བསྟན་བཅོས་ཡོན་ཏན་རིན་པོ་ཆེ་ཀུན་ཏུ་འོད་ཀྱི་ཊཱིཀ་སྙིང་པོ་གསལ་བ་ཞེས་བྱ་བ་བཞུགས་སོ། ། 3

2014-04-25

~~གཉིས་པ་ནི། སེམས་ཀྱི་གཤིས་ལུགས་རྟོགས་པའི་བློ་གྲོས་ལྡན་པས་ཆོས་ཉིད་རྣལ་མའི་ངང་དུ་འབྱོར་བའི་སྐྱེས་བུ་ཆེན་པོ་བྱ་བཏང་ཀུ་སུ་ལུ་ཡིས་བསྟན་པའི་རྒྱུན་སྐྱོང་ཚུལ་ནི། སྤྱོད་འཇུག་ལས། སྡུག་སྔལ་འདོར་འདོད་སེམས་ཡོད་ཀྱང་། །སྡུག་སྔལ་ཉིད་ལ་མངོན་པར་རྒྱུག །བདེ་བ་འདོད་ཀྱང་གཏི་མུག་པས། །རང་གི་བདེ་བ་དགྲ་ལྟར་འཇོམས། །ཞེས་བསམ་སྦྱོར་འགལ་བའི་འགྲོ་བ་མ་ལུས་པའི་སེམས་ཅན་ཐམས་ཅད་ལ་ཚད་མེད་པའི་ཐུགས་རྗེ་ཆེན་པོ་སྐྱེས་པ་ཡིས། རང་ཉིད་བློ་གྲོས་དམན་པའི་ཉེར་ལེན་གྱིས་བཀའ་དང་བསྟན་བཅོས་རྣམས་སུ་ཚིག་དོན་རྒྱས་པར་གསུངས་པ་ལས་ནི་དོན་གྱི་གནད་རྣམས་བསྡུས་ཏེ་ཉམས་སུ་ལེན་མ་ཤེས་པ་དང༌། ཡང་ཚིག་དོན་ཉུང་ངུ་བསྡུས་པ་བརྡ་ཙམ་བསྟན་པ་ཡི་ཆོས་རྣམས་ལ་ནི་རྒྱུད་ཀྱི་ཚིག་དོན་གོང་འོག་དཀྲུག་པ་དང་། ལུང་དོན་དྲང་ཐད་མིན་པའི་དཀྱུས་པ་དང་། ཤེས་པར་བྱ་བའི་དོན་མྱུར་བར་ཁོང་དུ་ཆུད་པར་བྱེད་པའི་མན་ངག་གབ་པ་ཡིས། དུས་འཁོར་རྩ་རྒྱུད་ལས། དགོངས་པའི་སྐད་དང་དེ་བཞིན་མིན། །ཇི་བཞིན་སྒྲ་དང་དེ་བཞིན་མིན། །དྲང་བའི་དོན་དང་ངེས་དོན་ཏེ། །རྒྱུད་ནི་མཐའ་དྲུག་མཚན་ཉིད་དོ། །ཞེས་པ་ལ་དྲང་དོན་ངེས་དོན་གཉིས་ནི་དེའི་ཚིག་གཅིག་གིས་སྐལ་པ་ངན་པའི་སེམས་ཅན་ལ་མི་ཟབ་པ་བསྐྱེད་རིམ་དང༌། སྐལ་པ་བཟང་པོ་རིན་པོ་ཆེ་ལྟ་བུའི་གང་ཟག་ལ་ཟབ་མོའི་རྫོགས་རིམ་སྟོན་པ། དགོངས་བཤད་ནི་དབང་པོ་རྣོན་པོའི་གང་ཟག་ལ་འོད་གསལ་དང་ཟུང་འཇུག་གི་དོན་སྟོན་པ་ལ་དོན་དེ་དང་འགལ་བའི་ཚིག་གིས་སྟོན་པ། དགོངས་པ་མ་ཡིན་པ་ནི་མཆོག་འདོད་པའི་དབང་པོ་རྣོན་པོ་ལ་དོན་དང་མཐུན་པའི་ཚིག་གིས་གཙོ་ཆེར་རྫོགས་རིམ་སྟོན་པ། སྒྲ་ཇི་བཞིན་པ་ནི་འཇིག་རྟེན་ནམ་བསྟན་བཅོས་ལ་གྲགས་པའི་ཚིག་གིས་གཙོ་ཆེར་བསྐྱེད་རིམ་སྟོན་པ། ཇི་བཞིན་མ་ཡིན་པ་ནི་འཇིག་རྟེན་པ་ལ་མ་གྲགས་པ་དེ་བཞིན་གཤེགས་པའམ་མཁའ་འགྲོ་མས་བརྡའ་བྱས་པ་སྟེ་མཐའ་དྲུག་གི་དགོངས་པ་གང་ཡིན་གོ་བར་མ་ནུས་པ་དང༌། ཟབ་པ་དང་རྒྱ་ཆེ་བའི་དོན་རྣམས་མ་གོ་བར་ཚིག་ཙམ་ལ་མཁས་པ་ཡི་གཞུང་རིག་གི་ཐོས་པ་མང་ཡང་དོན་ལ་རྨོངས་པ་རྣམས་དང་ནི། ཇོ་བོ་རྗེས། ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་པ་མང༌། །ཚེ་ཡི་ཚད་ཀྱང་འདི་ཙམ་མི་ཤེས་པས། །ངང་པས་ཆུ་ལས་འོ་མ་ལེན་པ་ལྟར། །འདོད་པའི་དངོས་པོ་དང་པོར་བླང་བར་བྱ། །ཞེས་གསུངས་པའི་ཐོས་པ་ཙམ་ཡང་ཆུང་བས་གནད་ཟིན་པ་མེད་ནའང་ཡུན་རིང་སྒོམ་པའི་ཚུལ་བཟུང་བས་ཁེངས་པའི་གྲོད་པ་རླུང་གིས་གང་བ་ལྟ་བུའི་སྟོང་སྦོས་པ་དང་། མདོར་ན་ཚིག་དོན་གཉིས་ཀ་ལ་རྨོངས་པའི་གང་ཟག་རྣམས་ལ། བཀའ་དང་བསྟན་བཅོས་གཉིས་ཀྱི་བསྟན་བྱ་ཡང་དག་པའི་མན་ངག་ནི། གསང་བའི་ཡང་སྙིང་ལས། སེམས་ཅན་ལུས་ངག་ཡིད་གསུམ་ནི། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་མ་ལུས་པ། །སེམས་ཅན་ལུས་ངག་ཡིད་གསུམ་གྱི། །གཞི་ལ་གནས་པའི་ཆོས་རྣམས་ལ། །སངས་རྒྱས་སྙིང་པོ་མ་ཡིན་པ། །འཁོར་བའི་སྦུན་སྐོགས་གཅིག་ཀྱང་མེད། །ཅེས་གཞི་སེམས་ཅན་གྱི་ལུས་ངག་ཡིད་གསུམ་གྱི་ཆོས་རྣམས་ལ་འབྲས་བུ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་རྣམས་མ་འབད་ལྷུན་རྫོགས་སུ་བཞུགས་པ་བསྟན་བཅོས་ཙིན་ཏ་མ་ཎི་ལས། ལུས་ངག་ཡིད་གསུམ་རྣམ་དག་པས། །དག་པ་མཐར་ཕྱིན་ཡོན་ཏན་སྐུ། །ལུས་ཉིད་རབ་ཏུ་དག་པ་ལས། །ཐུབ་པ་སུམ་ཅུ་རྩ་གཉིས་མཚན། །དཔེ་བྱད་བཟང་པོས་རབ་སྤྲས་པ། །ཞིང་རྣམས་ཀུན་ལ་བཞུགས་པ་འོ། །ངག་རྣམས་སྦྱངས་པ་རྣམ་དག་པ། །དག་པའི་ཡོན་ཏན་དེ་ཉིད་ཀྱིས། །ཐུབ་པའི་གསུང་གཅིག་ཡན་ལག་ལ། །སྒྲ་སྐད་རྒྱ་མཚོ་རབ་ཕྱེ་བས། །སེམས་ཅན་ཐམས་ཅད་སྨིན་པར་མཛད། །ཐུགས་ཉིད་སྦྱངས་པ་རྣམ་དག་པས། །དག་པའི་ཡོན་ཏན་དེ་ཉིད་ནི། །དུས་གསུམ་མཁྱེན་པའི་ཡེ་ཤེས་ཏེ། །བྲལ་བའི་ཡོན་ཏན་སུམ་ཅུ་གཉིས། །དེ་ལྟར་ཐུབ་པའི་སྐུ་གསུང་ཐུགས། །སེམས་ཅན་དོན་དུ་རབ་སྦྱངས་པས། །སངས་རྒྱས་ཆོས་སྐུ་རྣམ་དག་ནི། །མ་ལུས་སེམས་ཅན་ཁམས་རྣམས་ལ། །སྐུ་གསུང་ཐུགས་ཀྱི་རྣམ་པར་སྣང༌། །ཞེས་གསུངས་པ་བཞིན་སྟོན་པར་མཛད་པས། ཉམས་སུ་བླངས་པ་ན་དུས་ཀྱི་གནད། ལུས་ཀྱི་གནད། ཡུལ་གྱི་གནད། ཤེས་པའི་གནད་དེ་གནད་བཞིའི་རྟེན་འབྲེལ་འགྲིགས་པའི་མན་ངག་གིས། སེམས་ཀྱི་ངོ་བོ་གཉིས་སུ་མེད་པ་རང་རིག་པའི་ཡེ་ཤེས་སྒྲིབ་མེད་མངོན་སུམ་དུ་གྱུར་པའི་སྐད་ཅིག་མ་གཅིག་གིས་དོན་རྣམས་ཀྱི་གནས་ལུགས་གཅིག་ཅར་དུ་རྟོགས་པར་བྱེད་པ་ལ། ཡིད་ཆེས་པའི་ལུང་དང་རྒྱུ་མཚན་བཀོད་པའི་རྗེས་དཔག་སོགས་མང་པོའི་སྤྲོས་པ་མི་དགོས་སོ། །འོན་ཀྱང་ལུང་དང་རྗེས་དཔག་ནི་རང་སེམས་ཀྱི་ཉམས་རྟོགས་ཡོན་ཏན་ཡིན་ལ། ཆོས་ཉིད་ཀྱི་དོན་གཅིག་ཤེས་པས་ཆོས་ཅན་ཤེས་བྱ་ཀུན་ལ་མཁས་པར་བྱེད་པའི་མན་ངག་གིས་རང་སེམས་ཀྱི་ངོ་བོ་རང་རིག་པའི་ཚུལ་གྱིས་རྟོགས་པས་ནི། འབྲི་གུང་པས། རང་སེམས་མངོན་དུ་གྱུར་ཙ་ན། །གྲངས་མེད་གསུམ་ཡང་བརྫུན་པར་གདའ། །དྲང་དོན་ཐེག་པའི་མགོ་སྐོར་ལ། །ཀྭ་བློ་གཏད་འདུག་གམ་མི་འདུག་སོམས། །ཞེས་གསུངས་པ་ལྟར་ཚེ་འདིར་མངོན་སངས་རྒྱས་པ་ནི། རྟོགས་ལྡན་གྱི་བླ་མ་གདམས་ངག་མཁས་པ་ལ་བཛྲ་སྒྲ་དད་ལ་གདམས་པ་ལས། བླ་མ་བསྟེན་ཅེས་པ་མོས་གུས་ཀྱི་བསམ་པས་སྐད་ཅིག་ཙམ་ཡང་མི་འབྲལ་བ་ལ་ཟེར་བ་ཡིན། ཞེས་པའི་ཚུལ་གྱིས་བསྟེན་པ་ལས་བྱུང༌བ་སྟེ། བསྟན་བཅོས་ཙིན་ཏ་མ་ཎི་ལས། བླ་མ་རིན་ཆེན་ལས་བྱུང་བ། །ལམ་ཟབ་མོ་ཉམས་སུ་ལེན་བཞེད་ན། །བླ་མའི་མོས་གུས་མ་གཏོགས་པ། །གཞན་ནས་རྙེད་པར་མི་འགྱུར་བར། །བཀའ་དང་བསྟན་བཅོས་ཐམས་ཅད་དུ། །དམ་པ་རྣམས་ཀྱིས་རྒྱ་ཆེར་བཤད། །ཅེས་གསུངས་པ་ལྟར་ཡིན་པས་ན། མོས་གུས་བསྐྱེད་ཅིག་ཆོས་ཉམས་སུ་ལེན་པའི་ལས་འཕྲོ་ཅན་དང་དོན་ཟབ་མོ་རྟོགས་པའི་སྐལ་བ་དང་ལྡན་པ་རྣམས་སོ། །མན་ངག་གི་གནད་ཀྱིས་བསྟན་པ་ཡང་དག་པར་འཛིན་པ་ཡིན་པས་ན་རྟོགས་ལྡན་རྣལ་འབྱོར་པ་ཀུ་སུ་ལུ་རྣམས་ལ་ཏི་ཤྲི་རས་པ་བདག་ནི་སྐྱབས་སུ་མཆི་ཞེས་ལྷ་དང་བཅས་པའི་སྐྱབས་ཡུལ་དུ་བསྟན་པ་ཡིན་ནོ། །
གཉིས་པ་བསྟན་པའི་དགོས་པ་ནི། དེ་ལྟར་སངས་རྒྱས་ཀྱི་བཀའ་གདུལ་བྱའི་བློ་དང་བསྟུན་ནས་གསུངས་པ་དང་། བཀའ་ཡི་དགོངས་པ་ནོར་མེད་དུ་གཏན་ལ་འབེབ་པའི་བསྟན་བཅོས་དང་། བཀའ་དང་བསྟན་བཅོས་ཀྱི་དོན་བདེ་བླག་ཏུ་ཉམས་སུ་ལེན་པར་བྱེད་པའི་མན་ངག་གི་ཆོས་ཀྱི་རྣམ་གཞག་གི་བྱེ་བྲག་བླ་མ་འོ་སྐྱོ་པ་ལ་གདམས་པ་ལས། ཨེ་མ་རང་སེམས་ཆོས་སྐུ་རིན་པོ་ཆེ། །དག་ཅིང་གསལ་ལ་ངོས་བཟུང་སྤྲོས་དང་བྲལ། །ཁྱབ་དང་གཟུགས་ཅན་མ་ཡིན་འགྲོ་འོང་མེད། །ལྷུན་གྱིས་གྲུབ་ཅིང་ཀུན་ལ་ཡོད་ན་ཡང༌། །མ་རིག་དབང་གིས་མ་རྟོགས་སེམས་ཅན་རྣམས། །ཀུན་བརྟགས་འཁོར་བའི་སྡུག་བསྔལ་མྱོང་བ་ལ། །ཐུགས་རྗེའི་བདག་ཉིད་རྒྱལ་བ་སྲས་བཅས་ཀྱིས། །མཁྱེན་པའི་ཡེ་ཤེས་རྟོགས་པར་བྱ་བའི་ཕྱིར། །བཀའ་དང་བསྟན་ཆོས་མན་ངག་གསུམ་གསུངས་པ། །ཐམས་ཅད་རང་སེམས་རྟོགས་པར་བྱ་ཕྱིར་གཅིག །འོན་ཀྱང་གང་ཟག་བློ་ཡི་བྱེ་བྲག་གིས། །སྤོང་བྱེད་གཉེན་པོའི་ཚུལ་དུ་གསུངས་པ་དང༌། །སྦྱངས་པ་གནས་གྱུར་དག་ཏུ་གསུངས་པ་དང༌། ལྷུན་འགྲུབ་གཞི་ལ་གནས་པར་གསུངས་པ་ཡང༌། །ཐེག་པ་གསུམ་ལ་ཞུགས་ཚུལ་གསུངས་པ་ཡིན། །དེ་ཡང་འཁོར་འདས་གཉིས་སུ་སྣང་ན་ཡང༌། །དག་དང་མ་དག་རྐྱེན་གྱིས་སྣང་བ་ཡིན། །མ་དག་རྒྱུ་དང་འབྲས་བུ་འགོག་པ་ནི། །དག་པའི་རྐྱེན་གྱིས་ཉམས་སུ་བླངས་པས་འགོགས། །ཞེས་པ་ལྟ་བུའི་ཟུར་ཙམ་སྨོས་པ་དེ་ནི་ཀྱོག་བཤད་དང་ངོམས་ཆོས་ཙམ་མིན་ཅིང། ཤེས་རབ་དབང་ཕྱུག་ཁྱེད་ཀྱིས་བཞེད་པའི་དྲི་བའི་ལན་གྱི་ཆོས་འདི་ཐད་ཀར་བསྟན་ན་ཆོག་པར་ལགས་ཏེ། ཡིན་ནའང་བློ་རྩལ་ལྡན་པའི་མཁས་པ་རྣམས་ནི་དམ་པའི་ཆོས་ལ་ངེས་ཤེས་སྐྱེ་བ་དང༌། གང་ཟག་རྨོངས་པ་རྣམས་ནི་ཆོས་ཀྱི་གནས་ཚུལ་འབྱེད་པའི་ཤེས་རབ་སྐྱེ་བའི་ཕྱིར་དུ་དམ་པ་ཆོས་ཀྱི་བྱུང་ཚུལ་འདི་ཐོག་མར་བསྟན་པ་ཡིན་ནོ། །
གཉིས་པ་ཕྱག་ཆེན་སྒོམ་པའི་ལམ་རིམ་ལ། དྲི་བ་དང་། ལན་ནོ། །དང་པོ་ནི། ད་ནི་ཤེས་རབ་དབང་ཕྱུག་ཁྱེད་ཀྱིས་ཞུས་པའི་ཆོས་རྣམས་བསྟན་པ་ལ་རེ་ཞིག་དྲི་བ་ནི། རང་གི་སེམས་ཉིད་ཕྱག་རྒྱ་ཆེན་པོ་བླ་མའི་བྱིན་རློབས་དང་རང་གི་མོས་གུས་ཀྱིས་རང་རིག་པའི་ཚུལ་དུ་རྟོགས་ཙམ་ན། ཡིད་ཀྱི་ཡུལ་དུ་སྣང་ཞིང་སྲིད་པའི་ཆོས་འཁོར་བ་དང་མྱ་ངན་ལས་འདས་པས་བསྡུས་པ་མཐའ་དག་དོ་ཧ་མཛོད་ལས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་རང་སེམས་འཁྲུལ་གྲོལ་གྱི་སྣང་ཆ་ཙམ་ལས་ལོགས་ན་མེད་ཅིང། བླ་མས་ངོ་སྤྲད་པ་ལྟར་རང་གི་སེམས་ཉིད་སངས་རྒྱས་ཡིན་པར་མངོན་སུམ་དུ་རྟོགས་པ་ལ། དེ་ལ་ཡང་ནས་ཡང་དུ་བསྒོམ་ནི་དགོས་སམ་མི་དགོས་དང༌། ཕྱག་རྒྱ་ཆེན་པོ་བསྒོམས་པའི་ཡོན་ཏན་ཅི་འབྱུང་ཞུས་པ་དང༌། ཡང་ནི་ཆོས་གཅིག་ཞུ་བར་གདའ་བ་ནི། བཀའ་བསྟན་གྱི་གཞུང་ལུགས་གཞན་པས་ས་དང་ལམ་གྱི་ཡོན་ཏན་གསུངས་ན་ཡང༌། མཉམ་མེད་དྭགས་པོའི་ལུགས་ཀྱི་ཕྱག་རྒྱ་ཆེན་པོའི་ཁྲིད་རིམ་འདིར་ནི་སྒོམ་ཆེན་པ་ཡི་ཉམས་ལེན་ལ་རྣལ་འབྱོར་བཞི་ཡི་ལམ་གྱི་རིམ་པ་གསུངས་པ་སྟེ། དེས་ན་རྣལ་འབྱོར་བཞི་ཡི་ལམ་རྣམས་སུ་སྒྲིབ་པ་རིམ་པས་སྤོང་ཚུལ་དང་ཡོན་ཏན་རིམ་པས་སྐྱེ་ཚུལ་དང༌། མཐར་ཐུག་འབྲས་བུ་སངས་རྒྱས་ཇི་ལྟར་ཐོབ་ཚུལ་རྣམས་ལ་གོ་བདེ་བའི་ལན་ཞིག་གསུངས་པར་ཞུས་པའོ། །
གཉིས་པ་ལན་ལ། ཕྱག་ཆེན་སྒོམ་པའི་ཡོན་ཏན། རྣལ་འབྱོར་བཞི་ཡི་རིམ་པའོ། །དང་པོ་ལ། གཞི་སེམས་ཉིད་ཀྱི་ངོ་བོ། སེམས་ཉིད་སྒོམ་པའི་དགོས་པ། སེམས་ཉིད་སྒོམ་པའི་ཁྲིད་རིམ། སེམས་ཉིད་རྟོགས་པའི་བྱར་མེད། སེམས་ཉིད་སྒོམ་པའི་འཇོག་ཐབས། སེམས་ཉིད་བསྒོམ་བྱའི་ཕྱག་ཆེན། སེམས་ཉིད་སྒོམ་པའི་ཡོན་ཏན། སེམས་ཉིད་སྒོམ་པའི་མན་ངག །སེམས་ཉིད་སྒོམ་པའི་འབྲས་བུའོ། །དང་པོ་ནི། དྲི་བ་དེ་ཡི་ལན་རྣམས་སོ་སོར་བསྟན་པ་ལ་ཐོག་མར་ཤེས་དགོས་པའི་གནད་ནི། ཞུས་ལན་མུ་ཏིག་ཕྲེང་བ་ལས། ཡང་དག་དོན་དེ་གང་ལགས་ན། །རང་གི་སེམས་ལས་ལོགས་ན་མེད། །རང་སེམས་དྲི་མེད་ཆོས་སྐུ་འདི། །ཐོག་མེད་དུས་ནས་འབྲལ་མ་མྱོང༌། །དུས་འདིར་རྟོགས་ཀྱང་གསར་སྐྱེས་མིན། །བླ་མའི་དྲིན་གྱིས་མཐོང་བ་ཡིན། །མོས་གུས་ཅན་གྱིས་རྟོགས་པ་ཡིན། །རྟོགས་ལྡན་ལྷན་ཅིག་སྐྱེས་པ་འདི། །གྲུབ་མཐས་མ་བསྒྱུར་ཐ་མལ་ཤེས། །སེམས་ངོ་རང་གིས་ཤེས་པ་ཡིན། །ཞེས་སེམས་ཉིད་གདོད་ནས་གནས་པ་བླ་མའི་བྱིན་རློབས་དང་རང་གི་མོས་གུས་ཀྱིས་རྟོགས་པ་ཡིན་པར་ཤེས་པ་ཉིད་དོ། །དེ་ཡང་ནམ་མཁའ་ལྟར་མཐའ་ཡས་པའི་འགྲོ་བ་རྣམས་རིགས་དྲུག་ཏུ་འདུས་པའི་སེམས་ཅན་ཐམས་ཅད་ལ། ཏིང་འཛིན་རྒྱལ་པོའི་མདོ་ལས་ཀྱང༌། རིགས་ཁམས་བདེ་བར་གཤེགས་པའི་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ་པས་ན། རང་གི་སེམས་ཉིད་སངས་རྒྱས་ཡིན་པར་སྟོན་པ་ཐུབ་པའི་དབང་པོས་གསུངས་སོ། །གཞན་ཡང་རྒྱུད་ཀྱི་རྒྱལ་པོ་བརྟག་པ་གཉིས་པ་ལས། ངོ་བོ་ཡེ་དག་གི་ཆ་ནས་སེམས་ཅན་རྣམས་ནི་སངས་རྒྱས་ཉིད་ཡིན་ནོ། །འོན་ཀྱང་སེམས་ཅན་རྣམས་བློ་བུར་འཁྲུལ་པའི་དྲི་མས་སྒྲིབ་པས་ན་བློ་བུར་བྲལ་དག་གི་ཆ་ནས་སེམས་ཅན་དང་སངས་རྒྱས་ལ་ཁྱད་པར་ཡོད་ནའང། དྲི་མ་དེ་བསལ་བ་ཙམ་ན་ནི་སངས་རྒྱས་ཉིད་ཡིན་ནོ། །ཞེས་དང་། རྒྱལ་བའི་བཀའ་མདོ་རྒྱུད་རྣམས་དང་། བསྟན་བཅོས་རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་འབྲས་བུ་དང་ངོ་བོ་དང་རྒྱུའི་རིགས་པ་གསུམ་གྱིས་བསྒྲུབས་པ་དང་། ཆོས་དབྱིངས་བསྟོད་པ་ལས། གང་ཞིག་ཀུན་ཏུ་མ་ཤེས་ན། །སྲིད་པ་གསུམ་དུ་རྣམ་འཁོར་བ། །སེམས་ཅན་ཀུན་ལ་ངེས་གནས་པའི། །ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་འདུད། །ཅེས་དང་། མངོན་རྟོགས་རྒྱན་ལས། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །རིགས་ནི་ཐ་དད་རུང་མ་ཡིན། །རྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །དེ་ཡི་དབྱེ་བ་ཡོངས་སུ་བརྗོད། །ཅེས་མན་ངག་ཀུན་ལས་ཀྱང༌སེམས་ཉིད་ཀྱི་ངོ་བོ་རིགས་ཁམས་རྣམ་དག་སེམས་ཅན་ཀུན་ལ་ཡོད་པ་དང་། རིགས་ཀྱི་དབྱེ་བ་ནི་སྒྲིབ་པ་སྤོང་བྱེད་ཀྱི་གཉེན་པོའི་ཤེས་པ་ལ་བརྟེན་པའི་དགེ་བའི་ཁྱད་པར་གྱིས་ཡིན་པར་གསུངས་སོ། །སེམས་ཅན་ཀུན་ལ་བདེ་གཤེགས་སྙིང་པོ་ཡོད་ཀྱང་ཡོད་པ་ཙམ་གྱིས་མི་ཕན་ཏེ། རང་གིས་རྟོགས་ཤིང་ཉམས་སུ་མ་མྱོང་བས་སེམས་ཅན་སངས་རྒྱས་མ་ཐོབ་པར་གདམས་པ་ཡོན་ཏན་སྐྱབས་ལས། འཁོར་བའི་སྡུག་བསྔལ་དཔག་མེད་སྣ་ཚོགས་མྱོང་བ་རྣམས། །གང་ལས་བྱུང་ཞིང་གང་གིས་བྱས་པ་གང་གིས་མྱོང༌། །མ་རྟོག་ལོག་རྟོག་ཐེ་ཚོམ་ཕྱིན་ཅི་ལོག་དབང་གིས། །སྡུག་དང་མི་སྡུག་ཡུལ་གྱིས་རྣམ་པར་ཤེས་པ་བྲིད། །ཡིད་ཀྱི་རྣམ་ཤེས་རྣམ་པར་རྟོག་པ་ཡིད་ལ་བཟུངས། །སེམས་ཉིད་ཉོན་མོངས་ཡིད་དང་འཁྲིགས་པའི་དབང་དུ་གྱུར། །ཀུན་གཞི་རང་རིགས་རྣམ་དག་མ་རིག་པ་ཡིས་བཏུམས། །འཁོར་བའི་གཞི་རྩ་ཉོན་མོངས་དུག་ལྔའི་སྡོང་པོ་སྐྱེས། །མི་དགེ་བཅུ་སོགས་སྡིག་པའི་ཡལ་ག་ལོ་འདབ་རྒྱས། །རིགས་དྲུག་སོ་སོའི་སྡུག་བསྔལ་མྱོང་བ་འབྲས་བུར་སྨིན། །ཞེས་ཡུལ་ཤེས་འཁྲུལ་པའི་གཉིས་སྣང་གིས་འཁོར་བར་འཁྱམས་པ་ཡིན་ནོ། །
གཉིས་པ་ནི། རང་ལ་ཡོད་པའི་སེམས་ཉིད་ཕྱག་རྒྱ་ཆེན་པོ་རྟོགས་པ་མ་སྒོམ་པ་ལ་སངས་རྒྱས་མི་འབྱུང་སྟེ། སངས་རྒྱས་ཕལ་པོ་ཆེ་ཡི་མདོ་ལས་ཀྱང༌། དཔེ་ཇི་ལྟར་ན་འོན་པ་སིལ་སྙན་མཁན་གྱིས། མང་པོ་འཛོམས་པའི་ཚོང་དུས་ཀྱི་དབུས་སུ་སིལ་སྙན་དཀྲོལ་བར་བྱེད་ཀྱང༌། རང་གིས་ནི་གཅིག་ཀྱང་ཐོས་པ་མེད་དེ། རང་གིས་མ་སྒོམ་པའི་ཆོས་བཤད་ཀྱང་དེ་བཞིན་ནོ། །དཔེ་ཇི་ལྟར་ན་དམུས་ལོང་རི་མོ་མཁན་གྱིས། མང་པོ་འཛོམས་པའི་ཚོང་དུས་ཀྱི་དབུས་སུ་རི་མོ་བྲི་བར་བྱེད་ཀྱང༌། རང་གིས་ནི་གཅིག་ཀྱང་མཐོང་བ་མེད་དེ། རང་གིས་མ་སྒོམ་པའི་ཆོས་བཤད་ཀྱང་དེ་བཞིན་ནོ། །ཞེས་གསུངས། སྙིང་པོ་བསྟན་པ་ལས། དཔེར་ན་ཤུན་བཅས་བཻཌཱུརྱ། །དེ་ལ་ཡོན་ཏན་མི་སྣང་དང་། །རེ་བ་བ་ཚྭའི་ཆུས་སྦྱོང་དང་། །སྐྱུར་པོ་ལྭ་བས་སྦྱོང་བ་དང་། །ཆུ་གཙང་ཀཱ་ཤི་ཀས་སྦྱོང་ནས། །དག་དེ་ནོར་བུ་དགོས་འདོད་འབྱུང་། །ཞེས་པ་ལྟར་ནོར་བུ་རིན་ཆེན་མཆིང་བུས་བཏུམ་པ་ལ་འོད་དང་དགོས་འདོད་ཐམས་ཅད་འབྱུང་བར་མི་འགྱུར་ཞིང་། རེ་བ་དང་བ་ཚྭའི་ཆུ་སོགས་ཀྱིས་བྱི་དོར་ཚད་དུ་ཕྱིན་པ་བྱས་ཏེ་རྒྱལ་མཚན་གྱི་རྩེ་མོར་བཏགས་ན་འོད་དང་དགོས་འདོད་ཐམས་ཅད་འབྱུང་བ་ཡིན། དཔེ་དེ་བཞིན་དུ་རང་གི་སེམས་ཉིད་བླ་མའི་བྱིན་རློབས་དང་། དབྱེ་རས་པ་ལ་གདམས་པ་ལས། རྟོགས་པས་མ་ཟིན་པའི་རྟོག་མེད་གོལ་ས་ཡིན་པས་མ་སྒོམས། རྟོག་པ་སྟོང་པ་ཡེ་ཤེས་ཡིན་པས་སྒོམས། དེ་ཡང་སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན། སེམས་སོ་སོའི་རང་སྣང་དེ་ལྟར་སྣང་བ་ཡིན། སེམས་ཅན་བདེ་སྡུག་སྣ་ཚོགས་མྱོང་བ་རྣམས། དགེ་དང་མི་དགེ་ལས་ཀྱི་འབྲས་བུ་ཡིན། རྟོག་པ་གང་སྐྱེས་དེ་ཉིད་སྟོང་པ་ཡིན། རྟོགས་པར་དཀའ་བའི་རྟོག་མེད་མ་བསྒོམ་པར། ཆོས་རྣམས་སེམས་སུ་རྟོགས་ཙམ་ན། ཡུལ་དང་ཡུལ་ཅན་གཉིས་སུ་མེད། ཡུལ་རྣམས་སྟོང་པར་སྒོམ་མི་དགོས། སེམས་བསྒོམ་པ་ཡིས་སངས་རྒྱས་ཀྱི། སེམས་ཀྱིས་ཕར་ལ་བསྒོམ། བསྒོམ་ཚུར་ལ་འོང་དུ་མ་རེ། ཆོས་ཐམས་ཅད་རང་སེམས། སེམས་ཕྱག་རྒྱ་ཆེན་པོ། བསྒོམ་མ་ཡིན་པ་གཞན་མེད་པས། རང་སེམས་བསྒོམ་ཡིན། རང་སེམས་སངས་རྒྱས་ཡིན་གྱི། འབྲས་བུ་གཞན་ནས་མ་ཚོལ། ཅེས་སེམས་ཀྱི་གནས་བབས་དང་མཐུན་པའི་སྒོམ་ཐབས་ཀྱི་གནད་ཤེས་པས་རྟོགས་པ་ཡུན་དུ་བསྒོམས་པས་སངས་རྒྱ་བ་སྟེ། བཛྲ་སྒྲ་དད་ལ་གདམས་པ་ལས། གཞི་ལ་གནས་པ་ཞེས་པ་ནི། སེམས་གསལ་བ་ཅིར་ཡང་སྣང་བ་རྣམ་རྟོག་ཕྱོགས་མེད་དུ་འཕྲོ་བ་སྤྲུལ་པའི་སྐུ། སྣ་ཚོགས་སུ་སྣང་བ་དེ་ཉིད་ཟག་པ་མེད་པའི་བདེ་བ་ཆེན་པོར་མྱོང་བ་ལོངས་སྤྱོད་རྫོགས་པའི་སྐུ། དེ་དག་གདོད་མ་ནས་མ་སྐྱེས་ཤིང་སྐྱེ་བ་མེད་པ་རྟོག་མེད་ཆོས་ཀྱི་སྐུར་གནས་པའོ། །གསུམ་པོ་ཐ་དད་མ་ཡིན་དབྱེར་མེད་པ་བདེ་བ་ཆེན་པོའི་སྐུའོ། །མཐར་ཐུག་འབྲས་བུ་ལ་ཡང་དེ་ལས་གཞན་ཞིག་མངོན་དུ་གྱུར་དུ་མེད། དེ་ལྟར་ཡིན་ཡང་ལམ་ཉམས་སུ་བླངས་པས་སྒྲིབ་པ་འདག་ཅིང་འབྲས་བུ་མངོན་དུ་བྱེད་པ་ནི། ནོར་བུ་རིན་པོ་ཆེ་འཇིམ་པས་བཏུམ་པའི་དུས་སུ་ནོར་བུ་ཡིན་ཡང་དགོས་འདོད་མི་འབྱུང༌། འཇིམ་པ་བསལ་ནས་རྒྱལ་མཚན་གྱི་རྩེ་ལ་བཏགས་ན་དགོས་འདོད་འབྱུང་བས་ནོར་བུ་ཡིན་ཡང་ཁྱད་མེད། ཆུ་རྙོགས་པ་དང་བཅས་ཀྱང་ཆུ་ལ་རྙོགས་པ་མེད། ནམ་མཁའ་རང་བཞིན་གྱིས་རྣམ་པར་དག་ཀྱང་སྤྲིན་དང་ཁུག་སྣར་སྣང༌། ནམ་མཁའ་ལ་ཁུག་སྣར་སྣང་ཡང་ཁུག་སྣས་སྟོང༌། གསེར་གཡའ་དང་བཅས་ཀྱང་གསེར་ལ་གཡའ་མེད། ཆུ་མ་རྙོགས་ན་དྭངས། གསེར་བསྲེགས་ན་གཡའ་དང་བྲལ། དེ་བཞིན་དུ་ལམ་ཉམས་སུ་བླངས་ན་སྒྲིབ་པ་འདག །འབྲས་བུ་སངས་རྒྱས་མངོན་དུ་འགྱུར། ཞེས་སོ། །མཁའ་འགྲོ་མ་ཡི་རྒྱུད་ལས་ཀྱང༌། སྐྱེ་བ་འདིར་སངས་རྒྱས་ཀྱི་གོ་འཕང་མཆོག་ཉིད་དུ་རང་སེམས་བསྒོམ་པ་ཡིས་སངས་རྒྱས་ཀྱི། རང་གི་རིན་ཆེན་སེམས་ལས་ཕྱིར་གྱུར་པའི་སངས་རྒྱས་མེད་ཅིང་སེམས་ཅན་ཡང་མེད། །ཅེས་སེམས་འཁོར་འདས་ཀུན་གྱི་འཕྲོ་གཞིར་གསུངས་ཤིང། སེམས་ཉིད་མངོན་དུ་གྱུར་པའི་རྟོགས་པ་བསྒོམ་ན་གནས་སྐབས་མཐར་ཐུག་གི་ཡོན་ཏན་ཐམས་ཅད་འབྱུང༌བ་གསང་བའི་ཡང་སྙིང་ལས། སུ་ལ་རེ་ཞེས་ཞུས་པ་ནི། །རང་སེམས་ཡིད་བཞིན་ནོར་བུ་ལ། །དགོས་འདོད་ཐམས་ཅད་འབྱུང་བ་ནི། །ཉམས་ལེན་བྱི་དོར་ཆས་བྱས་ན། །གཞན་ལ་རེ་ལྟོས་བྱ་མི་དགོས། །ཞེས་པ་ཡིན་ནོ། །