། ལྟེ་བའི་གཏུམ་མོའི་མེ་འབར་བས། ལུས་ཀྱི་ནང་ཐམས་ཅད་དུ་འབར། བུ་ག་ཐམས་ཅད་དང་དབང་པོའི་སྒོ་ཐམས་ཅད་དུ་འབར་བ་ནི་བསྲུང་བ་ཡིན་ལ། ཆུས་དྲི་མ་འཁྲུས་པ་ལྟར་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྤྱི་བོར་བསྒོམས་ནས་ཡེ་ཤེས་ཀྱི་བདུད་རྩི་ཕབས་པས་ལུས་ཀྱི་ནང་ཐམས་ཅད་ཁྲུས་བྱས་པས་སེལ། ཞེས་པས་བསལ་ནས། སྒོམ་སྐྱེས་བརྟན་པ་དང་གོང་དུ་འཕེལ་བའི་བོགས་འདོན་གྱི་ཁྲིད་ཀྱི་རིམ་པ་དག་གང་ཟག་སོ་སོའི་བློ་ནུས་དང་མཐུན་པར་མཛད་པས། མཐར་ཐུག་པའི་རྟོགས་པ་སྐྱེས་པར་གྱུར་པ་ལ་ཁྲིད་རིམ་ཆ་ཚང་རྫོགས་པར་གནང་ནས་གཞན་དུ་འགྲོ་བའི་ཐོན་ཆོས་བསྔོ་བ་མཛད་པ་ཡིན་ནོ། །རྗེ་སྒམ་པོ་པ་ཡི་ཞལ་སློབ་སངས་རྒྱས་སྒོམ་པ་དང༌། བླ་མ་རིན་ཆེན་འབའ་རོམ་པ་དར་མ་དབང་ཕྱུག་དང་གཉིས། གཞན་སྐྱེ་མེད་ཞང་ཚལ་པ་བརྩོན་འགྲུས་གྲགས་པ་དང་ཆོས་རྗེ་འབྲི་གུང་པ་འཇིག་རྟེན་གསུམ་གྱི་མགོན་པོ་སོགས་བླ་མ་གོང་མ་མར་མི་དྭགས་པོའི་རྗེས་སུ་འབྲང་བ་དག་གིས་ཁྲིད་ཀྱི་རིམ་པ་སྣ་ཚོགས་པ་ཡིས། བླ་མ་རང་ཉིད་ལ་ཉམས་རྟོགས་ཡོན་ཏན་སྐྱེས་པའི་གནད་ཤེས་པས། བསྟན་བཅོས་ཞལ་ཏ་ལས། ཁྲིད་ཀྱི་རིམ་པ་དང་ཆོས་སྟོན་ཚུལ་རྣམས་གཅིག་གུར་བསྟན་པས་ཀྱང་འོང་བ་མ་ཡིན། གང་ཟག་གི་སྣོད་ཚོད་དང་སྦྱར་ནས་གང་ལ་གང་ཕན་ཤེས་དགོས་པ་ཡིན། ཞེས་པ་བཞིན་གདུལ་བྱ་གང་ཟག་བློ་ཡི་བྱེ་བྲག་སོ་སོ་ཡི་ཁམས་དང་། འདོད་ཆགས་ཞེ་སྡང་སོགས་ཉོན་མོངས་དང་། མི་གསལ་བ་བག་ལ་ཉལ་སོགས་མི་འདྲ་བ་ཡོད་པའི་གནད་ཀྱིས། དེ་དང་དེ་ཡི་གཉེན་པོས་གདུལ་བྱའི་རྒྱུད་འཆོས་ཤེས་པས། ཁྲིད་བྱས་པས་ནི་ཉམས་རྟོགས་ཚེགས་མེད་སྐྱེ་བར་འགྱུར་ལ། དེ་དོན་ཉམས་སུ་བླངས་ལུགས་མདོར་བསྟན་པ་ནི། གང་ཟག་རིམ་སྐྱེས་པ་ལ་ཉམས་རྟོགས་གོང་འཕེལ་བྱེད་པའི་བོགས་འདོན་གྱི་གདམས་ངག་ཆོས་སྤྱི་དང་རང་གི་མཚན་ཉིད་ལས། རིམ་སྐྱེས་པ་ཡི་གང་ཟག་ལ། །ཐེག་པ་སྣ་ཚོགས་གྲུབ་མཐའ་དང༌། །ཉམས་ལེན་དཔག་མེད་གསུངས་ན་ཡང༌། །གནད་དུ་ཕོག་པ་གཙིགས་སུ་ཆེ། །ཞེས་པ་ལྟར་བསྟན་པ་དང་། ཐོད་རྒལ་བ་ལ་ཉམས་རྟོགས་སྐྱེ་བར་མཚམས་སྦྱོར་བྱེད་ཀྱི་གདམས་ངག་ཆོས་སྤྱི་དང་རང་གི་མཚན་ཉིད་ལས། ཐོད་རྒལ་བ་ཡི་གང་ཟག་དེ། །སྒོམ་ལ་རེས་ཡོད་རེས་མེད་བྱེད། །ཡོད་མེད་གཉིས་ཀ་སེམས་སུ་གཅིག །སེམས་ཉིད་ཕྱག་རྒྱ་ཆེར་པོར་གཅིག །ཅེས་པ་ལྟར་བསྟན་པ་དང། གཅིག་ཆར་བ་ལ་སེམས་ཉིད་ངོ་སྤྲོད་བྱེད་ཀྱི་གདམས་ངག་ཉིན་ཞག་ཕྲུག་གཅིག་གི་དགེ་སྦྱོར་ལས། གཅིག་ཆར་བའི་རྟེན་གྱི་གང་ཟག་གིས་ཉམས་སུ་བླང་བ་ནི། འཁོར་འདས་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་གི་སེམས། སེམས་ཕྱག་རྒྱ་ཆེན་པོ་ལྷུན་གྱིས་གྲུབ་པ་རྟོགས་པས་གཅིག་ཆར་པའོ། །དེ་ལ་སྤང་བླང་དང༌། བཏང་བཞག་དང༌། རེ་དོགས་མེད་པར་ལྷུན་གྱིས་གྲུབ་པ་ཡིན་ཡང༌། རིམ་གྱིས་ཉམས་སུ་བླངས་བྱ་དེ་དག་ཉམས་སུ་བླངས་ཀྱང༌། གཅིག་ཆར་བའི་ལམ་ཡིན་པའོ། །ཞེས་པ་ལྟར་བསྟན་པ་དང། ལས་དང་པོ་པ་ལ་ཞང་གི་ལམ་མཆོག་མཐར་ཐུག་ལས། ཇི་སྲིད་མཉམ་བཞག་རྗེས་ཐོབ་གཉིས། །ཡོད་པ་དེ་སྲིད་མཉམ་བཞག་ལ། །ཤེས་པ་བརྟན་ནམ་མི་བརྟན་བརྟག །མཉམ་བཞག་ཤེས་པ་མི་བརྟན་ན། །མག་མ་མོག་མར་མགོ་བཏུམས་ནས། །བླུན་སྒོམ་བྱས་པས་དོན་གོ་མེད། །བྱམས་དང་སྙིང་རྗེས་ཀུན་བསླངས་ནས། །ལུས་ངག་དགེ་ལ་འབད་པར་བྱ། །འོན་ཏེ་མཉམ་བཞག་བརྟན་གྱུར་ན། །ལུས་ངག་དགེ་སྦྱོར་ཆག་ཀྱང་བླའི། །མཉམ་བཞག་འབའ་ཞིག་གོམས་སུ་གཞུག །མཉམ་བཞག་རྗེས་ཐོབ་ཟེར་བ་དེ། །ལངས་འདུག་གཉིས་ལ་ཟེར་བ་མིན། །དང་པོའི་ལས་ཅན་མཉམ་བཞག་ནི། །དགེ་བའི་དམིགས་པ་གང་རུང་ལ། །རྩེ་གཅིག་མི་གཡོའི་སེམས་བརྟན་ན། །འགྲོ་འདུག་བྱས་ཀྱང་མཉམ་བཞག་ཡིན། །དམིགས་པ་རྩེ་གཅིག་མི་གནས་པར། །རྣམ་རྟོག་རང་དགར་ཤོར་གྱུར་ན། །མལ་དུ་བསྒོམས་ཀྱང་རྗེས་ཐོབ་ཡིན། །ཞེས་དགེ་བའི་དམིགས་པ་གང་རུང་ལ་སེམས་རྩེ་གཅིག་ཏུ་གནས་པ་དང་མི་གནས་པའི་ཁྱད་པར་གྱི་མཉམ་བཞག་དང་རྗེས་ཐོབ་ཇི་ལྟར་བྱ་བ་བསྟན་པ་དང་། གང་ཟག་ཀུན་གྱི་སྤྱོད་པ་ནི་མཉམ་བཞག་རྗེས་ཐོབ་གང་གི་སྐབས་ནའང་ཆོས་ཐམས་ཅད་རོ་མི་མཉམ་པ་རོ་སྙོམས་པར་བྱེད་པ་ཁོ་ན་བྱ་བ་སྟེ། བསྟན་བཅོས་ཡེ་ཤེས་འོད་ལས། བོགས་འདོན་རོ་སྙོམས་སྤྱོད་པ་ནི། །འཁོར་བའི་སྡུག་བསྔལ་སྣ་ཚོགས་དང༌། །མྱང་འདས་བདེ་བ་སྣ་ཚོགས་ཀུན། །རྐྱེན་གྱིས་ཐ་དད་སྣང་ན་ཡང༌། །དགེ་དང་མི་དགེའི་ལས་རྣམས་ཀུན། །སྣ་ཚོགས་ཐུག་འཕྲད་རང་གྲོལ་དུ། །ཆོས་ཀྱི་སྐུ་རུ་ལོངས་སྤྱོད་ན། །ཐམས་ཅད་གྲོགས་སུ་འཆར་བ་ཡིན། །ཞེས་འཁོར་འདས་ཀྱི་རྒྱུ་འབྲས་རྣམས་ཐུག་འཕྲད་རང་གྲོལ་དུ་ཁྱེར་བས་ཐམས་ཅད་གྲོགས་སུ་འཆར་བའི་སྤྱོད་པ་བྱ་བར་གསུངས་སོ། །
བཞི་པ་ནི། བརྟག་གཉིས་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་མཐའ་བསྟེན་པ་དང༌། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་བླ་མའི་བྱིན་རློབས་དང་གདམས་ངག །རང་གི་མོས་གུས་དང་བསོད་ནམས་ཀྱིས་རང་གི་སེམས་ཉིད་ཕྱག་རྒྱ་ཆེན་པོ་མངོན་སུམ་དུ་རྟོགས་པ་ལ། ཇོ་སྲས་ལ་གདམས་པ་ལས། མཚན་མེད་རྫོགས་རིམ་བསྒོམས་པའི་ཚེ། །མ་བཅོས་པ་ལ་མ་བསླད་དོན། །ལྷོད་ཀྱིས་ཀློད་པའི་དུས་ཚོད་དུ། །ཆོས་སྐུ་གཅེར་གྱིས་མཐོང་བ་ཡིན། །གཞན་ཡང་སྤང་ཐོབ་ཅི་ཡང་མེད། །ལྷུན་གྱིས་གྲུབ་པའི་ཆོས་ཉིད་ལ། །གཏང་བཞག་བྱ་རྒྱུའི་དུས་དང་བྲལ། །དབྱིངས་དང་ཡེ་ཤེས་འདྲེས་པ་ལ། །ཐད་ཀར་བཀར་ནས་བསྒོམ་རྒྱུ་མེད། །དམིགས་མེད་ཐུགས་རྗེ་ཆེན་པོ་ལས། །ཆེད་དུ་བཀར་ལ་བསྒོམ་མི་དགོས། །གཉིས་མེད་ཟུང་འཇུག་ཆེན་པོ་ལ། །མཉམ་བཞག་རྗེས་ཐོབ་རིམ་པ་མེད། །ཅེས་པས་མཉམ་བཞག་དང་རྗེས་ཐོབ་སོགས་སྤང་བླང་གི་རིམ་པ་མེད་དེ། སྣང་སྲིད་འཁོར་འདས་ཀྱི་ཆོས་རྣམས་མ་ལུས་ཀུན་རང་སེམས་འཁྲུལ་གྲོལ་གྱི་སྣང་བའི་ཁྱད་པར་མིན་པ་གཞན་ཞིག་ཏུ་གྲུབ་པ་མེད་པའི་ཕྱིར། སེམས་ཉིད་རྟོགས་ན་སྒོམ་ཞེས་བྱ་བ་ཞིག་ལོགས་ན་མེད་མོད། མ་གོམས་པའི་དུས་ན་དྲན་པས་ཟིན་དང་མ་ཟིན་གྱི་ཁྱད་པར་ཡོད་ལ། གོམས་པར་གྱུར་ན་སྣང་སྲིད་འཁོར་འདས་ཐམས་ཅད་སྒོམ་དུ་འཆར་བས་ཅི་ཡང་བྱར་མེད་དེ། ཏཻ་ལོ་པས། ལུས་ཀྱི་བྱ་བ་ཡོངས་ཐོངས་རྣལ་འབྱོར་དལ་བར་སྡོད། །ངག་གི་སྨྲ་བརྗོད་མེད་དེ་གྲག་སྟོང་བྲག་ཆ་འདྲ། །ཡིད་ལ་ཅི་ཡང་མི་བསམ་ལ་བཟླའི་ཆོས་ལ་ལྟོས། །ཞེས་གསུངས་སོ། །
ལྔ་པ་ནི། ལས་དང་པོ་པ་སྒོམ་ལ་འཇུག་པའི་ཚེ་ན་གསང་བའི་ཡང་སྙིང་ལས། ཆོས་རྣམས་སྤྱི་ཡི་བྱ་ལུགས་ནི། །མི་རྟག་རྒྱུ་འབྲས་བསམ་པ་དང༌། །འཁོར་བ་སྡུག་བསྔལ་ཕུང་པོ་ལ། །ཚེ་འདིར་ཆེ་ཐབས་མི་བསམ་པར། །ཕྱི་མར་ལྷ་མིའི་བདེ་སྐྱིད་ལ། །སྨོན་པ་ཡིད་སེམས་མི་འཆང་ལ། །འཁོར་བ་མཐའ་དག་ཡིད་དབྱུང་ཡིན། །བྱང་ཆུབ་རྣམ་གསུམ་ཆོས་རྣམས་ལ། །ཐད་སོ་ཐད་སོའི་ཡོན་ཏན་རྣམས། །གང་ཟག་བློ་ཡི་བྱེ་བྲག་གིས། །འབྲས་བུ་ཐད་སོར་ལེན་པ་དེ། །མྱ་ངན་འདས་ལ་སྤྲོ་བ་ཡིན། །སྒྲུབ་པ་བྱེད་པའི་གང་ཟག་རྣམས། །སྒྲུབ་པའི་གནས་ནི་ཅི་ལྟ་བུ། །ཁྱོད་ཀྱིས་ཞུས་པ་གང་ཡིན་པ། །གང་ཟག་ལས་ནི་དང་པོ་པས། །དབེན་ཞིང་ཉམས་དགའི་གནས་དག་ཏུ། །མཚམས་དང་འདག་ཆར་དམ་པར་བྱ། །ཞེས་འཁོར་བ་ལས་ངེས་པར་བྱུང་ཞིང་ཐར་པ་ལ་སྤྲོ་བས་དབེན་པར་མཚམས་སྒྲུབ་བྱ་བ་ན། ལུས་ཀྱི་གནད་ནི། རྣམ་སྣང་གི་ཆོས་བདུན་བཅའ་བ་སྟེ། རྐང་པ་སྐྱིལ་ཀྲུང་། ལག་པ་མཉམ་བཞག་བྱས་པ་ལྟེ་འོག་སོར་བཞིའི་མཚམས་སུ་བཞག་སྟེ་གྲུ་མོ་མ་གུག་པར་བསྲང་། དཔུང་པ་བྱ་རྒོད་གཤོག་ལྟར་བརྒྱང་། མགྲིན་པ་ལྕགས་ཀྱུ་ལྟར་ཨོག་མས་ཨོལ་མདུད་ནོན་པ་དགུག །སྒལ་ཚིགས་མདའ་ལྟར་བསྲང་། མིག་སྣ་རྩེའི་སོར་བཞིའི་ཐད་ཀྱི་ནམ་མཁར་རྫི་མ་མི་གཡོབ་ཅིང་ཡ་ཡོ་ཁྱར་ཁྱུར་མེད་པར་གཏད། མཆུ་ཅུང་ཟད་སྦྱར་བ་སོ་ལ་བར་བག་ཙམ། ལྕེ་ཡ་རྐན་ལ་སྦྱར་ལ་བདེ་བའི་སྟན་ལ་འཁོད་པར་བྱ་སྟེ། རྡོ་རྗེ་ཕྲེང་བའི་རྒྱུད་ལས། སྒྲུབ་པོ་བདེ་བའི་སྟན་འདུག་སྟེ། །མིག་ནི་སྣ་རྩེར་གཏད་བྱས་ནས། །སྣ་མཐོང་ལྟ་བའི་ཚད་དུ་ཞོག །ཕྲག་དཔུང་མཉམ་ལ་ལྕེ་རྐན་སྦྱར། །སོ་དང་མཆུ་ནི་བདེ་བར་བཞག །དབུགས་ཀྱི་དབྱུང་རྔུབ་གློད་ནས་ནི། །ཅུང་ཟད་རྩོལ་བ་བྲལ་བ་ཡིས། །རྡོ་རྗེ་སྐྱིལ་ཀྲུང་ལེགས་གནས་ཤིང་། །དེ་ལྟར་ཕྱག་རྒྱ་དང་ལྡན་པས། །ཞེས་སོ། །སེམས་ཀྱི་གནད་ནི། འདས་པའི་རྗེས་མི་བཅད། མ་འོངས་པའི་སྔུན་མི་བསུ། ད་ལྟར་གྱི་ཤེས་པ་གསལ་ལ་མི་རྟོག་པའི་ངང་ལ་མཉམ་པར་འཇོག་པ་སྟེ། མཚན་མོ་བཟང་པོའི་མདོ་ལས། དགེ་སློང་ཆོས་གསུམ་དང་ལྡན་ན་དགེ་སློང་མཚན་མོ་བཟང་པོའི་མདོ་སྡེ་ལ་གནས་པ་ཞེས་བྱའོ། །གསུམ་གང་ཞེ་ན། འདི་ལྟ་སྟེ། འདས་པ་ལ་རྗེས་སུ་ཕྲད་པར་མི་བྱེད་པ་དང་། མ་འོངས་པ་ལ་རེ་བ་མེད་པ་དང་། ད་ལྟར་བྱུང་བའི་ཆོས་རྣམས་ཀྱིས་མི་འཕྲོགས་པར་གནས་པའི་ཆོས་ཅན་ཏེ། ཆོས་གསུམ་པོ་དེ་དག་དང་ལྡན་ན་དགེ་སློང་མཚན་མོ་བཟང་པོའི་མདོ་སྡེ་ལ་གནས་པ་ཞེས་བྱའོ། །ཞེས་དང་། འདས་ལ་རྗེས་སུ་ཕྲད་མི་བྱེད། །མ་འོངས་པ་ལ་རེ་བ་མེད། །འདས་པ་གང་ཡིན་དེ་འགགས་ཏེ། །མ་འོངས་དེ་ནི་མ་ཕྱིན་པའོ། །གང་དག་ད་ལྟར་བྱུང་བའི་ཆོས། །དེ་དང་དེ་ལ་རབ་བལྟས་ནས། །རྣམ་པར་རྟོག་པས་མི་འཕྲོགས་པར། །དེ་དག་ཐམས་ཅད་ཁོང་དུ་ཆུད། །ཅེས་གསུངས་ཤིང་། གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་ལས་ཀྱང་། རིགས་ཀྱི་བུ་བྱང་ཆུབ་ནི་འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་བྱུང་བ་མ་ཡིན་ཏེ། དུས་གསུམ་མཉམ་པ་འཁོར་གསུམ་ཡོངས་སུ་ཆད་པའོ། །དེ་ལ་འཁོར་གསུམ་ཡོངས་སུ་ཆད་པ་གང་ཞེ་ན། གང་འདས་པ་ལ་སེམས་མི་འཇུག་པ་དང་། མ་འོངས་པ་ལ་རྣམ་པར་ཤེས་པ་མི་རྒྱུག་པ་དང་། ད་ལྟར་བྱུང་བ་ལ་ཡིད་ལ་བྱེད་པ་མི་འཇུག་པའོ། །དེ་སེམས་དང་། ཡིད་དང་། རྣམ་པར་ཤེས་པ་མི་གནས་པས་འདས་པ་ལ་རྟོག་པར་མི་བྱེད། མ་འོངས་པ་ལ་མི་སེམས། ད་ལྟར་བྱུང་བ་སྤྲོས་པར་མི་བྱེད་དོ། །དེ་ལྟར་དུས་གསུམ་མཉམ་པ་ཉིད་དང་། འཁོར་གསུམ་ཡོངས་སུ་དག་པ་འདི་སེམས་ཅན་རྣམས་ཀྱིས་ཁོང་དུ་མ་ཆུད་པས་དེ་དག་གིས་ཁོང་དུ་ཆུད་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་འཇུག་གོ །ཞེས་སོ། །ཡིད་ལ་མི་བྱེད་པ་ཡང་སྤྱིར་བསམ་གཏན་གྱི་དམིགས་པ་གང་ཡིན་པ་དེ་ལས་གཞན་པའི་ཡུལ་ཡིད་ལ་མི་བྱེད་པ་དང། ཁྱད་པར་དོན་དམ་པ་ལ་དམིགས་པའི་ཚེ་དོན་དམ་ཞེས་ཀྱང་མི་འཛིན་པར་འཇོག་པའི་དོན་ཡིན་གྱི་གཉིད་དུ་སོང་བ་ལྟ་བུར་ནི་གོ་བར་མི་བྱའོ། །དེ་ནས་ཕྱག་རྒྱ་ཆེན་པོ་ཉམས་སུ་བླངས་ལུགས་གནད་དུ་བསྟན་པ་ནི། བཀའ་བཞིའི་གདམས་པ་ལས། སེམས་མ་བཅོས་པ་ཕྱག་རྒྱ་ཆེན་པོ་ཡིན། བྲམ་ཟེ་ཆེན་པོའི་ཞལ་ནས་ཀྱང༌། །འཇུར་བུས་བཅིངས་པའི་སེམས་འདི་ནི། །ཀློད་ན་གྲོལ་བར་ཐེ་ཚོམ་མེད། །བྲམ་ཟེ་སྐུད་པ་འཁེལ་བ་བཞིན། །རྣལ་འབྱོར་སེམས་ཉིད་ཀློད་ལ་བཞག །གསུངས། གང་མ་བཅོས་ན་སེམས་མ་བཅོས། སེམས་ཆོས་སྐུ་ཡིན་པས་གཞན་ཞིག་བསྒོམ་ན་བཅོས་པ་ཡིན། སེམས་མ་བཅོས་ན་གསལ། ཆུ་མ་རྙོགས་ན་དྭངས། དེ་ལ་མ་བཅོས་པར་འཇོག་ལུགས་ནི། བཅས་བཅོས་མ་བྱེད་ལྷུག་པར་ཞོག །ལྟ་ཉུལ་མ་བྱེད་རང་དགར་ཞོག །ཡིད་ལ་མ་བསམ་མི་དམིགས་ཞོག །ཉམས་མྱོང་དང་རྟོགས་པ་གཅིག་ཏུ་མཆི། དེ་ལྟར་བསྒོམ་ན་ཉམས་མྱོང་དང་རྟོགས་པ་སྐྱེ་བས་ལམ་དུ་སློང་བའོ། །ཞེས་པ་ཡིན་པས་ན། ཨ་མྱེ་ཟེང་ལ་གདམས་པ་ལས། ཆོས་སྐུ་སྐྱེ་བ་མེད་པ་དེ། །གཉུག་མ་རང་སར་འཇོག་དུས་སུ། །བཏང་བཞག་གིས་ཉམས་སུ་མ་ལེན་པར། །བཅས་བཅོས་མ་བྱེད་རང་སར་ཞོག །ཅེས་བློས་མ་བཅོས་པ་ལ་རྟོག་པས་མ་སླད་པ་ཡི་དོན་སེམས་ཉིད་གཉུག་མའི་ཡེ་ཤེས་སྙིང་པོ་བསྟན་པ་ལས། ཐ་མལ་ཤེས་པ་དེ་ཉིད་ལ། །ཆོས་དབྱིངས་རྒྱལ་བའི་སྙིང་པོ་ཟེར། །བཟང་དུ་འཕགས་པས་བཏང་བ་མེད། །ངན་དུ་སེམས་ཅན་གྱིས་མ་བཏང་། །ཞེས་བཟང་ངན་འཕོ་འགྱུར་བྲལ་བས་རྒྱུན་ཆད་དུ་མེད་པའི་ངང་ལ། རྒྱུད་བླ་མ་ལས། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་པས་ཕར་བཏང་བ་དང་ཚུར་བཞག་ཏུ་མེད་པར་ངང་ངམ་ཤུགས་ཀྱིས་གནས་པ་གདམས་པ་ཡོན་ཏན་རིན་ཆེན་ལས། ཅིར་མཐོང་ཅིར་སྣང་ཆོས་རྣམས་ཀུན། །ཡེ་ཤེས་མིན་པ་གཅིག་ཀྱང་མེད། །ལོགས་སུ་བཀར་ནས་བསྒོམ་མི་དགོས། །དབྱིངས་ལས་མི་འདའི་དོན་རྟོགས་པས། །སྒོམ་མེད་ངང་ལ་འབྱམས་ནས་སོང༌། །བཏང་བཞག་སྒོམ་གྱི་དགོས་པ་མེད། །རང་གྲོལ་ཡིན་པས་ཀློད་ནས་བཞག །ཐམས་ཅད་ཉམས་སུ་ཤར་བས་བདེ། །རྟོགས་པའི་དོན་ཐག་ནང་ནས་ཆོད། །ལྷུན་གྱིས་གྲུབ་པ་བསྒོམ་པ་ཡིན། །ཞེས་གསུངས་པ་བཞིན་དང་། གསང་བ་འདུས་པ་ལས། དངོས་པོ་ཐམས་ཅད་དང་བྲལ་བ། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །བཟུང་དང་འཛིན་པ་རྣམ་སྤངས་པ། །ཆོས་བདག་མེད་པ་མཉམ་ཉིད་པས། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་སེམས་ཀྱི་རང་བཞིན་སྐྱེ་བ་མེད་ཅིང་འོད་གསལ་བ་རྒྱ་མཚོ་དྭངས་པ་ལྟ་བུ་ལ་བཟང་ངན་གྱི་རྣམ་པར་རྟོག་པའི་སྣང་བ་སྣ་ཚོགས་པ་བྱུང་བ་རྣམས་རྦ་རླབས་དང་ནི་ཆུ་བུར་ཇི་བཞིན་དུ་སྣང་སྟོང་གཉིས་སུ་མེད་པ། སྐྱེས་མ་ཐག་ཏུ་རང་ངོ་ཤེས་པས་ཐུག་ཕྲད་རང་སར་གྲོལ་བ། རྗེ་མར་པས། ཐ་མལ་ཤེས་པ་རང་ལུགས་དེ། །མ་བཅོས་སོ་མ་ཉིད་དུ་བཞག །ཅེས་པས་མ་བཅོས་སོ་མར་ཞོག་དང་། གདམས་པ་རིན་ཆེན་འོད་ལས། ལྷག་མཐོང་སོ་སོར་རྟོགས་པ་ཡིས། །ཆོས་རྣམས་སྐྱེ་བ་མེད་པར་རྟོགས། །སྐྱེ་མེད་རྒྱ་མཚོ་དྭངས་པ་ལ། །ཉོན་མོངས་རྦ་རླབས་ཞི་བ་ཡི། །ཞི་གནས་ཏིང་འཛིན་མི་གཡོ་བས། །རྐྱེན་ཐུབ་མཚོ་ཡི་སྦྲང་ཆར་བཞིན། །ཞེས་པའི་ཞི་ལྷག་གིས་ཉམས་མྱོང་དང་ནི་རྟོགས་པ་དབྱེར་མེད་དུ་འབྱུང༌བ་ས་སྐྱ་པ་ལ་གདམས་པ་ལས། བདག་གིས་ཀུན་གཞི་བཟང་པོ་མྱ་ངན་ལས་འདས་པ་ཞིག་ལོགས་ནས་བསྒྲུབ་པར་འདོད། རྣམ་པར་རྟོག་པའམ། ཡིད་ཀྱི་རྣམ་པར་ཤེས་པ་ལ་སོགས་པ་འདི་དག་ཞིའམ་སྤངས་བར་འདོད་པའི་བློ་སྐྱེས། རྟོག་པ་བྱུང་ཙམ་ན་མི་དགའ། སེམས་གནས་ཙམ་ན་དགའ་བར་བྱུང་བས་ཅི་ཞིག་ལྟར་ལ་བླ་མའི་བྱིན་བརླབས་པས། རྣམ་པར་རྟོག་པ་སྐད་ཅིག་མ་དེ་དངོས་པོ་མ་གྲུབ་པར་སྟོང་པར་རྟོགས། དེས་ཀུན་གཞི་རྣམ་དག་ལོགས་ན་མེད་པས་རྣམ་རྟོག་སྟོང་པར་འདུག་པའི་སེམས་དེ་རང་དུ་འདུག །ཡིད་ཀྱི་རྣམ་ཤེས་ལ་སོགས་པའི་འཁོར་བའི་ཆོས་དེ་ཡང་སྤང་མི་དགོས་པར་སྟོང་པར་འདུག །དཔེར་ན་ཆབ་རོམ་ཞུ་བར་ཆུ་མི་དགོས་པར་ཆབ་རོམ་རང་ཆུ་ཡིན་པ་བཞིན་དུ། དེས་ན་རྟོག་པ་ཞི་བའི་སྟོང་པ་བསྒྲུབ་མི་དགོས། སྣང་གྲག་གི་ཆོས་ཐམས་ཅད་རང་གི་སེམས་འདི་དེ་ལྟར་སྣང་བ་མ་ཡིན་པ་གཞན་གང་ཡང་མི་སྣང་བར་གོ །ཆོས་ཐམས་ཅད་སེམས་ཡིན་བྱ་བ་དེ་ཡང་འདི་རང་ཡིན་པར་རྟོགས། ཅི་ལྟར་སྣང་སྣང་སེམས་དེ་རང་དེ་ལྟར་སྣང་བས། ཕྱིའི་ཡུལ་ལོགས་ན་མེད་པར་གོ །ཡུལ་ཡུལ་ཅན་གཉིས་མེད་ཟེར་བ་དེ་ཡང་དེར་གཟོད་གོ །ཡུལ་བུམ་པ་ལྟ་བུ་དང་སེམས་གཉིས་དབྱེར་མེད་ཟེར་བ་རེ་ནི་མི་འདོར། ཡུལ་སེམས་ཀྱིས་མ་བཟུང་ན། ཕྱི་རོལ་དོན་དུ་གྲུབ་པ་ཡང་མི་སྣང་ལ། སྣང་སེམས་གཉིས་སུ་མེད་བྱ་བ་ཡིན་ཡང་གང་ལྟར་སྣང་ཡང་སེམས་དེ་དེ་ལྟར་སྣང་བ་མ་ཡིན་པ་གཞན་མི་སྣང༌། སྣང་བ་སེམས་སུ་འདོད་ན་གྲུབ་སྡེ་གཅིག་པའམ། བདག་གཅིག་པའི་སྐྱོན་འབྱུང༌། འོ་ན་ཡུལ་སེམས་ཐ་དད་པའམ། ཕྱི་རོལ་དོན་དུ་གྲུབ་པའི་སྐྱོན་མི་འབྱུང་ངམ་སྙམ་ན། ཅི་ལྟར་སྣང་སྣང་སེམས་འདི་སྣང་བ་མིན་པ་གཞན་མི་སྣང་། མིག་ཀ་བ་མ་བལྟས་ན་སེམས་ཡི་དམ་ཀྱི་ལྷར་བསྒོམ་ཀ་བ་མི་སྣང༌། སེམས་འདི་སྣང་བ་ཡང་མི་གདའ། སེམས་སྣང་བ་ཡིན་ན་རིག་པ་འདི་བེམ་པོར་འགྲོ་དགོས་པ་ལ། མི་འགྲོ་བར་གདའ། དེས་ན་རང་གི་སེམས་འདི་མ་ཡིན་པར་ཕྱག་རྒྱ་ཆེན་པོའམ། སྟོང་པ་ཞིག་བསྒོམ་མི་དགོས་པར་གདའ། ཅི་ལྟར་སྣང་སྣང་སེམས་ལྟ་བུར་སྣང་། སྣང་བ་དེ་ཕྱག་རྒྱ་ཆེན་པོར་ལྷུན་གྱིས་གྲུབ་པར་ཤེས་པས། ཕྱག་རྒྱ་ཆེན་པོ་མ་ཡིན་པའི་རང་སེམས་སམ་ཡུལ་མི་གདའ། ཅི་ལྟར་སྣང་སྣང་ནི་སེམས་དེ་ལྟར་དུ་སྣང༌། དེ་ལྟར་སྣང་བ་དེ་སེམས་ཕྱག་རྒྱ་ཆེན་པོ་མ་ཡིན་པ་མེད་པས། ད་སྒོམ་མ་ཡིན་པ་གཅིག་ཀྱང་མེད་པས་ས་ཕྱོགས་དག །རང་གིས་དེ་ལྟར་གོ་བས་སེམས་ཅི་ཙུག་འདུག་འདུག་འདི་མ་ཡིན་པའི་ཕྱག་རྒྱ་ཆེན་པོ་ལོགས་ན་མེད་པས་དགའ་བ་ཆེན་པོ་ཞིག་སྐྱེས། འདི་བླ་མའི་དྲིན་ཡིན་པར་གདའ་སྙམ་ནས། བླ་མ་སངས་རྒྱས་ཀྱི་འདུ་ཤེས་སྐྱེས། ཕྱག་རྒྱ་ཆེན་པོ་དོ་ཧ་ལས། བླ་མས་གསུངས་པ་གང་གི་སྙིང་ཞུགས་པ། །ལག་པའི་མཐིལ་ན་ཡོད་པའི་རྫས་མཐོང་འདྲ། །གསུངས་པ་ཡང་འདི་ཡིན་པར་གདའ་སྙམ་པ་འབྱུང༌། སེམས་འདི་དང་པོ་ནས་འདི་ཙུག་སྣང་བ་ལ། འདི་ངོ་མ་ཤེས་པ་འཆུག་སོང་བ་ཡིན་ན་ཨང་སྙམ་པ་འབྱུང༌། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱང་འདི་བཞིན་དུ་སྣང་བ་ལ་མ་རྟོགས་པ་དེ་སེམས་འདི་ལྟར་སྣང་སྙམ་པ་འབྱུང༌། སྙིང་རྗེ་ངམ་ཤུགས་ཀྱིས་སྐྱེ། བདག་གི་བླ་མ་རིན་པོ་ཆེ་འདི་དང༌། སེམས་ཅན་ཐམས་ཅད་དང་མཇལ་ནས་སེམས་འདི་ལྟར་དུ་བསྟན་ན་སྙམ་པ་འབྱུང༌། མི་ཞེ་སྡང་ཆེ་བ་ཞེ་སྡང་གིས་ཀར་ཀར་འདུག་པ་མཐོང་ཙམ་ན། ཞེ་སྡང་དེ་རང་ཕྱག་རྒྱ་ཆེན་པོ་རང་སྣང་བ་ལ་ཨང་འདི་མ་ཤེས་པ་སྙམ་པ་འབྱུང༌། སེམས་ཅན་གཞན་ཉོན་མོངས་པ་དང་དུག་ལྔ་དུག་གསུམ་གྱིས་མནར་བ་མཐོང་ཙམ་ན། ཉོན་མོངས་པའམ་རྣམ་པར་རྟོག་པ་འདི་རང་སྟོང་ཡིན་པ་ལ། འདི་མ་ཤེས་པར་འདུག་འཁྲུལ་ནས་སྣང་ཨང་སྙམ་པ་འབྱུང༌། ད་ལྟ་སེམས་ལ་སྙིང་རྗེ་བསྒོམ་པ་དང༌། བླ་མ་ལ་མོས་གུས་བྱེད་པ་དང༌། ལུས་ཡི་དམ་ལྷར་བསྒོམ་པ་དང༌། ཐབས་ཀྱི་ཆ་ཉམས་སུ་ལེན་པ་འདི་མ་གཏོགས་པའི་སྟོང་པ་ཉིད་བསྒོམ་མི་དགོས་པར་གདའ། ཐབས་ཤེས་རབ་གཉིས་སུ་མེད་པ་ཡང་འདི་རང་དུ་གདའ། ཕ་རོལ་ཏུ་ཕྱིན་པའི་བརྗོད་བྱ་གཉིས་མེད་ཟེར་བ་དེ་ཡང་འདི་མ་ཡིན་པ་གཞན་མེད། སྣང་བ་སྒྱུ་མར་འདོད་པ་ནི་ཕྱག་རྒྱ་ཆེན་པོའི་སྐྱོན་ཡིན་ཏེ། སེམས་དེ་རང་དེ་ལྟར་སྣང་བ་དེ་མ་ཡིན་པར་སྒྱུ་མར་སྣང་བར་འདོད་ན་བཅོས་པ་ཡིན་པས་སྐྱོན་ཡིན། འདི་ལྟར་སྣང་བ་སྒྱུ་མ་ལྟར་སྣང་ལ། སྒྱུ་མ་ཉིད་མ་གྲུབ་པར་ཤེས་པས་སྒྱུ་མ་གཉིས་མེད་ཀྱི་དབུ་མ་ཡང་ལོགས་ན་མི་གདའ། ལུས་ཡི་དམ་ལྷར་བསྒོམ་ཙམ་ན། ལུས་ཡི་དམ་གྱི་ལྷར་མི་སྣང་སེམས་ཡི་དམ་གྱི་ལྷར་སྣང༌། ཡི་དམ་གྱི་ལྷ་ཚུར་འོངས་པ་ཡང་མི་སྣང༌། སེམས་ཡི་དམ་གྱི་ལྷར་སོང་བ་ཡང་མི་སྣང༌། སེམས་དེ་རང་ཡི་དམ་གྱི་ལྷར་སྣང་བ་དེ་སྟོང་པར་སྣང༌། ཡི་དམ་གྱི་ལྷ་ཞི་ནས་སྟོང་པ་ཉིད་མི་འདོད་པ་བསྐྱེད་རྫོགས་ཟུང་འཇུག་ཟེར་བ་ཡང་དེ་རང་དུ་གདའ། སེམས་གང་ལྟར་སྣང་སྣང་སྟོང་པ་ཉིད་ཡིན་པས། གསང་སྔགས་ཀྱི་ཟུང་འཇུག་ཟེར་བ་ཡང་དེ་རང་ཡིན། སྤྲོས་པ་སྤྲོས་པས་སྟོང་ཞིང་དག་ཅིང་གསལ་བ་འདི་ཆོས་སྐུ། དྲན་པ་དང་རྟོག་པ་ཅི་ཡང་སྣང་ཞིང་འདུག་པ་དེ་སྤྲུལ་པའི་སྐུ། དེ་གཉིས་དབྱེར་མེད་མཚན་དང་དཔེ་བྱད་ལ་སོགས་པའི་ཡོན་ཏན་ཡང་དེ་ལ་ཚང་བས་ལོངས་སྤྱོད་རྫོགས་པའི་སྐུ། ཟག་པ་དང་བཅས་པ་ཟག་པ་དང་བཅས་པས་སྟོང༌། ཉོན་མོངས་པའམ་རྣམ་པར་རྟོག་པ་ལ་སོགས་པ་ཟུག་རྔུ་སྡུག་བསྔལ་དུ་སྣང་བ་དེ་དེ་རང་གིས་སྟོང་པ་དེ་བདེ་བ་ཆེན་པོའི་སྐུ། དེ་ལ་སྒྲིབ་པའམ་སྒྲིབ་མཁན་གང་ཡང་མ་གྲུབ་པས་རྣམ་དག་གི་སྐུ། སྐུ་ལྔ་ཡང་སེམས་དྲན་པ་སྐད་ཅིག་མ་འདི་ལ་ཚང་བས། ཕྱག་རྒྱ་ཆེན་པོ་ནས་ལྷུན་གྱིས་གྲུབ་པ་ཟེར་བ་ཡང་སེམས་སྐུ་ལྔ་ལྷུན་གྱིས་གྲུབ་པ་འདི་ལྟར་གདའ། བློས་བྱས་པའི་ཆོས་འདི་ཞི་བའམ་ཞི་ཡང་མི་དགོས་པར་བློ་འདི་རང་འདི་འདྲ་བ་གཅིག་ཡིན་བྱ་བའི་མཐའ་མི་སྣང་བས། བློ་ལས་འདས་པ་ཟེར་བ་ཡང་དེ་རང་དུ་སྣང༌། འཁོར་འདས་ཀྱི་ཆོས་མ་ལུས་པ་རིག་པ་འདི་མ་ཡིན་པ་གཞན་མེད་པས་ཡོན་ཏན་གྱི་ཆོས་ཐམས་ཅད་གཅིག་ཙམ་ཞིག་མ་ལུས་པ་མེད་པར་སེམས་འདི་ལ་རྫོགས་པས་བློ་འདས་སམ། རྫོགས་པ་ཆེན་པོ་པས་ཡེ་ནས་ཡེ་རྫོགས་ཡིན་ཟེར་བ་དེ་ཡང་འདི་རང་དུ་གདའ། དེ་ལྟར་ཡིན་ཡང་ཆོས་ཅན་སོ་སོའི་མཚན་ཉིད་མ་འདྲེས་པ་མྱ་ངན་ལས་འདས་པར་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་སེམས་ཅན་སོ་སོའི་སྣང་བ་སྣ་ཚོགས་སུ་སྣང་བ་འདི་མཚན་ཉིད་མ་འདྲེས་པར་སོ་སོར་ཤིག་གེ་ས་ལེ་གསལ་བར་གདའ། བསྒོམ་པ་ཀུན་གྱིས་སེམས་ཡུལ་གཅིག་ཏུ་བསྒོམ་ནས་ཆོས་ཉིད་སྟོང་པ་ཉིད་ཡིན་ཟེར་ཞིང་བྱེ་བྲག་མང་པོ་གང་ནས་དགོས་ཟེར་བར་གདའ་སྟེ། དེ་སྟོང་པ་ཉིད་བསྒོམ་ཟེར་ཡང་བཏང་སྙོམས་དང་མཉམ་ཉིད་དང་ཆོས་ཉིད་བསྒོམ་པར་གདའ། དེ་ནི་སྟོང་པ་ཉིད་དེ་མ་རྟོགས་བསྒོམ་མ་ཤེས་པ་ཡིན། སྟོང་ཉིད་རྟེན་ཅིང་འབྲེལ་བར་འབྱུང་བ་འགགས་པ་མེད་པ་རང་གི་སེམས་འདི་ཡིན་སྙམ། ད་ལྟར་གྱི་ཤེས་པ་ཅུག་འདུག་པ་འདི་སྒོམ་བྱེད་ཀྱི་ཤེས་པ་གཉིས་སུ་མེད་པར་སྒོམ་མཁན་གྱི་ཤེས་པ་གཉུག་མ་འདི་ཕྱག་རྒྱ་ཆེན་པོ་ཡིན་པ་ལ་ཡིན་པར་ཤེས་པའི་ཚུལ་གྱིས་མ་ཡེངས་པར་བསྐྱང་ན། སེམས་ཕྱག་རྒྱ་ཆེན་པོ་ཡིན་པ་སྟེ། ཕྱག་རྒྱ་ཆེན་པོར་མྱོང་བར་གདའ། རྟོགས་པའི་དོན་དེ་མ་སྣང་ན། ནུབ་རྟོགས་ན་ནུབ་སངས་རྒྱས། ནངས་རྟོགས་ན་ནངས་སངས་རྒྱས་བྱས་པས་མི་ཕན། སྔར་མ་རྟོགས་པའི་དུས་བཞིན་ཉོན་མོངས་པ་དང༌། རྣམ་རྟོག་དང་གཟུང་འཛིན་ཐ་མལ་པ་སྔར་བཞིན་དུ་སྣང་ན་རྟོགས་བྱས་ཀྱང་མི་ཕན། སེམས་ཅན་ཐམས་ཅད་ཀྱི་སེམས་ཆོས་ཀྱི་སྐུར་ཐོག་མ་མེད་པ་ནས་ཡོད་ཀྱང་ཆོས་སྐུར་མི་སྣང་བས་འཁོར་བར་སྣང་བ་ཡིན། དེས་ན་གཉུག་མ་ཡིད་ཀྱིས་ཟིན་པ་གལ་ཆེ། གཉུག་མ་ཞེས་པ་ནི་སྒྲོ་སྐུར་དང་བྲལ་བའི་ཤེས་པ་འདི་ལ་ཟེར་བ་ཡིན། ཡོད་ཅེས་བྱ་རྒྱུ་ལ་དངོས་པོ་འདི་འདྲ་བ་ཞིག་ཡིན་བྱ་བ་གྲུབ་པ་མེད་པས་སྒྲོ་འདོགས་སུ་མི་སྣང༌། མེད་ཅེས་བྱ་རྒྱུ་ལ་རྒྱུན་ཆད་པ་མེད་པར་ཅིར་ཡང་སྣང་གིན་འདུག་པས་སྐུར་པ་བཏབ་དུ་མི་སྣང༌།