བསྟན་བཅོས་ཡོན་ཏན་རིན་པོ་ཆེ་ཀུན་ཏུ་འོད་ཀྱི་ཊཱིཀ་སྙིང་པོ་གསལ་བ་ཞེས་བྱ་བ་བཞུགས་སོ། ། 2

2014-04-25

~~གཉིས་པ་ལ། རིང་བརྒྱུད་ཕྱི་པ་མུ་སྟེགས་པ། ཉེ་བརྒྱུད་ནང་པ་སངས་རྒྱས་པའོ། །དང་པོ་ནི། སངས་རྒྱས་ཀྱི་གོ་འཕང་འཐོབ་པ་ལ་རིང་བའི་བརྒྱུད་པ་ཕྱི་པ་མུ་སྟེགས་བྱེད་ཅེས་པ་རྟག་ཆད་དུ་ལྟ་བའི་གང་ཟག་ཆེ་གེ་མོ་ཞིག་གཞན་དུ་ཡོད་པ་མིན་པར་རང་གི་ལྟ་བ་ནོར་བ་ཉིད་ཡིན་པར་འབྲི་གུང་པའི་ཆོས་འཁོར་གཏན་ལ་ཕབ་པ་ལས། ད་ལྟ་བདག་ཅག་ལ་སོགས་སེམས་ཅན་རྣམས། །རང་གིས་བྱས་པ་སྨིན་པའི་བདེ་སྡུག་རྣམས། །འདི་དང་འདི་ཡིས་བྱས་ཞེས་བྱེད་པོར་བལྟ། །བཟང་པོ་བྱས་ལ་ཆགས་པ་སྐྱེ་བར་འགྱུར། །ངན་པ་བྱས་ན་ཞེ་སྡང་སྐྱེ་བ་ཡི། །བཟང་ངན་འདིས་བྱས་སྙམ་དུ་སེམས་པ་འདི། །བྱེད་པོས་བྱས་པའི་ལོག་ལྟ་ཇི་ལྟར་འགག །མཐོ་དང་དམའ་བ་གང་དུ་མི་སེམས་པར། །ང་དང་བདག་ཅེས་རྟག་པར་འཛིན་པའི་ཡིད། །ད་རུང་འདི་ལ་འཆལ་ཞིང་ཁ་འཛིན་ན། །ལོག་ལྟ་ཆེན་པོ་རྟག་ལྟ་གང་ན་ཡོད། །དེ་སྔོན་ཕན་ཆད་རྒྱུ་དང་འབྲས་བུ་དང༌། །ཕྱི་མ་ཕན་ཆོད་ཇི་ལྟར་འབྱུང་བའི་ཚུལ། །རྒྱུ་དང་འབྲས་བུ་སེམས་པར་མི་བྱེད་ཅིང༌། །བརྐམ་པའི་ཡིད་ཅན་འདོད་པའི་ཡོན་ཏན་ལ། །ཆགས་པའི་བསམ་པས་ཡེ་རྔམ་འདོད་པའི་བློས། །ཧབ་ཤི་ཧུབ་ཤིར་འདོད་ཆགས་སྤྱོད་པ་ལས། །མུ་སྟེགས་ཆད་ལྟ་བྲམ་ཟེ་གང་ན་ཡོད། །འདི་དག་ལ་སོགས་ལོག་པར་ལྟ་བ་རྣམས། །འཇིག་རྟེན་མགོན་པོ་ཕག་མོ་གྲུ་པ་ཡིས། །ད་ལྟ་རང་གི་བསམ་པ་འདི་ཡིན་གསུངས། །ཞེས་གསུངས་པ་ལྟར་གོ་བར་བྱ་ཡི། གཞན་གྱི་ལྟ་བས་རང་ཉིད་འཁྲུལ་གྲོལ་བྱེད་པའི་གནས་ནི་མེད་པས། རང་གིས་ཡོད་མེད་དུ་བལྟས་པའི་ལྟ་ལོག་རྟག་ཆད་ཀྱི་ལམ་ཉམས་སུ་བླངས་པས་འབྲས་བུ་སོ་སོར་ཐོབ་པ་ནི། རིན་ཆེན་ཕྲེལ་བ་ལས། མདོར་ན་མེད་པར་ལྟ་བ་ཉིད། །ལས་ཀྱི་འབྲས་བུ་མེད་ཅེས་པ། །བསོད་ནམས་མ་ཡིན་ངན་སོང་བ། །དེ་ནི་ལོག་པར་ལྟ་ཞེས་བཤད། །མདོར་ན་ཡོད་པར་ལྟ་བ་ཉིད། །ལས་ཀྱི་འབྲས་བུ་ཡོད་ཅེས་པ། །བསོད་ནམས་བདེ་འགྲོ་རྒྱུ་མཐུན་པ། །ཡང་དག་ལྟ་བ་ཞེས་བཤད་དོ། །ཞེས་སོ། །
གཉིས་པ་ལ། དམན་པ་ཉན་རང་གི་ཐེག་པ། རྒྱུ་མཚན་ཉིད་ཀྱི་ཐེག་པ། འབྲས་བུ་གསང་སྔགས་ཀྱི་ཐེག་པའོ། །དང་པོ་ནི། སངས་རྒྱས་ཀྱི་གོ་འཕང་འཐོབ་པ་ལ་ཉེ་བའི་བརྒྱུད་པ་ནང་པ་སངས་རྒྱས་པའི་ཐེག་པ་ལ། དཔོན་ཆེན་ཆོས་རིན་ལ་གདམས་པ་ལས། སོ་སོར་ཐར་པ་གཞིར་བཞག་ལ། །གང་ཟག་བདག་མེད་ལྟ་བ་ཡི། །དགྲ་བཅོམ་འབྲས་བུ་འདོད་པ་རྣམས། །ཉན་ཐོས་རང་སངས་རྒྱས་སུ་སྨིན། །དམན་པའི་ལམ་ལས་གྲོལ་བ་ཡི། །ཀུན་རྫོབ་དོན་དམ་སེམས་བསྐྱེད་ནས། །ཕམ་དང་ལྟུང་བས་མ་གོས་པའི། །བྱང་ཆུབ་སེམས་མཆོག་སྦྱང་བར་བྱ། །བྱང་ཆུབ་སེམས་ཀྱི་བསླབ་པ་ནི། །བདག་མེད་རྣམ་གཉིས་རྟོགས་པ་དང༌། །སེམས་ཅན་བདེ་ལ་འགོད་མཛད་པའི། །འབྲས་བུ་སངས་རྒྱས་ཐོབ་པར་བྱ། །རིག་འཛིན་སྔགས་ཀྱི་སྡོམ་པ་ནི། །སྨིན་གྲོལ་གཉིས་སུ་གསུངས་པ་ཡིན། །སྨིན་པ་ལ་ནི་དབང་བཞི་སྟེ། །ཚུལ་བཞིན་ཐོབ་པར་བྱ་བ་ཡིན། །གྲོལ་བྱེད་བསྐྱེད་རྫོགས་གཉིས་སུ་འདུས། །བསྐྱེད་པ་ཡི་ནི་རིམ་པ་ལ། །ཕུང་པོ་ཁམས་དང་སྐྱེ་མཆེད་དང༌། །ལུས་ནི་ལྷ་ཉིད་ཡིན་པར་གསུངས། །གཟུགས་ནི་རྣམ་པར་སྣང་མཛད་དེ། །ཚོར་བ་རིན་ཆེན་འབྱུང་ལྡན་དང༌། །འདུ་ཤེས་སྣང་བ་མཐའ་ཡས་ཏེ། །འདུ་བྱེད་དོན་ཡོད་གྲུབ་པ་ཡིན། །རྣམ་ཤེས་རྡོ་རྗེ་སེམས་དཔའ་དང༌། །ས་ཡི་ཁམས་ནི་སངས་རྒྱས་སྤྱན། །ཆུ་ཡི་ཁམས་ནི་མ་མཱ་ཀི། །མེ་ཡི་ཁམས་ནི་གོས་དཀར་མོ། །རླུང་གི་ཁམས་ནི་སྒྲོལ་མ་ཉིད། །ནམ་མཁའི་ཁམས་ནི་དབང་ཕྱུག་མ། །སྐྱེ་མཆེད་བྱང་ཆུབ་སེམས་དཔའ་སྟེ། །ལུས་ནི་ལྷ་ཡི་ངོ་བོ་ཡིན། །ལྷ་ཉིད་གཞན་ནས་མ་གྲུབ་པ། །ལྷ་ནི་རང་སེམས་ཡིན་པའོ། །རྫོགས་པ་ཡི་ནི་རིམ་པ་ཡང༌། །ཉོན་མོངས་ལྔ་ཡང་ཡེ་ཤེས་ཡིན། །གཏི་མུག་རང་བཞིན་ཆོས་ཀྱི་དབྱིངས། །ཞེ་སྡང་མེ་ལོང་ལྟ་བུ་སྟེ། །འདོད་ཆགས་སོ་སོར་ཀུན་རྟོག་དང༌། །ང་རྒྱལ་མཉམ་ཉིད་ཡེ་ཤེས་ཏེ། །ཕྲག་དོག་བྱ་བ་ནན་ཏན་ཡིན། །མཚན་བཅས་རྫོགས་པའི་རིམ་པ་ཡང། །རྩ་དང་རླུང་དང་ཐིག་ལེ་དང༌། །གཞི་ལ་ཅི་ལྟར་གནས་པ་རྣམས། །གནད་བཞིས་ཉམས་སུ་བླངས་པར་བྱ། །མཚན་མེད་ཕྱག་རྒྱ་ཆེན་པོ་ནི། །རང་གི་སེམས་ལས་ལོགས་ན་མེད། །སྣང་སྟོང་གཉིས་སུ་མེད་པ་དེ། །ཕྱག་ཅེས་བྱ་བར་བརྗོད་པ་ཡིན། །ཆོས་རྣམས་དེ་ལས་མི་འདའ་བས། །རྒྱ་ཞེས་བྱ་བ་ཡིན་པའོ། །རང་སེམས་དེ་ལྟར་རྟོགས་གྱུར་ན། །དེ་ལས་གཞན་མེད་ཆེན་པོ་ཡིན། །བསྐྱེད་རྫོགས་གཉིས་སུ་གསུང་ན་ཡང༌། །ཡུལ་དང་ཡུལ་ཅན་གཉིས་མེད་པས། །སེམས་དང་ལྟ་བ་ཐ་དད་མེད། །གཉིས་མེད་ཟུང་འཇུག་བསྒོམ་པར་བྱ། །ཞེས་བསྲུང་བྱའི་སྡོམ་པ། རྟོགས་བྱའི་ལྟ་བ། ཉམས་ལེན་གདམས་ངག །འཐོབ་བྱ་འབྲས་བུ་རྣམས་བསྟན་པའི་ཉན་རང་བྱང་སེམས་གསང་སྔགས་ཀྱི་ཐེག་པ་གསུམ་པོ་སོ་སོར་ཉམས་སུ་བླངས་པ་ལས། གང་ཟག་ལ་ལ་ཉོན་མོངས་པའི་སྒྲིབ་པ་སྤངས་ཏེ་འཐོབ་བྱ་ཉན་ཐོས་ཀྱི་དགྲ་བཅོམ་པ་དང་རང་སངས་རྒྱས་ཀྱི་འབྲས་བུ་མངོན་དུ་བྱེད་པ་དག་ནི་གྲུབ་མཐའ་དམན་པས་རྟོགས་བྱ་ང་དང་ང་ཡིར་འཛིན་པའི་གང་ཟག་གི་བདག་མེད་པ་ཙམ་རྟོགས་པ་ལས། ཆོས་དང་གང་ཟག་གི་བདག་མེད་པ་གཉིས་ཀ་མ་རྟོགས་པས་ཐེག་པ་ཆུང་ངུའི་ལམ་ཡིན་ཅིང་། བསྲུང་བྱ་སོ་སོ་ཐར་གྱི་སྡོམ་པ་བསྲུང་བར་བྱེད་པ་དང༌། ཉན་རང་དག་ཀྱང་ཉན་རང་གི་གོ་འཕང་ལ་གཏན་གྱི་འགོག་པར་མ་གྱུར་པར་ངལ་སོས་པ་ན། སངས་རྒྱས་ཀྱི་ཐུགས་ཀྱིས་འོད་ཟེར་སྤྲོས་པས། ཉན་རང་ཡིད་ཀྱི་ལུས་ཅན་དག་ལ་རེག་པ་ཙམ་གྱིས། ཟག་མེད་ཀྱི་ཏིང་ངེ་འཛིན་ལས་སད་པར་བྱེད་ཅིང་། སྐུའི་སྣང་བ་བསྟན་ཏེ། གསུང་གིས་འདི་སྐད་དུ། དགེ་སློང་དག་གོ་དེ་ཕྱིར་དེ་རིང་ངས། །འདི་ཙམ་གྱིས་ནི་མྱ་ངན་མི་འདའ་སྟེ། །ཁྱོད་ཀྱིས་ཐམས་ཅད་མཁྱེན་གྱི་ཡེ་ཤེས་ཕྱིར། །བརྩོན་འགྲུས་རླབས་ཆེན་དམ་པ་བསྐྱེད་པར་གྱིས། །ནམ་ཞིག་ཐམས་ཅད་མཁྱེན་གྱི་ཡེ་ཤེས་ཐོབ། །ཅེས་བསྐུལ་བས་ཉན་རང་དག་གིས་བྱང་ཆུབ་ཆེན་པོར་སེམས་བསྐྱེད་དེ། བསྐལ་པ་དཔག་ཏུ་མེད་པར་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པས་ཚོགས་གཉིས་བསགས་པའི་བརྒྱུད་པའི་རྒྱུས་འབྲས་བུ་མཐར་ཐུག་མངོན་པར་རྫོགས་པར་སངས་རྒྱས་པ་ཐོབ་པར་འགྱུར་བ་ནི་དམན་པ་ཉན་རང་གི་ཐེག་པའི་རྣམ་པར་བཞག་པ་ཡིན་ནོ། །
གཉིས་པ་ནི། རྒྱལ་སྲས་སེམས་དཔའ་རྣམས་ཀྱིས་བསྲུང་བར་བྱ་བ་སྤྱོད་འཇུག་ལས། བྱང་ཆུབ་སེམས་དེ་མདོར་བསྡུས་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །ཞེས་པ་ལྟར་འགྲོ་བར་འདོད་པ་ལྟ་བུ་བསམ་པ་སྨོན་པ་སེམས་བསྐྱེད་དང་། དངོས་སུ་འགྲོ་བ་ལྟ་བུ་སྦྱོར་བ་འཇུག་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་སྡོམ་པ་བླངས་ནས། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་དོན་དམ་བྱང་ཆུབ་ཀྱི་སེམས་གཉིས་བྱང་ཆུབ་སེམས་འགྲེལ་ལས། སྙིང་རྗེ་རོ་གཅིག་བསོད་ནམས་གྱུར། །སྟོང་ཉིད་རོ་ནི་མཆོག་གྱུར་པ། །བདག་དང་གཞན་དོན་བསྒྲུབ་དོན་དུ། །གང་འཐུང་དེ་དག་རྒྱལ་སྲས་ཡིན། །ཞེས་དབྱེར་མེད་ཟུང་དུ་འཇུག་པའི་ཉམས་ལེན་གྱི་གཞི་དག་ལ། བསྒྲུབ་པར་བྱ་བ་བཤེས་སྤྲིངས་ལས། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་བསམ་གཏན་དང་། །དེ་བཞིན་ཤེས་རབ་གཞལ་མེད་ཕ་རོལ་ཕྱིན། །འདི་དག་རྒྱས་མཛོད་སྲིད་པའི་རྒྱ་མཚོ་ཡི། །ཕ་རོལ་ཕྱིན་པ་རྒྱལ་བའི་དབང་པོ་མཛོད། །ཅེས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་མདོ་སྡེ་རྒྱན་ལས། སྦྱིན་དང་ཚུལ་ཁྲིམས་བསོད་ནམས་ཀྱི། །ཚོགས་ཡིན་ཤེས་རབ་ཡེ་ཤེས་ཀྱི། །གསུམ་པོ་གཞན་ནི་གཉིས་ཀའི་སྟེ། །ལྔ་ཅར་ཡང་ནི་ཡེ་ཤེས་ཚོགས། །ཞེས་སྦྱིན་ཚུལ་བསོད་ནམས་ཀྱི་ཚོགས་དང། ཤེས་རབ་ཡེ་ཤེས་ཀྱི་ཚོགས། བཟོད་བརྩོན་བསམ་གསུམ་ཚོགས་གཉིས་ཀར་གཏོགས་པའམ། ཡང་ན་ཤེས་རབ་ཡེ་ཤེས་ཀྱི་ཚོགས་དང། གཞན་ལྔ་བསོད་ནམས་ཀྱི་ཚོགས་ཏེ་ཚོགས་གཉིས་སུ་བསྡུས་པ་རབ་ཏུ་བསགས་ཤིང། རྟོགས་པར་བྱ་བ་ཆོས་དང་གང་ཟག་གི་བདག་མེད་གཉིས་པོ་ཚད་མ་ལེའུ་ལྔ་པ་ལས། བདག་གཉིས་ཞེས་པ་ནི། གང་ཟག་གི་བདག་དང་ཆོས་ཀྱི་བདག་གོ །དེ་ལ་གང་ཟག་ནི་གང་ཟག་དང་བདག་དང་བདག་མེད་པའོ། །གང་ཟག་ནི་གཞི་ཕུང་པོ་ཁམས་དང་སྐྱེ་མཆེད་དང་འབྱུང་བ་དང་འབྱུང་བ་ལས་གྱུར་པ་ལ་སོགས་པའོ། །བདག་ནི་ཡུལ་དང་ཡུལ་ཅན་གཉིས་སུ་བཟུང་བའོ། །བདག་མེད་པ་ནི་ཡུལ་རྡུལ་ཕྲན་ཆ་ཤས་སུ་བསིལ་བས་ཤེས་པ་སྐད་ཅིག་མ་ཡང་ཡུལ་བསིལ་བས་ཤེས་པ་ཡང་བསིལ་བར་འདོད་པའོ། །ཆོས་ཀྱི་བདག་ལ་ཡང་ཆོས་དང་བདག་དང་བདག་མེད་པའོ། །ཆོས་ནི་སེམས་ཉིད་སྟོང་པ། བདག་ནི་ཞེན་པ་དངོས་པོར་བཟུང་བས་བདག་ཏུ་བཟུང་བའོ། །དེ་ལྟར་ཡིན་པར་ཡང༌། ཡུམ་ཆེན་མོ་ལས། གཟུགས་ལ་བརྟགས་ཤིང་ཞེན་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པའི་བར་དུའོ། །བདག་མེད་པ་ནི་བདག་སྟོང་པ་ཉིད་དུ་རྟོགས་པའོ། །དེ་ལྟར་ཡང་སེམས་ཀྱི་རང་བཞིན་ནི་སྟོང་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཞེས་གསུངས་སོ། །ཞེས་པ་ལྟར་རྟོགས་པ་ནི་ཐེག་པ་ཆེན་པོ་པ་ཡིན་ལ། བགྲོད་པར་བྱ་བ་རིན་ཆེན་ཕྲེང་བ་ལས། ཇི་ལྟར་ཉན་ཐོས་ཐེག་པ་ལ། །ཉན་ཐོས་ས་ནི་བརྒྱད་བཤད་པ། །དེ་བཞིན་ཐེག་པ་ཆེན་པོ་ལ། །བྱང་ཆུབ་སེམས་དཔའི་ས་བཅུའོ། །དེ་དག་དང་པོར་རབ་དགའ་བ། །བྱང་ཆུབ་སེམས་དཔའ་དགའ་བྱེད་ཕྱིར། །ཀུན་དུ་སྦྱོར་བ་གསུམ་སྤངས་ཤིང༌། །དེ་བཞིན་གཤེགས་པའི་རིགས་སྐྱེས་ཕྱིར། །དེ་ཡི་རྣམ་པར་སྨིན་པས་ན། །སྦྱིན་པའི་ཕ་རོལ་ཕྱིན་མཆོག་འགྱུར། །འཇིག་རྟེན་ཁམས་ནི་བརྒྱ་གཡོ་ཞིང༌། །འཛམ་གླིང་དབང་ཕྱུག་ཆེན་པོར་འགྱུར། །གཉིས་པ་དྲི་མ་མེད་ཅེས་བྱ། །ལུས་དང་ངག་དང་སེམས་ཀྱི་ལས། །བཅུ་ཆར་དྲི་མ་མེད་པའི་ཕྱིར། །ངང་གིས་དེ་དག་ལ་གནས་ཕྱིར། །དེ་ཡི་རྣམ་པར་སྨིན་པས་ན། །ཚུལ་ཁྲིམས་ཕ་རོལ་ཕྱིན་མཆོག་འགྱུར། །དཔལ་ལྡན་རིན་ཆེན་བདུན་གྱི་བདག །འགྲོ་ཕན་འཁོར་ལོས་སྒྱུར་བར་འགྱུར། །སེམས་ཅན་རྣམས་ཀྱི་འཆལ་བའི་ཁྲིམས། །སྤོང་བར་བྱེད་ལ་མཁས་པར་འགྱུར། །ས་གསུམ་པ་ནི་འོད་བྱེད་པ། །ཡེ་ཤེས་ཞི་བའི་འོད་འབྱུང་ཕྱིར། །བསམ་གཏན་མངོན་ཤེས་སྐྱེ་བ་དང༌། །འདོད་ཆགས་ཞེ་སྡང་ཡོངས་ཟད་ཕྱིར། །དེ་ཡི་རྣམ་པར་སྨིན་པས་ནི། །བཟོད་དང་བརྩོན་འགྲུས་ལྷག་པར་སྤྱོད། །ལྷ་ཡི་དབང་ཆེན་མཁས་པ་སྟེ། །འདོད་པའི་འདོད་ཆགས་ཟློག་པ་ཡིན། །བཞི་པ་འོད་འཕྲོ་ཅན་ཞེས་བྱ། །ཡང་དག་ཡེ་ཤེས་འོད་འབྱུང་ཕྱིར། །བྱང་ཆུབ་ཕྱོགས་མཐུན་མ་ལུས་པ། །ཁྱད་པར་དུ་ནི་བསྒོམས་པ་ཡིས། །དེ་ཡི་རྣམ་པར་སྨིན་པས་ནི། །རབ་འཐབ་བྲལ་གནས་ལྷ་རྒྱལ་འགྱུར། །འཇིག་ཚོགས་ལྟ་བ་རབ་བྱུང་བ། །ཀུན་ནས་འཇོམས་བྱེད་མཁས་པ་ཡིན། །ལྔ་པ་ཤིན་ཏུ་སྦྱང་དཀའ་བདུད། །ཀུན་གྱིས་ཤིན་ཏུ་ཐུབ་དཀའི་ཕྱིར། །འཕགས་པའི་བདེན་སོགས་ཕྲ་མོའི་དོན། །ཤེས་ལ་མཁས་པ་འབྱུང་བའི་ཕྱིར། །དེ་ཡི་རྣམ་པར་སྨིན་པས་ནི། །དགའ་ལྡན་གནས་ཀྱི་ལྷ་རྒྱལ་འགྱུར། །མུ་སྟེགས་བྱེད་པ་ཐམས་ཅད་ཀྱི། །ཉོན་མོངས་ལྟ་གནས་ཟློག་བྱེད་པའོ། །དྲུག་ལ་མངོན་ཕྱོགས་ཤེས་བྱ་སྟེ། །སངས་རྒྱས་ཆོས་ལ་མངོན་ཕྱོགས་ཕྱིར། །ཞི་གནས་ལྷག་མཐོང་གོམས་པ་ཡིས། །འགོག་པ་ཐོབ་པས་རྒྱས་པའི་ཕྱིར། །དེ་ཡི་རྣམ་པར་སྨིན་པས་ནི། །ལྷ་ཡི་རྒྱལ་པོ་རབ་འཕྲུལ་འགྱུར། །ཉན་ཐོས་རྣམས་ཀྱིས་མི་འཕྲོགས་པ། །ལྷག་པའི་ང་རྒྱལ་ཅན་ཞི་བྱེད། །བདུན་པ་རིང་དུ་སོང་བ་སྟེ། །གྲངས་ནི་རིང་དུ་སོང་ལྡན་ཕྱིར། །གང་ཕྱིར་སྐད་ཅིག་སྐད་ཅིག་ལ། །དེར་ནི་འགོག་ལ་སྙོམས་པར་འཇུག །དེ་ཡི་རྣམ་པར་སྨིན་པས་ནི། །དབང་སྒྱུར་ལྷ་ཡི་བདག་པོར་འགྱུར། །འཕགས་པའི་བདེན་མངོན་རྟོགས་ཤེས་པའི། །སློབ་དཔོན་ཁྱུ་མཆོག་ཆེན་པོར་འགྱུར། །དེ་བཞིན་བརྒྱད་པ་གཞོན་ནུའི་ས། །མི་གཡོ་བ་དེ་མི་རྟོག་ཕྱིར། །མི་གཡོ་དེ་བཞིན་ལུས་དང་ནི། །ངག་སེམས་སྤྱོད་ཡུལ་བསམ་མི་ཁྱབ། །དེ་ཡི་རྣམ་པར་སྨིན་པས་ནི། །སྟོང་གི་བདག་པོའི་ཚངས་པར་འགྱུར། །དགྲ་བཅོམ་རང་སངས་རྒྱས་སོགས་ཀྱིས། །དོན་གཏན་འབེབས་ལ་འཕྲོགས་པ་མེད། །ས་དགུ་པ་ནི་ལེགས་པ་ཡི། །བློ་གྲོས་ཞེས་བྱ་རྒྱལ་ཚབ་བཞིན། །གང་ཕྱིར་སོ་སོ་ཡང་དག་རིག །ཐོབ་པས་འདི་ལ་བློ་གྲོས་བཟང༌། །དེ་ཡི་རྣམ་པར་སྨིན་པས་ནི། །སྟོང་གཉིས་བདག་པོ་ཚངས་པར་འགྱུར། །སེམས་ཅན་བསམ་པ་དྲིས་པ་ལ། །དགྲ་བཅོམ་སོགས་ཀྱིས་འཕྲོགས་པ་མེད། །བཅུ་པ་ཆོས་ཀྱི་སྤྲིན་ཡིན་ཏེ། །དམ་པ་ཆོས་ཀྱི་ཆར་འབེབས་ཕྱིར། །བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱིས། །འོད་ཟེར་དག་གིས་དབང་བསྐུར་ཕྱིར། །དེ་ཡི་རྣམ་པར་སྨིན་པས་ན། །གནས་གཙང་ལྷ་ཡི་བདག་པོར་འགྱུར། །བསམ་ཡས་ཡེ་ཤེས་ཡུལ་གྱི་བདག །དབང་ཕྱུག་ཆེན་པོ་མཆོག་ཡིན་ནོ། །དེ་ལྟར་བཅུ་པོ་དེ་དག་ནི། །བྱང་ཆུབ་སེམས་དཔའི་ས་བཅུར་བསྒྲགས། །ཞེས་མིང་དང་ངེས་ཚིག་དང་སྐྱེ་བའི་ཁྱད་པར་གྱིས་གསུངས་པའི་ས་དང་། ཚོགས་སྦྱོར་མཐོང་སྒོམ་མི་སློབ་པའི་ལམ་རྣམས་མཐར་ཕྱིན་པས་ཐར་རྒྱན་ལས། ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་དག །ས་དང་ལམ་རྣམས་སུ་སུན་ཕྱུངས་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་མཇུག་ཐོགས་སུ་མ་ལུས་པར་སྤངས་པ་སྟེ། དེ་ཡང་སྙོམས་འཇུག་གི་སྒྲིབ་པ་ལ་སོགས་པ་ནི་སྒྲིབ་པ་གཉིས་པོ་དེའི་དབྱེ་བར་ཟད་པས། གཉིས་པོ་དེ་སྤངས་པས་སྒྲིབ་པ་ཐམས་ཅད་སྤངས་པ་ཡིན་ནོ། །ཞེས་པ་ལྟར་སྒྲིབ་པ་མཐའ་དག་སྤངས་ཤིང་ཡོན་ཏན་མཐའ་དག་རྫོགས་པ་དེ་ལྟའི་དཔའ་ཆེན་བྱང་ཆུབ་སེམས་དཔའ་ལ། ཕྱོགས་བཅུའི་ཞིང་རབ་འབྱམས་ན་བཞུགས་ཤིང་དུས་གསུམ་ན་བྱོན་པའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་མཛོད་སྤུ་ནས་བྱིན་རློབས་ནུས་པའི་བཅུད་བསྡུས་པའི་འོད་ཟེར་བྱུང་བས་འབྲས་བུའི་དབང་བསྐུར་ནས། དེ་ནས་བྱང་ཆུབ་སེམས་དཔའ་འགྲོ་བའི་དོན་དུ་འཐོབ་པར་བྱ་བ་མངོན་སངས་རྒྱས་པ་ནི་རྒྱུ་མཚན་ཉིད་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་རྣམ་པར་བཞག་པ་ཡིན་ནོ། །
གསུམ་པ་ནི། འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ཉིད་ཀྱི་རྣམ་པར་བཞག་པ་ནི། ཞུས་ལན་ཡེ་ཤེས་འོད་ལས། རྒྱུད་སྡེ་བཞི་རུ་གསུངས་པ་དེ། །གང་ཟག་བློ་ཡི་ཁྱད་པར་འཕགས། །སྨིན་གྲོལ་གཉིས་སུ་ཐམས་ཅད་འདུ། །སྨིན་བྱེད་བུམ་དབང་ཆོས་རྣམས་དེ། །གྲོལ་བྱེད་བསྐྱེད་པའི་རིམ་པ་ཡིན། །སྨིན་བྱེད་གསང་དབང་ཆོས་རྣམས་དེ། །གྲོལ་བྱེད་མཚན་བཅས་རྫོགས་རིམ་ཡིན། །སྨིན་བྱེད་གསུམ་པའི་ཆོས་རྣམས་ནི། །གྲོལ་བྱེད་ལྷན་ཅིག་སྐྱེས་པ་ཡིན། །སྨིན་བྱེད་ཚིག་དབང་ཆོས་རྣམས་དེ། །གྲོལ་བྱེད་སྟོང་ཉིད་ཟུང་འཇུག་བསྒོམ། །བློ་དམན་དུས་སུ་སོ་སོར་བསྒོམ། །བློ་མཆོག་ཏུ་གྱུར་པས་བསྐྱེད་རྫོགས་གཉིས། །ལུས་ལྷ་རུ་བསྒོམ་པ་བསྐྱེད་རིམ་སྟེ། །ལུས་ལྷ་རུ་སྣང་བ་རང་སེམས་ཡིན། །རང་སེམས་རྣམ་དག་ཆོས་སྐུ་ཡིན། །དེ་གཉིས་སུ་མེད་པ་ཟུང་འཇུག་སྟེ། །དེ་ལྟར་བསྒོམས་པ་མཆོག་གི་ལམ། །རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་དང༌། །ཡེ་ནས་དག་པའི་ལྷ་སྐུ་ལ། །དབང་བཞིས་སྨིན་དགོས་ཞུ་བ་ནི། །རྡོ་རྗེ་ལུས་ཀྱི་གནས་ལུགས་ནི། །གནས་པ་རྩ་ལ་གཡོ་བ་རླུང༌། །འབུར་དུ་དོད་པ་ཡི་གེ་དང༌། །བཀོད་པ་བྱང་ཆུབ་སེམས་དང་ནི། །མི་ཤིགས་ཐིག་ལེ་ཀུན་གཞི་དང༌། །གནས་ལུགས་ལྔ་དང་རིག་པ་འདི། །རྟེན་དང་བརྟེན་པའི་ཚུལ་དུ་གནས། །གནས་ལུགས་ལྔ་པོ་སྦྱངས་པ་ལས། །རྡོ་རྗེ་ལུས་སུ་སྣང་བ་ཡིན། །དེ་ལ་སྦྱོང་བྱེད་དབང་བཞི་དགོས། །གནས་པ་རྩ་ལ་བུམ་དབང་དགོས། །རྩ་ཁམས་སྦྱངས་པ་ལྷ་ཡི་སྐུ། །གཡོ་བ་རླུང་ལ་ཚིག་དབང་དགོས། །སྲོག་རྩོལ་སྦྱངས་པ་ངོ་བོ་ཉིད། །ཡི་གེ་ལ་ནི་གསང་དབང་དགོས། །རྩ་མདུད་སྦྱངས་པ་གསུང་དབྱངས་དྲུག །བྱང་ཆུབ་སེམས་ལ་གསུམ་པ་དགོས། །ཐིག་ལེ་སྦྱངས་པ་ཆོས་ཀྱི་སྐུ། །མི་ཤིགས་པ་ལ་བཞི་པ་དགོས། །མ་རིག་སྦྱངས་པ་རྣམ་དག་སྐུ། །རྟེན་སྦྱངས་པ་ཡིས་བརྟེན་པ་དག །སྐུ་ལྔ་རོ་གཅིག་རྡོ་རྗེ་འཆང༌། །དེ་དག་འདུས་པ་རྡོ་རྗེའི་སྐུ། །ཡེ་ནས་ལྷ་སྐུ་ཞེས་པ་ནི། །ཕུང་པོ་ལྔ་ནི་རིགས་ལྔ་ཡིན། །རང་ལ་ཡོད་པ་མ་ཤེས་པས། །རིག་པའི་དབང་ལྔ་དགོས་པར་བྱུང༌། །རྡོ་རྗེ་སློབ་དཔོན་དབང་བསྐུར་བས། །ལུས་ནི་མི་བསྐྱོད་རྡོ་རྗེའི་སྐུ། །དབྱེར་མེད་དྲུག་པ་རྡོ་རྗེ་འཆང༌། །དབང་དགོས་པ་ཡི་རྒྱུ་མཚན་ཡིན། །ཞེས་རྡོ་རྗེ་ལུས་ཀྱི་གནས་ལུགས་དང་མཐུན་པའི་སྨིན་བྱེད་ཀྱི་དབང་རྣམས་ཞུས་ཏེ་གྲོལ་བྱེད་ཀྱི་རིམ་པ་བསྒོམས་པས་དག་འབྲས་མངོན་དུ་གྱུར་པ་ཡིན་ཕྱིར། ཐོག་མར་རྒྱུད་སྨིན་པར་བྱེད་པའི་དབང་ལ་བླ་མེད་ལུགས་སུ། དབང་བསྐུར་ས་གཙོ་བོ་ལུས་ལ་བསྐུར་ཞིང་ལུས་ཀྱི་དྲི་མ་སྦྱངས་ནས་ལུས་དག་པར་བྱེད་པ་བུམ་པའི་དབང་དང་། དབང་བསྐུར་ས་གཙོ་བོ་ངག་ལ་བསྐུར་ཞིང་ངག་གི་དྲི་མ་སྦྱངས་ནས་ངག་དག་པར་བྱེད་པ་གསང་བའི་དབང་དང་། དབང་བསྐུར་ས་ཡིད་ལ་བསྐུར་ཞིང་ཡིད་ཀྱི་དྲི་མ་སྦྱངས་ནས་ཡིད་དག་པར་བྱེད་པ་ཤེས་རབ་ཡེ་ཤེས་ཀྱི་དབང་དང་། དབང་བསྐུར་ས་ལུས་ངག་ཡིད་གསུམ་ལ་བསྐུར་ཞིང་སྒོ་གསུམ་གྱི་དྲི་མའི་བག་ཆགས་སྦྱངས་ནས་བསྒྲུབ་བྱ་རྡོ་རྗེ་གསུམ་དབྱེར་མེད་པ་ཚིག་དབང་རིན་པོ་ཆེ་སྟེ་བཞི་ཡོད་པ་རྣམས་སློབ་དཔོན་ལས་ཚུལ་བཞིན་ཐོབ་པར་བྱས་ནས་སྔགས་ཀྱི་དམ་ཚིག་བསྲུང་བ་དང་། རྒྱུད་གྲོལ་བར་བྱེད་པ་བརྟག་གཉིས་ལས། བསྐྱེད་པའི་རིམ་པའི་རྣལ་འབྱོར་གྱི། །བརྟུལ་ཞུགས་ཅན་གྱིས་སྤྲོས་པ་བསྒོམ། །སྤྲོས་པ་རྨི་ལམ་ལྟར་བྱས་ནས། །སྤྲོས་པ་ཉིད་ནི་སྤྲོས་མེད་བྱེད། །ཅེས་རྟེན་དང་བརྟེན་པའི་དཀྱིལ་འཁོར་མེ་ལོང་གི་གཟུགས་བརྙན་ལྟར་གསལ་བར་བསྒོམ་པའི་བསྐྱེད་རིམ་གྱི་རྣམ་གཞག་ནི། ཞུས་ལན་ཡེ་ཤེས་འོད་ལས། བསྐྱེད་རིམ་བསྒོམ་པའི་བྱེ་བྲག་ལ། །ཡང་རབ་སྐད་ཅིག་དྲན་རྫོགས་དང༌། །རབ་ཀྱིས་མངོན་པར་བྱང་ཆུབ་དང༌། །དབང་པོ་འབྲིང་གི་མན་ཆད་ཀྱིས། །ཆོ་ག་གསུམ་བསྐྱེད་བརྫུས་བསྐྱེད་དང༌། །ས་བོན་ལས་བསྐྱེད་རྡོ་རྗེ་རྣམ་བཞི་དང༌། །བསྐྱེད་རིམ་སོ་སོར་མང་གསུངས་ཀྱང༌། །གང་ཟག་བློ་ཡི་བྱེ་བྲག་ཡིན། །དཀྱིལ་འཁོར་གང་དུ་ཞུགས་པ་དང༌། །མེ་ཏོག་གང་དུ་ཕོག་པ་དང༌། །བཀའ་བརྒྱུད་བླ་མ་ཡི་དམ་ལྷ། །དབང་བསྐུར་གང་ཐོབ་བསྒོམ་པ་ཡིན། །ཡི་དམ་མང་བས་བར་ཆད་ཡིན། །གཅིག་ལ་སེམས་ཉིད་གོམས་པར་གྱིས། །རང་སེམས་ལྷ་སྐུར་བརྟན་ཙམ་ན། །སྣང་བ་ལྷ་སྐུར་འཆར་བ་ཡིན། །འོན་ཀྱང་གཟུགས་མཐོང་ལྷ་བསྒོམ་ཞིང༌། །གྲག་པ་ཐམས་ཅད་སྔགས་སུ་ཤེས། །དྲན་རྟོག་ཐམས་ཅད་ཆོས་སྐུར་བསྒོམ། །ཞེས་པ་ལྟར་ཡིན་ཅིང་། བསྐྱེད་རིམ་གྱི་སྤྲོས་པ་རྨི་ལམ་ལྟར་བྱས་ནས་སྤྲོས་མེད་ནམ་མཁའ་ལྟ་བུ་བསྒོམ་པའི་རྫོགས་རིམ་གཉིས་ཀྱི་ལམ་ཉིད་ཉམས་སུ་ལེན་པར་བྱེད་པ་ལ། གཞི་རང་གི་ལུས་བཀའ་བཞིའི་གདམས་པ་ལས། ལུས་དངོས་ལ་བཞི། ཟག་པ་དང་བཅས་པའི་ལུས་ཤ་ཁྲག་གི་གདོས་བཅས་དང༌། ཟག་པ་དང་བཅས་པའི་ཡིད་ཀྱི་ལུས་དང༌། ཟག་པ་མེད་པའི་ལུས་དང༌། ཡེ་ཤེས་ཀྱི་ལུས་དང་བཞིའོ། །གདོས་བཅས་ཀྱི་ལུས་ནི་འབྱུང་བཞི་ཤ་ཁྲག་ལས་གྲུབ་པ་འདི་ཤི་ཙ་ན་འཇོག་པ་ཡིན། ཟག་པ་ནི་ཉོན་མོངས་པའམ་ལུས་སུ་བཟུང་བའི་ཞེན་པ་དང་བཅས་པའོ། །ཟག་པ་དང་བཅས་པའི་ཡིད་ཀྱི་ལུས་ནི། ངའི་ལུས་སྙམ་དུ་ཡིད་ཀྱིས་འཛིན་པའོ། །ཤི་ནས་བར་དོ་འཁྱམས་པའི་དུས་ན་ཡང་ངའི་ལུས་སྙམ་དུ་ཡོད་དུ་སྟོན་པས་བར་དོའི་ལུས་ཀྱང་ལེན་པའོ། །ཟག་པ་ནི་ང་ཡི་ལུས་སྙམ་དུ་ཞེན་ཅིང་ཆགས་པའོ། །ཟག་པ་མེད་པ་ནི་ཟག་བཅས་གཉིས་ཀྱིས་གང་དུ་ཡང་མ་དམིགས་པ་ཞེན་པ་དང་འཛིན་པ་མེད་པའོ། །ཡེ་ཤེས་ཀྱི་ལུས་ལ་གཉིས། ལམ་གྱི་དུས་སུ་ཏིང་ངེ་འཛིན་དང་ལྡན་པའི་ལུས་དང༌། འབྲས་བུའི་དུས་སུ་མྱ་ངན་ལས་འདས་པའི་སྐུར་སྣང་བའོ། །ཏིང་ངེ་འཛིན་ལ་ཐེག་པ་འོག་མ་དང༌། ཕ་རོལ་ཏུ་ཕྱིན་པའི་ལུས་མི་རྟག་པ་དང་མི་གཙང་བའི་རྫས་སུ་བསྒོམ། གསང་སྔགས་ལས་ཡི་དམ་ལྷར་བསྒོམ། མྱ་ངན་ལས་འདས་པ་ནི། འབྲས་བུ་སྐུ་བཞི་མངོན་དུ་བྱེད་པའོ། །ཞེས་པ་དང་། ངག་ཀྱང་བཀའ་བཞིའི་གདམས་པ་ལས། ངག་དངོས་ལ་བཞི། ཟག་པ་དང་བཅས་པའི་ངག་ལྷང་ལྷང་པོ་གདོས་བཅས་དང་། ཟག་པ་དང་བཅས་པའི་ཡིད་ཀྱི་ངག་དང༌། ཟག་པ་མེད་པའི་ངག་དང༌། ཡེ་ཤེས་ཀྱི་ངག་དང་བཞིའོ། །ཟག་བཅས་ཀྱི་ངག་ནི། འབྱུང་བ་བཞི་ཡི་རླུང་དང༌། མགྲིན་པ་དང༌། ཁ་དང༌། ལྕེ་དང༌། ངག་ལྷང་ལྷང་པོ་ཉིད་ཤི་ཙམ་ན་འཇོག་པས་འབྲལ་རྒྱུ་ཅན་ཡིན་ནོ། །ཟག་པའམ་ཉོན་མོངས་པའམ་ངག་ཏུ་འཛིན་པའི་ཞེན་པ་དང་བཅས་པའོ། །ཟག་པ་དང་བཅས་པ་ཡིད་ཀྱི་ངག་ནི། ངའི་ངག་སྙམ་དུ་ཡིད་ཀྱིས་འཛིན་པའོ། །ཤི་ན་བར་དོར་འཁྱམས་པའི་དུས་ན་ཡང་ངའི་ངག་སྙམ་དུ་ཡོད་དུ་སྟོན་པས་སྲོག་འཛིན་པར་བྱེད་པའི་རླུང་ལ་གནས། བར་དོའི་དུས་ན་ཡང་ངའི་ངག་སྙམ་དུ་ཡོད་དུ་འཛིན་པའོ། །ཟག་པ་ནི་ངའི་ངག་སྙམ་དུ་ཞེན་ཅིང་ཆགས་པའོ། །ཟག་པ་མེད་པ་ནི་ཟག་བཅས་གཉིས་ཀྱིས་གང་དུ་ཡང་མ་དམིགས་པ་ཞེན་པ་དང་འཛིན་པ་མེད་པའོ། །ཡེ་ཤེས་ཀྱི་ངག་ལ་གཉིས། ལམ་གྱི་དུས་སུ་ཏིང་ངེ་འཛིན་དང་ལྡན་པའི་ངག་དང༌། འབྲས་བུའི་དུས་སུ་མྱ་ངན་ལས་འདས་པའི་སྐུར་སྣང་བའོ། །ཏིང་ངེ་འཛིན་ལ་ཐེག་པ་འོག་མ་དང༌། ཕ་རོལ་ཏུ་ཕྱིན་པའི་ཐེག་པས་ངག་མི་རྟག་པར་བསྒོམ། འདོན་ཟློས་དང་ཁ་ཏོན་ལ་སོགས་པ་ཉམས་སུ་ལེན། གསང་སྔགས་ཀྱི་ངག་གྲག་སྟོང་ཡི་དམ་གྱི་ལྷའི་སྙིང་པོ་བགྲང་བའོ། །ཞེས་གསུངས་པ་དང་། རྒྱུ་གནས་བྱེད་པ་ལས་དང་ཡེ་ཤེས་ཀྱི་རླུང་དང་། གནས་པ་རྩ་གཙོ་བོ་དང༌རྩ་ཕྲན། འབུར་དུ་དོད་པ་ཡི་གེ་རྩ་ཨ་བ་དྷཱུ་ཏིའི་མར་སྣར་ཨ་ཐུང་དང༌། ལྟེ་བར་ཨ། སྙིང་གར་ཧཱུྃ། མགྲིན་པར་ཨོཾ། སྤྱི་བོར་ཧཾ་སོགས་ཏེ། བཀའ་བཞིའི་གདམས་པ་ལས། སྣང་སྲིད་འཁོར་འདས་གཉིས་ཆོས་རྣམས། །ཡི་གེ་མེད་པ་གཅིག་ཀྱང་མེད། །ཕྱེ་ན་ཡི་གེ་གྲངས་ལས་འདས། །བསྡུ་ན་ཡི་གེ་ཨ་རུ་འདུས། །ཨ་ནི་དོན་དམ་སྐྱེ་མེད་ཡིན། །ཞེས་གསུངས་ཤིང། བཀོད་པ་བྱང་ཆུབ་ཀྱི་སེམས་དཀར་དམར་དང་། སྙིང་ག་ཆོས་ཀྱི་འཁོར་ལོ་ན་གསེར་ཞུན་མ་ལ་ཉི་མའི་འོད་ཀྱིས་རྒྱབ་པ་ལྟ་བུ་ཁ་དོག་ཕྱོགས་གཅིག་ཏུ་གྲུབ་པ་མེད་པ་ཀུནྡྷ་བྱང་ཆུབ་སེམས་ཀྱི་ཐིག་ལེ་དྭངས་མའི་དྭངས་མ་དང་དབྱེར་མི་ཕྱེད་པར་གནས་པའི་མི་ཤིགས་པ་ཡི་ཐིག་ལེ་སྟེ་རྡོ་རྗེ་ལུས་ཀྱི་གནས་ལུགས་ཚང་བ་དེར། ཕྱི་ཡི་མཐུན་རྐྱེན་ཡུལ་དུས་སོགས་དང་ནང་གི་ཉམས་ལེན་རླུང་སྦྱོར་སོགས་གདམས་ངག་གནད་ཀྱི་རྟེན་འབྲེལ་འགྲིགས་པ་དང༌། ཕྱི་ཡི་ཡུལ་རྣམས་སྣང་སྟོང་དང་། ནང་གི་ཤེས་པ་རིག་སྟོང་དང་། བར་གྱི་ཚོར་བ་བདེ་སྟོང་སྟེ་ཆོས་ཐམས་ཅད་ཟུང་འཇུག་གཉིས་སུ་མེད་པར་རྟོགས་པའི་ལྟ་བ་ཡིས། གདམས་པ་ཡོན་ཏན་སྐྱབས་ལས། སྣང་བ་ལྷར་འཆར། སྣང་བ་ལྷར་སྣང་བ་དེ་སེམས་ལྷར་སྣང་བ་ཡིན། ཡུལ་ལྷར་སྣང་བ་དེ་ཡུལ་ལྷར་སྣང་བ་མིན། སེམས་ལྷར་སྣང་བ་ཡིན། ལྷར་སྣང་བའི་སེམས་དེ་མིན་པའི་སེམས་ཤིག་ལོགས་ན་མེད། སེམས་ལྷར་སྣང་བ་དེ་སྟོང་པ་ཡིན། སྟོང་པ་ལོགས་ན་བསྒོམ་མི་དགོས། ལྷན་སྐྱེས་ཀྱང་དེ་ལ་ཟེར་བ་ཡིན། བསྐྱེད་རྫོགས་ཟུང་འཇུག་ཀྱང་དེ་ལ་ཟེར་བ་ཡིན། ཞེས་ལྷར་སྣང་སེམས་ལས་ལོགས་སུ་མེད་པའི་སྣང་སྟོང་དང་། ཞུས་ལན་ཡེ་ཤེས་འོད་ལས། ཉམས་སུ་ལེན་པའི་དུས་ཚོད་དུ། །མཉམ་པར་བཞག་ནས་གསལ་ན་བསྒོམ། །མ་གསལ་ཐུག་འཕྲད་གཅེར་མཐོང་དུ། །ལྷ་རུ་གསལ་བ་རང་སེམས་ཡིན། །སེམས་གདོད་ནས་དག་པ་སྤྲོས་བྲལ་དང༌། །དེ་གཉིས་སུ་མེད་པ་ཟུང་འཇུག་ཡིན། །ཉམས་ལེན་དེ་ལས་བདེ་བ་མེད། །ཅེས་བསྐྱེད་རིམ་སྒོམ་པ་མ་གསལ་ནའང་ཐུག་ཕྲད་གཅེར་མཐོང་གིས་ལྷར་སྣང་སེམས་ཉིད་དུ་ཤེས་པའི་བསྐྱེད་རྫོགས་ཡ་མ་བྲལ་བར་བསྒོམས་པས་སཾ་བུ་ཏྲི་ལས། གནས་ནི་རབ་ཏུ་དགའ་བའི་ས། །དེ་བཞིན་ཉེ་གནས་དྲི་མ་མེད། །ཞིང་ནི་འོད་བྱེད་ཤེས་པར་བྱ། །ཉེ་བའི་ཞིང་ནི་འོད་འཕྲོ་ཅན། །ཚན་དྷོ་མངོན་དུ་གྱུར་པ་སྟེ། །ཉེ་བའི་ཚན་དྷོ་སྦྱང་དཀའ་བ། །འདུ་བ་རིང་དུ་སོང་བ་ཉིད། །ཉེ་བའི་འདུ་བ་མི་གཡོ་བ། །དུར་ཁྲོད་ལེགས་པའི་བློ་གྲོས་ཉིད། །ཉེ་བའི་དུར་ཁྲོད་ཆོས་ཀྱི་སྤྲིན། །ཞེས་པའི་གསང་སྔགས་བླ་མེད་ལུགས་ཀྱི་ས་དང་ལམ་རྣམས་མ་ལུས་པ་རབ་ཏུ་བགྲོད་པས་སྤང་བྱའི་སྒྲིབ་པ་སད་རྨི་གཉིད་འཐུག་སྙོམས་འཇུག་གི་དྲི་མ་རྣམས་བྱང་ཞིང་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཐམས་ཅད་རྫོགས་པའི་ས་དེར་གནས་པའི་བྱང་ཆུབ་སེམས་དཔའ་དེ་ཉིད་གནས་འོག་མིན་སྟུག་པོ་ཉམས་དགའི་ཕོ་བྲང་དུ་ལུས་ལྷུན་རྫོགས་གོས་དང་བཅས་པར་བརྫུས་ཏེ་སྐྱེས་པ་ལ། རང་གི་སློབ་དཔོན་ཕྱོགས་བཅུ་དུས་གསུམ་དུ་ཕེབས་པའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་བྱིན་རློབས་ནུས་པའི་བཅུད་འདུས་བདག་ཉིད་ཀྱིས། ཡེ་ཤེས་རང་སྣང་གི་རིག་མ་ལ་བསྟེན་པའི་འབྲས་བུའི་དབང་བསྐུར་བས། འཐོབ་བྱ་མཐར་ཐུག་སྐུ་གསུམ་ཐ་དད་དུ་དབྱེར་མེད་པ་ལོངས་སྤྱོད་རྫོགས་པའི་སྐུ་རིགས་དྲུག་པ་རྡོ་རྗེ་འཆང་དུ་མངོན་སངས་རྒྱས་ཏེ། སློབ་ལམ་གྱི་མཐར་གནས་པའི་རིགས་མཐུན་སེམས་དཔའ་ལ་སོགས་པའི་གདུལ་བྱ་སེམས་ཅན་ཐམས་ཅད་ལ་བྱ་སྤྱོད་རྣལ་འབྱོར་བླ་མེད་ཀྱི་རྒྱུད་སྡེ་བཞི་ལ་སོགས་པའི་ཆོས་ཀྱི་འཁོར་ལོ་རྒྱུན་ཆད་པ་མེད་པ་བསྐོར་བར་མཛད་པ་ཡིན་ནོ། །
གཉིས་པ་བསྟན་འཛིན་སྐྱེས་བུས་སྐྱོང་ཚུལ་ལ། བཀའ་བསྡུ་མཛད་པ། བསྟན་རྒྱུན་སྐྱོང་ཚུལ་ལོ། །དང་པོ་ནི། གོང་དུ་བཤད་པ་དེ་ལྟར་སངས་རྒྱས་ཀྱི་བཀའ་ནི་གདུལ་བྱ་དམན་མཆོག་གི་བློ་ལ་བལྟོས་པའི་རྒྱས་བསྡུས་མཐའ་ཡས་པ་ལ། ཐེག་དམན་གྱི་སྡེ་སྣོད་རྣམས་ནི་སྟོན་པ་མཆོག་ཟུང་འཁོར་དགྲ་བཅོམ་པ་དུ་མ་དང་བཅས་མྱ་ངན་ལས་འདས་པའི་ཕྱི་ལོར་དགྲ་བཅོམ་པ་འོད་སྲུངས་ཆེན་པོ་ལ་སོགས་པའི་དགེ་སློང་རྣམས་མ་ག་དྷཱའི་ནྱ་གྲོ་དྷའི་ཕུག་ཏུ་འདུས་ནས། ཀུན་དགའ་བོས་མདོ་སྡེ་དང་། ཉེ་བར་འཁོར་གྱིས་འདུལ་བ། འོད་སྲུངས་ཆེན་པོས་མངོན་པ་སྟེ་བཀའ་བསྡུ་དང་པོ་མཛད་ཅིང་། རྒྱུ་ཚན་ཉིད་ཐེག་པའི་སྡེ་སྣོད་རྣམས་ནི། ཡུལ་མ་ག་དྷཱ་ན་གྲོང་ཁྱེར་རྒྱལ་པོའི་ཁབ་ཀྱི་ལྷོ་ཕྱོགས། བི་མ་ལ་སམ་བྷ་བ་ཞེས་བྱ་བའི་རི་ལ་བྱང་ཆུབ་སེམས་དཔའ་རྣམས་འདུས་ཏེ། ཕྱག་ན་རྡོ་རྗེས་མདོ་སྡེ་དང། བྱམས་པས་འདུལ་བ། འཇམ་དཔལ་གྱིས་མངོན་པ་རྣམས་བསྡུས། འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་སྡེ་སྣོད་མཐའ་དག་ནི་ཕྱག་ན་རྡོ་རྗེའི་རྣམ་འཕྲུལ་འདྲ་མིན་གྱིས་བསྡུས་པ་སྟེ་ཚིག་དོན་ལ་མཁས་པའི་དགྲ་བཅོམ་པ་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས། བདེ་བར་གཤེགས་པ་སངས་རྒྱས་ཀྱི་བཀའ་ཡི་དགོངས་པ་ལྷག་ཆད་མེད་པ་བསྡུ་བར་མཛད་དོ། །
གཉིས་པ་ལ། མཁས་པ་པཎྜི་ཏས་སྐྱོང་ཚུལ། རྟོགས་ལྡན་བླ་མས་སྐྱོང་ཚུལ་ལོ། །དང་པོ་ནི། སངས་རྒྱས་ཀྱིས་གསུངས་ཤིང་དགྲ་བཅོམ་པ་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡང་དག་པར་བསྡུས་པའི་བསྟན་པའི་རྒྱུན་སྐྱོང་བ་ལ་སངས་རྒྱས་གཉིས་པ་ལྟ་བུར་གྱུར་པའི་ཐུགས་རྗེ་དང་ཕྲིན་ལས་ཅན་གྱི་རྟོགས་ལྡན་བླ་མ་རྣམས་དང་། མཁས་པ་པཎྜི་ཏ་རྣམས་ཡོད་པ་ལས་མཁས་པ་དག་གིས་བསྟན་པའི་རྒྱུན་སྐྱོང་ཚུལ་ནི། སངས་རྒྱས་ཀྱི་བཀའ་ལ་གཞན་གྱིས་ཡང་དག་པ་ཡིན་མིན་བརྗོད་པའི་རྩོད་པ་སྤོང་བ་དང༌། རྒྱལ་བའི་བཀའ་དང་རྗེས་འཇུག་མཁས་པའི་བསྟན་བཅོས་ཀྱི་ཁྱད་པར་བསྟན་པ་དང༌། ལམ་ལོག་པར་འཕྱན་པའི་ཕྱི་རོལ་མུ་སྟེགས་བྱེད་དང་ཡོད་མེད་དུ་ཞེན་པ་རྟག་ཆད་ཀྱི་ལྟ་བ་ལོག་པ་རྣམས་ལུང་རིགས་ཡང་དག་གིས་དགག་པ་དང༌། བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་ཚིག་དོན་གོང་འོག་འགལ་བ་དག་ལ་ལུང་རིགས་ཀྱི་གནོད་པ་བསྟན་ཏེ་བརྒལ་བ་དང༌། གང་ཟག་སོ་སོའི་ཁམས་དབང་མོས་པའི་བློ་ཡི་བྱེ་བྲག་གིས་ཁས་ཆེ་བའི་གྲུབ་མཐའ་ལ་གོལ་ས་གཅོད་ཅིང་དོན་གྱི་གནས་ཚུལ་ཇི་བཞིན་རྟོགས་པ་ལ་མཁས་པ་ཡིས། ལམ་ནོར་བ་གཞན་གྱི་གཞུང་ལུགས་དགག་བྱ་རྣམ་པར་ཚར་གཅོད་པ་དང༌། ལམ་ཡང་དག་རང་གི་གཞུང་ལུགས་ཀྱི་བསྒྲུབ་བྱ་རྣམས་ཡོངས་སུ་སྒྲུབ་པར་བྱེད་པ་ཡི་གཞལ་བྱེད་མངོན་སུམ་དུ་ཤེས་པའི་ཚད་མ་དང་རྒྱུ་མཚན་གྱི་རྗེས་སུ་དཔག་པས་ཤེས་པའི་ཚད་མ་ཡིས། བདེ་གཤེགས་སངས་རྒྱས་ཀྱི་བཀའ་ཡི་དོན་བསླབ་པ་དང་། ཚིག་སྡེ་སྣོད་རྣམས་ནི་མ་ནོར་བ་ཇི་ལྟ་བ་བཞིན་གཏན་ལ་འབེབས་པར་མཛད་པ་ཡི་དོན་མཆོག་ཏུ་གྱུར་པའི་ལམ་རྣམས། གང་ཟག་གཞན་གྱིས་ཐོས་བསམ་བསྒོམ་པས་ཉམས་སུ་བླངས་པས་ནི། ས་ལམ་རིམ་འཕར་གྱིས་ནོན་ཅིང་ཉོན་ཤེས་ཀྱི་སྒྲིབ་པ་དག་པ་དང་ཚོགས་གཉིས་ཡོངས་སུ་རྫོགས་པས་རང་དང་གཞན་གྱི་དོན་གྲུབ་པ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱེད་པ་ཡི་ཆེད་ཀྱིས། ཆོས་སྤྱི་དང་རང་གི་མཚན་ཉིད་ལས། ཆོས་རྣམས་སྤྱི་ཡི་མཚན་ཉིད་ནི། །གྲུབ་མཐའི་བྱེ་བྲག་ཐམས་ཅད་ལ། །དགག་སྒྲུབ་རང་གཞུང་སྐྱོང་བ་དང༌། འཁོར་བ་སྤོང་ཞིང་མྱང་འདས་སྒྲུབ། །ཆོས་རྣམས་རང་གི་མཚན་ཉིད་ནི། །རྒྱུ་འབྲས་རྟེན་ཅིང་འབྲེལ་འབྱུང་ལ། །རང་སེམས་རྟོགས་པ་ཤེས་རབ་ཀྱིས། །ཐབས་རྣམས་ཉམས་སུ་ལེན་པ་ཡིན། །ཞེས་གྲུབ་མཐའི་དགག་སྒྲུབ་དང་རྒྱུ་འབྲས་རྟེན་འབྱུང་གི་ཆོས་གདུལ་བྱ་ལ་སྟོན་པར་མཛད་པའི་བཀའ་ཡི་འགྲེལ་པ་དང་ནི་རང་གི་བསྟན་བཅོས་དང་གཞན་པའི་གཞུང་ལ་ཊཱིཀ་མཛད་པ་ནི་བསྟན་པ་ཡང་དག་པར་འཛིན་པ་ཡིན་པས་ན་མཁས་པ་ཁྱེད་རྣམས་ལ་ནི་ཏི་ཤྲི་རས་པ་བདག་གིས་ཕྱག་འཚལ་ལོ་ཞེས་ལྷ་དང་བཅས་པའི་ཕྱག་ཡུལ་དུ་བསྟན་པ་ཡིན་ནོ། །