བསྟན་བཅོས་ཡོན་ཏན་རིན་པོ་ཆེ་ཀུན་ཏུ་འོད་ཀྱི་ཊཱིཀ་སྙིང་པོ་གསལ་བ་ཞེས་བྱ་བ་བཞུགས་སོ། ། 1

2014-04-25

~~བསྟན་བཅོས་ཡོན་ཏན་རིན་པོ་ཆེ་ཀུན་ཏུ་འོད་ཀྱི་ཊཱིཀ་སྙིང་པོ་གསལ་བ་ཞེས་བྱ་བ་བཞུགས་སོ། །
དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཟབ་གསལ་སྙིང་པོའི་གསེང་ལམ་སྙེགས་པས་ན། །ཚེ་ལུས་གཅིག་ལ་ཟུང་འཇུག་གོ་འཕང་མཆོག །བརྙེས་པས་འགྲོ་ལ་འཆི་མེད་དཔལ་སྟེར་བ། །བཀའ་བརྒྱུད་གྲུབ་པའི་ཚོགས་ལ་གུས་པས་འདུད། །བླ་མའི་དྲིན་གྱིས་སེམས་ཉིད་ངོ་བོ་མཐོང། །མངོན་ཤེས་རྫུ་འཕྲུལ་འགྲོ་ལ་ཚེགས་མེད་སྟོན། །ཕྲིན་ལས་འོད་ཀྱིས་ས་ཆེན་ཁྱབ་མཛད་པ། །ཏི་ཤྲི་རས་པ་སྙིང་གི་དབུས་ན་རོལ། །ཐ་མལ་ཤེས་པ་ཕྱག་རྒྱ་ཆེན་པོའི་དོན། །མོས་གུས་ལམ་གྱིས་རྟོགས་པའི་ཉམས་མྱོང་དག །རྣལ་འབྱོར་བཞི་རུ་ཕྱེས་པའི་རྡོ་རྗེའི་མགུར། །ཚིག་དང་དོན་གྱི་སྙིང་པོ་གསལ་བར་བྱ། །དེ་ཡང་སྔོན་སྦྱངས་ལས་འཕྲོ་སད་པས་འབའ་རོམ་དར་མ་དབང་ཕྱུག་སོགས་གྲུབ་པ་ཐོབ་པའི་བླ་མ་མང་པོའི་ཞབས་རྡུལ་སྤྱི་བོས་བླངས་པའི་གདམས་པ་དག་ཐོས་བསམ་སྒོམ་པས་ཉམས་སུ་བླངས་ཏེ་མཆོག་གི་དངོས་གྲུབ་ཉམས་འོག་ཏུ་ཚུད་པའི་ཕྲིན་ལས་ཀྱིས་མི་ཉག་རྒྱལ་པོའི་དབུ་བླར་ཕེབས་པས་འགྲོ་མགོན་ཏི་ཤྲི་རས་པ་ཞེས་མཚན་ཉི་ཟླ་ལྟར་གྲགས་པ་གང་གི་ཐུགས་ཉམས་ལས་འཁྲུངས་པའི་དོ་ཧ་རྡོ་རྗེའི་མགུར་གྱི་ཚིག་དང་དོན་གྱི་སྙིང་པོ་གསལ་བར་བྱ་བ་ལ།
ཐོག་མར་དགེ་བ་ཀླད་ཀྱི་དོན། བར་དུ་དགེ་བ་གཞུང་གི་དོན། ཐ་མར་དགེ་བ་མཇུག་གི་དོན་ནོ། །དང་པོ་ལ། མཚན་བཏགས་པ། མཆོད་པར་བརྗོད་པ། བཤད་པར་དམ་བཅའ་བ། བསྟེན་པར་གདམས་པའོ། །དང་པོ་ནི། རྣམ་བཤད་རིགས་པ་ལས། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང༌། །ངན་འགྲོ་སྲིད་ལས་སྐྱོབ་པ་གང་ཡིན་ཏེ། །འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་གདུལ་བྱའི་ཉོན་མོངས་པ་འཆོས་ཤིང་སྲིད་པ་ལས་སྐྱོབ་པའི་མཆོག་གི་བསྟན་བཅོས་འདི་ཉིད་ལ་དད་བརྩོན་ཤེས་རབ་ཀྱིས་འཇུག་པའི་གདུལ་བྱ་རྣམས་ཀྱི་རྒྱུད་ལ་མཆོག་དང་ཐུན་མོང་གི་ཡོན་ཏན་རིན་པོ་ཆེ་དག་ཚེགས་མེད་དུ་ཐོབ་ཅིང་དུས་ཀུན་ཏུ་ཕྲིན་ལས་ཀྱི་འོད་འཕྲོ་བས་འགྲོ་བའི་དོན་བྱེད་ཅེས་བྱ་བ་བཞུགས་པའི་དབུ་ཕྱོགས་ལགས་སོ། །
གཉིས་པ་ནི། བླ་མ་གང་གི་ཐབས་མཁས་དང་བྱིན་རློབས་ཀྱི་དྲིན་གྱིས་བདག་དང་སེམས་ཅན་རྣམས་བདེ་བ་ཆེན་པོའི་སྐུ་ཐོབ་པར་བྱེད་པར་གྱུར་པའི་འདས་མ་འོངས་ད་ལྟའི་དུས་གསུམ་གྱི་བླ་མ་དང་རྒྱལ་བ་རྫོགས་པའི་སངས་རྒྱས་དང་སྲས་ཐེག་པ་ཆེ་ཆུང་གི་ལམ་ལ་ཞུགས་པ་དང་བཅས་པ། དངོས་གྲུབ་སྩོལ་བའི་ཡི་དམ་གྱི་ལྷ་དང་། ཕྲིན་ལས་སྒྲུབ་པའི་དཔའ་བོ་མཁའ་འགྲོ་རྣམས་དང༌། བར་ཆད་སེལ་བའི་ཆོས་སྐྱོང་སྲུང་མ་སོགས་མཆོད་པར་འོས་པ་ཐམས་ཅད་ལ་ལུས་ངག་ཡིད་ཀྱི་གུས་པར་འདུད་པས་ཕྱག་འཚལ་ཞིང་དང་བའི་བློས་སྙིང་ནས་སྐྱབས་སུ་མཆི་བའོ། །
གསུམ་པ་ནི། གུས་པས་ཕྱག་འཚལ་བ་དང་སྐྱབས་སུ་སོང་བའི་བདེན་པ་དེ་ཡིས་ནམ་མཁའ་དང་མཉམ་པའི་འགྲོ་བ་སེམས་ཅན་དག་ལ་ཕན་པར་མཛད་པའི་བྱེད་ལས་ཅན། རྒྱུད་བླ་མ་ལས། གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་ཞིང་། །ཁམས་གསུམ་ཀུན་ནས་ཉོན་མོངས་སྤོང་བྱེད་གསུང་། །ཞི་བའི་ཕན་ཡོན་སྟོན་པར་མཛད་པ་གང་། །དེ་ནི་དྲང་སྲོང་གསུང་ཡིན་བཟློག་པ་གཞན། །ཞེས་བརྗོད་པར་བྱ་བའི་དོན་དང་ལྡན་ལ། རྗོད་པར་བྱེད་པའི་ཆོས་རྣམས་ཕན་ཚུན་ཕན་འདོགས་པའི་ཚུལ་གྱིས་ཉེ་བར་འབྲེལ་བ། དེ་ལ་བརྟེན་ནས་ཁམས་གསུམ་གའི་ཉོན་མོངས་རྣམས་རྣམ་པ་ཀུན་ནས་སྤོང་བར་བྱེད་ཅིང་། ཞི་བ་མྱ་ངན་ལས་འདས་པའི་ཕན་ཡོན་སྟོན་པར་བྱེད་པའི་རྒྱལ་བའི་བཀའ་དང་། ཡང་། གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི །དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། །ཐར་པ་ཐོབ་པའི་ལམ་དང་རྗེས་མཐུན་པར། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླང་། །ཞེས་སྟོན་པ་སངས་རྒྱས་ཉིད་ཀྱིས་གསུང་པའི་ལུང་གི་དབང་དུ་བྱས་ནས་བརྗོད་ཅིང། ཕྱི་རོལ་པའི་ལུགས་ལ་སེམས་རྣམ་པར་གཡེང་བ་མེད་པའི་ཡིད་ཅན་གྱིས་བཤད་པ། ཐར་པ་ཐོབ་པའི་ལམ་དང་རྗེས་སུ་མཐུན་པར་བསྟན་པ་རྗེས་འཇུག་མཁས་པའི་བསྟན་བཅོས་དང་། རང་བྱིན་བརླབ་ཡིག་སྣ་ལས། མན་ངག་ཅེས་པ་ནི། ཚིག་ཉུང་ལ་དོན་འདྲིལ་ཞིང་གནད་དུ་ཕོག་པས་ན་མན་ངག་ཅེས་པའོ། །ཞེས་པའི་མན་ངག་སྟེ། གདམས་པ་ཡོན་ཏན་སྐྱབས་ལས། ཐུབ་པས་གསུངས་པ་རབ་འབྱམས་སྡེ་སྣོད་ཆོས་རྣམས་དང༌། །མཁས་པ་རྣམས་ཀྱིས་བཀྲལ་བའི་བསྟན་བཅོས་མཐའ་དག་དང༌། །བླ་མ་རྣམས་ཀྱིས་རྟོགས་པ་ཉམས་མྱོང་གདམས་ངག་རྣམས། །གྲུབ་མཐའ་གང་ཟག་འགའ་ཞིག་མ་གཏོགས་ཆོས་རྣམས་ཀུན། །རང་སེམས་རྟོགས་ན་སངས་རྒྱས་ཡིན་པར་ཐམས་ཅད་བཞེད། །ཅེས་བཀའ་བསྟན་མན་ངག་རྣམས་ཀྱི་བསྟན་བྱའི་སྙིང་པོའི་བཅུད་དུ་གྱུར་པ། སཱ་ལུའི་ལྗང་པའི་མདོ་ལས། དགེ་སློང་དག་སུས་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བ་དེས་ཆོས་མཐོང་ངོ་། །སུས་ཆོས་མཐོང་བ་དེས་སངས་རྒྱས་མཐོང་ངོ་། །ཞེས་པ་ལྟར་གྱི་རྒྱལ་བའི་གསུང་གི་སྙིང་པོ་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་གྱི་གནད་འགག་གི་གཟེར་ཏེ། རང་གི་སེམས་ཉིད་ཀྱི་གནས་ལུགས་རྟོགས་པའི་ལྟ་བ་གོམས་པས་ཉམས་སུ་བླངས་པས་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱེད་པའི་བསྟན་བཅོས་འདི་ཉིད། འབའ་རོམ་དར་མ་དབང་ཕྱུག་སོགས་རྩ་བའི་བླ་མ་དག་གིས་གསུངས་པའི་དོན་ཟབ་མོ་རྣམས་བསྡུས་ཏེ་བྲི་བར་བྱ་ཞེས་དམ་བཅས་པའོ། །
བཞི་པ་ནི། སྡུག་བསྔལ་ལས་ཚེགས་མེད་གྲོལ་བར་བྱེད་པའི་གདམས་པ་ཡོད་པས་ན་ཨེ་མ་ཞེས་ངོ་མཚར་བའི་ཚིག་གིས་བོས་ཏེ། སྤྱིར་ནམ་མཁའ་དང་མཉམ་པའི་སེམས་ཅན་རྣམས་དང་། ཁྱད་པར་ཟབ་མོའི་ཆོས་ཀྱི་སྣོད་མཆོག་ཏུ་གྱུར་པའི་གང་ཟག །ཞུས་ལན་མུ་ཏིག་ཕྲེང་བ་ལས། བདག་ཉིད་ལས་འཕྲོ་འཛོམ་ཞེས་པ། །དགེ་བའི་བག་ཆགས་གོམས་ན་ཡིན། །ཞེས་ཚེ་རབས་སྔ་མ་རྣམས་སུ་ཆོས་ཉམས་སུ་བླངས་པའི་ལས་འཕྲོ་ཅན་དག་ཚུར་ལ་གཤེགས་ཏེ། ཕྲིན་ལས་ཀྱི་གདུལ་བྱར་བབ་པའི་སློབ་མ་རྣམས་ཀྱིས་གྲུབ་པ་ཐོབ་པའི་བླ་མ་གོང་མ་དག་གིས་བརྩེ་བས་གསུངས་པའི་ཟབ་ཆོས་རྒྱལ་བ་རྡོ་རྗེ་འཆང་གི་གདམས་པ་དྲི་མ་མེད་པ་གསང་བའི་ཡང་སྙིང་ལས། ཡི་དམ་རྩ་བའི་དཀྱིལ་འཁོར་ཡིན། །གདམས་ངག་ནཱ་རོའི་ཆོས་དྲུག་ཡིན། །ལྟ་བ་ཕྱག་རྒྱ་ཆེན་པོ་ཡིན། །བསྒོམ་པ་གཉུག་མ་རྒྱུན་པ་ཡིན། །སྤྱོད་པ་དུས་དང་འབྲེལ་བ་ཡིན། །འབྲས་བུ་སྐུ་གསུམ་ལྷུན་གྲུབ་ཡིན། །ཆོས་སྐྱོང་བྱ་རོག་མིང་ཅན་ཡིན། །ཞེས་ཡི་དམ་ཆོས་སྐྱོང་གདམས་ངག་དང་། ལྟ་སྒོམ་སྤྱོད་པ་འབྲས་བུར་བཅས་པ་འདི་དག་ཐོས་བསམ་སྒོམ་པས་བསྟེན་པར་གྱིས་ཤིག་དང་ཚེ་ལུས་འདི་ཉིད་དུ་མཆོག་གི་དངོས་གྲུབ་མངོན་དུ་བྱེད་པར་འགྱུར་རོ། །
གཉིས་པ་བར་དུ་དགེ་བ་གཞུང་གི་དོན་ལ། ཆོས་ཀྱི་བྱུང་ཚུལ་བསྟན་པ། ཕྱག་ཆེན་སྒོམ་པའི་ལམ་རིམ་མོ། །དང་པོ་ལ། བྱུང་ཚུལ་དངོས་དང་། བསྟན་པའི་དགོས་པའོ། །དང་པོ་ལ། སྟོན་པ་སངས་རྒྱས་བྱོན་ཚུལ། གདུལ་བྱས་ཉམས་ལེན་བྱ་ཚུལ། བསྟན་པ་དམ་ཆོས་བྱུང་ཚུལ་ལོ། །དང་པོ་ནི། ཕྱོགས་བཅུའི་འཇིག་རྟེན་ཁམས་ཀྱི་ཞིང་ཁམས་རབ་འབྱམས་ཐམས་ཅད་དུ་སྤངས་རྟོགས་མཐར་ཕྱིན་པའི་སངས་རྒྱས་གྲངས་སུ་བརྩི་རུ་མེད་ཅིང་བློས་དཔག་ཏུ་མེད་པ་བྱོན་ན་ཡང༌། བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་སྟོང་རྩ་གཉིས་འབྱོན་པར་གསུང་པ་ལས། སྤྱོད་འཇུག་ལས། དེ་བས་སྐྱོ་ངལ་ཀུན་སེལ་བའི། །བྱང་ཆུབ་སེམས་ཀྱི་རྟ་ཞོན་ནས། །བདེ་ནས་བདེ་བར་འགྲོ་བ་ལ། །སེམས་ཤེས་སུ་ཞིག་སྒྱིད་ལུག་འགྱུར། །ཞེས་པ་ལྟར་རྒྱུ་བདེ་བ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་བརྟེན་ནས་འབྲས་བུ་བདེ་བ་སངས་རྒྱས་ཀྱི་སར་གཤེགས་པའི་རྒྱལ་བ་ཤཱཀྱ་ཐུབ་པ་ནི། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ་བསྐལ་པ་གྲགས་མེད་གསུམ་དུ་དམིགས་བཅས་བསོད་ནམས་ཀྱི་ཚོགས་དང་དམིགས་ཡེ་ཤེས་ཀྱི་ཚོགས་གཉིས་པོ་རབ་ཏུ་རྫོགས་ཏེ་ས་བཅུ་ལམ་ལྔ་མཐར་ཕྱིན་ནས། ཡོངས་སུ་བསྒྱུར་བ་བསམ་གྱིས་མི་ཁྱབ་པའི་འཆི་འཕོས། ཇི་སྐད་དུ། ཤེས་རབ་ཆེན་པོས་ས་མཐར་ཕྱིན། །གོས་ཀྱི་དབང་ནི་ཐོབ་གྱུར་ཅིང༌། །འོག་མིན་སྟུག་པོ་ཉམས་དགའ་བར། །བློ་གྲོས་ཆེན་པོས་བཞུགས་པར་འགྱུར། །ཞེསས་པ་ལྟར། གནས་འོག་མིན་སྟུག་པོ་ཆོས་ཀྱི་ཕོ་བྲང་དུ་ཀུན་རྫོགས་གོས་དང་བཅས་པ་པདྨ་ལས་བརྫུས་ཏེ་སྐྱེས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་འདུས་ནས་དབང་བསྐུར། རྫོགས་ལྡན་གྱི་དུས་སུ་མངོན་པར་སངས་རྒྱས་ནས། ལོངས་སྤྱོད་རྫོགས་པའི་སྐུའི་ཐུགས་ཀ་ནས་རྣམ་སྣང་མི་བསྐྱོད་རིན་འབྱུང་འོད་དཔག་དོན་གྲུབ་ཀྱི་རིགས་ལྔར་སྤྲུལ། རི་རབ་ཀྱི་སྟེང་དུ་བྱོན་ཏེ་རིགས་ལྔས་གསང་བའི་ཡང་སྙིང་ལས། ཐུབ་པ་ཡང་དག་སངས་རྒྱས་ཀྱིས། །རྡོ་རྗེ་ཐེག་པ་གསུངས་པ་དེ། །སེམས་ཅན་ལུས་ངག་ཡིད་གསུམ་ལ། །ཟབ་པའི་ཆོས་རྣམས་ཡོད་པ་དེ། །རང་གཞན་རྐྱེན་གྱིས་གསང་བ་ཡིན། །ཞེས་པའི་གསང་སྔགས་གསུངས། སླར་རིགས་ལྔ་ལོངས་སྤྱོད་རྫོགས་པའི་ཐུགས་ཀར་ཐིམ་ནས། ཇི་སྐད་དུ། དེ་ནས་རྒྱལ་བ་རྡོ་རྗེ་འཆང་། །ཀུན་མཆོག་སྲིད་པའི་དབང་ཕྱུག་གིས། །འཁོར་ལོ་འདི་ནི་བརྟགས་བྱས་ནས། །རྣལ་འབྱོར་ཅང་ནི་མི་གསུང་བཞུགས། །ཞེས་པ་ལྟར། བསྐལ་པ་སུམ་ལྡན་དང་གཉིས་ལྡན་གཉིས་ལ་ཆོས་མ་གསུང༌། རྩོད་ལྡན་རང་གི་བསྟན་པའི་དུས་སུ་དམ་པ་ཏོག་དཀར་པོར་སྤྲུལ་ནས་དགའ་ལྡན་གྱི་སྟོན་པ་མཛད། མཐར་པྲོག་ཞུ་མགོན་པོ་བྱམས་པ་ལ་བསྐོན་ནས་རྒྱལ་ཚབ་དུ་དབང་བསྐུར། རི་རབ་ཀྱི་སྟེང་དུ་བྱོན། གླང་པོ་ཆེ་ཐལ་ཀ་མཆེ་བ་དྲུག་ལྡན་དུ་སྤྲུལ་ཏེ། འཛམ་བུའི་གླིང་དུ་ཡུམ་སྒྱུ་མ་ལྷ་མཛེས་ཀྱི་ལྷུམས་སུ་ཞུགས། ཡབ་རྒྱལ་པོ་ཟས་གཙང་མའི་རྒྱལ་བུ་དོན་གྲུབ་ཏུ་སྐུ་སྐྱེ་བ་བཞེས། མ་ག་དྷཱ་རྡོ་རྗེའི་གདན་དུ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་འདུས་ནས་འོད་ཟེར་གྱིས་དབང་བསྐུར་བས་སངས་རྒྱས་ཏེ་སྤྲུལ་སྐུ་ཤཱཀ་ཐུབ་ཏུ་བྱོན། བཀའ་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་ནས་མྱ་ངན་ལས་འདས་སོ། །
གཉིས་པ་ལ། གང་གིས་ཉམས་སུ་ལེན་པ། ཇི་ལྟར་ཉམས་སུ་ལེན་པའོ། །དང་པོ་ནི། བསྐལ་བཟང་གི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་ཡི་བསྟན་པ་མངོན་པ་མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་དང༌། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་ལུང་སྡེ་སྣོད་ལ་འཆད་ཉན་དང་ལམ་བསླབ་པ་ལ་ཉམས་ལེན་གྱིས་དར་ཞིང་རྒྱས་པའི་དུས་སུ། མདོ་དྲན་པ་ཉེར་བཞག་ལས། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ཀླ་ཀློ་ཚེ་རིང་ལྷ་དང་ནི། །ལོག་ལྟ་སངས་རྒྱས་ཀྱིས་སྟོངས་པ། །ལྐུགས་པ་འདི་དག་མི་ཁོམ་བརྒྱད། །ཅེས་པའི་མི་ཁོམ་པ་བརྒྱད་དང་བྲལ་བའི་དལ་བ་དང་། ཇི་སྐད་དུ། མི་ཉིད་དབུས་སྐྱེས་དབང་པོ་ཚང་། །ལས་མཐའ་མ་ལོག་གནས་ལ་དད། །ཅེས་པའི་རང་གི་འབྱོར་བ་ལྔ་དང་། སངས་རྒྱས་འཇིག་རྟེན་དུ་བྱོན་པ་དང་། དམ་པའི་ཆོས་བསྟན་པ་དང་། ཆོས་བསྟན་པ་རྣམས་གནས་པ་དང་། ཆོས་གནས་པ་རྣམས་ཀྱི་རྗེས་སུ་འཇུག་པ་དང་། གཞན་གྱི་ཕྱིར་སྙིང་བརྩེ་བར་བྱེད་པ་ཡོད་པའི་གཞན་གྱི་འབྱོར་བ་ལྔ་སྟེ་འབྱོར་བ་བཅུ་ཚང་བ། ཐར་རྒྱན་ལས། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་ཆོས་མཐུན་པ་སྟེ། རྙེད་པར་དཀའ་བས་ན་རིན་པོ་ཆེ་ཞེས་བྱའོ། །ཕན་འདོགས་ཆེ་བས་ན་རིན་པོ་ཆེ་ཞེས་བྱའོ། །ཞེས་པ་ལྟར་གྱི་རིན་ཆེན་མི་ལུས་ཤིན་ཏུ་རྙེད་པར་དཀའ་བ་སྤྱོད་འཇུག་ལས། དལ་འབྱོར་འདི་ནི་རྙེད་པར་ཤིན་ཏུ་དཀའ། །སྐྱེས་བུའི་དོན་སྒྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་འདི་ཡང་དག་འབྱོར་པར་ག་ལ་འགྱུར། །ཞེས་པ་ཐོབ་པ་དང༌། ཞུས་ལན་མུ་ཏིག་ཕྲེང་བ་ལས། སྐལ་ལྡན་རྣམས་ཀྱིས་མཐོང་ཐོས་པ། །ཆོས་ཟབ་སྣོད་དུ་གྱུར་པ་དེ། །ཐོག་མེད་དུས་ཀྱི་ལས་འབྲེལ་དེས། །ཆོས་ལ་ལས་འཕྲོ་སད་པ་ཡིན། །ཞེས་རང་གི་ཚེ་རབས་གོང་མ་རྣམས་སུ་ཆོས་ལ་གོམས་པའི་སྣང་བ་ཚེ་འདིར་སད་པ་ཡིས་སྤྱོད་འཇུག་ལས། ཇི་ལྟར་མཚན་མོ་མུན་ནག་སྤྲིན་རུམ་ན། །གློག་འགྱུ་སྐད་ཅིག་རབ་སྣང་སྟོན་པ་ལྟར། །དེ་བཞིན་སངས་རྒྱས་མཐུ་ཡིས་བརྒྱ་ལམ་ན། །འཇིག་རྟེན་བསོད་ནམས་བློ་གྲོས་ཐང་འགའ་འབྱུང༌། །ཞེས་པ་ལྟར་རང་ཆོས་གཤའ་མར་བྱེད་པའི་བསམ་པ་སྐྱེས་ཤིང། རྒྱ་ཆེན་རོལ་པའི་མདོ་ལས། སྲིད་གསུམ་མི་བརྟན་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་ལྟ་དང་མཚུངས། །འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ། །ཞེས་པ་ལྟར་གྱི་སྐྱེ་ཤི་མི་རྟག་འཁོར་བའི་སྡུག་བསྔལ་དང༌། བཤེས་སྤྲིངས་ལས། འཇིག་རྟེན་མཁྱེན་པ་རྙེད་དང་མ་རྙེད་དང་། །བདེ་དང་མི་བདེ་སྙན་དང་མི་སྙན་དང་། །བསྟོད་སྨད་ཅེས་བགྱི་འཇིག་རྟེན་ཆོས་བརྒྱད་པོ། །བདག་གི་ཡིད་ཡུལ་མིན་པར་མགོ་སྙོམས་མཛོད། །ཅེས་པའི་འཇིག་རྟེན་ཆོས་བརྒྱད་སོགས་ཚེ་འདིའི་མགོ་སྐོར་བསླུ་བྲིད་ལ་སྐྱོ་བ་གཏིང་ནས་སྐྱེས་ཤིང་སྐད་ཅིག་ཀྱང་མི་ཆགས་པས། བདག་རང་དང་སེམས་ཅན་གཞན་གཉིས་ཀྱི་གནས་མཐར་གྱི་དོན་ཆེན་རྣམས་འབྱུང་བ་ཡིན་ནོ། །ལར་ཆོས་གཤའ་མར་བྱེད་པའི་གང་ཟག་དེ་ནི། མཁའ་ལྟར་ཕ་མཐའ་ཡས་པའི་སེམས་ཅན་ཀུན་གྱི་ནང་ནས་མཆོག་ཏུ་གྱུར་པ་ཞང་གི་ལམ་མཆོག་མཐར་ཐུག་ལས། རྒྱུ་བདེ་ལམ་བདེ་འབྲས་བུའི་དུས་སུ་བདེ། །མྱ་ངན་འདས་པའི་རྟེན་འབྲེལ་དང་རེ་སྤྲོ། །རྒྱུ་དང་ལམ་དང་འབྲས་བུར་སྡུག་བསྔལ་བའི། །ཁམས་གསུམ་འཁོར་བའི་སྡུག་བསྔལ་ཞེ་རེ་འཇིགས། །དེ་བས་འཁོར་བའི་འདམ་ནས་བྲོས་ནས་ནི། །མྱ་ངན་འདས་པའི་སྐམ་ས་ཅིས་མི་བསྙག །མྱ་ངན་འདས་པའི་ཆོས་ལ་གང་སྤྲོ་དེ། །ཐོག་མར་ཆོས་ལ་ཞུགས་མ་ཐག་ནས་ཀྱང༌། །དད་པས་དགེ་བའི་ཕྱོགས་སུ་བློ་སོང་བས། །བཞིན་མདོག་ངན་ཡང་ཀུན་གྱི་ཡིད་འོང་ན། །བཞིན་ལྡན་ཆོས་ལ་ཞུགས་རྣམས་སྨོས་ཅི་དགོས། །སྙན་གྲགས་སྤངས་ཀྱང་ཀུན་གྱིས་སྙན་པ་སྒྲོག །བཀུར་བསྟི་སྤངས་ཀྱང་ཀུན་གྱིས་བཀུར་བར་བྱེད། །དམན་ས་བཟུང་ཡང་ཀུན་གྱིས་གོང་དུ་ཁུར། །སྡུག་བསྔལ་བསྒྲུབས་ཀྱང་མི་ཚེ་སྐྱིད་ལ་སྐྱེལ། །དབུལ་པོར་གྱུར་ཀྱང་ལོངས་སྤྱོད་ཡོ་ལང་བྱེད། །ལྟོ་གོས་འབད་པ་མེད་པར་ཞོར་ལ་འབྱུང༌། །གཅིག་པུར་བྲོས་ཀྱང་འཁོར་སློབ་ཚོགས་དང་འཕྲད། །བསྐྲད་པ་མེད་ཀྱང་ལོག་འདྲེན་བགེགས་རྣམས་འབྲོས། །བོས་པ་མེད་ཀྱང་ལྷ་དང་ཆོས་སྐྱོང་འདུ། །ཆགས་སྡང་ང་རྒྱལ་སོགས་ཀྱིས་ཀུན་བསླད་ནས། །ཁྲམ་ཟོལ་གཡོ་སྒྱུ་གཙོ་བོར་སྤྱད་བྱས་ཀྱང༌། །ཐོས་པ་ལ་སོགས་དགེ་བྱས་དམ་དུམ་ཀུན། །ཆུད་མ་ཟ་བར་ཡོན་ཏན་ཚོད་ཀ་ལ། །ལོངས་སྤྱོད་བྱེད་པ་རྣམས་ལ་མངོན་སུམ་གཟིགས། །ང་རྒྱལ་ལ་སོགས་ཉོན་མོངས་མཉམ་པོ་ལ། །ཐོས་པ་བག་ཙམ་བྱས་དེས་མི་ཆེན་བྱེད། །དགེ་བའི་གཟུགས་བརྙན་དམ་དུམ་སྤྱོད་པ་ཡི། །ཡོན་ཏན་དམ་དུམ་ཀུན་ཀྱང་མི་སླུ་ན། །དམ་ཆོས་གཤའ་མར་སྤྱོད་རྣམས་སྨོས་ཅི་དགོས། །ཞེས་གསུངས་པ་ལྟར་ཡིན་པས། གང་ཟག་དེ་ནི་མཐར་ཐུག་མངོན་པར་རྫོགས་པར་སངས་རྒྱས་པས། གང་ཟག་དེ་ལ་ཏི་ཤྲི་རས་པ་བདག་ཀྱང་ངོ་མཚར་སྐྱེས་པ་ཡིན་ཕྱིར། ཞུས་ལན་མུ་ཏིག་ཕྲེང་བ་ལས། ཆོས་གཅིག་གཤའ་མར་བྱེད་གྱུར་ན། །ཅི་ཙུག་བྱ་ཞེས་ཞུས་པ་ནི། །འཆི་དང་མི་རྟག་ཤེས་བྱས་ལ། །འཁོར་བ་མཐའ་དག་ཡིད་བྱུང་སྟེ། །རྒྱུ་འབྲས་ལས་ལ་རྩིས་བྱེད་ཅིང༌། །ཐེག་ཆེན་རྩ་བར་གྱུར་པ་ནི། །བྱང་ཆུབ་སེམས་ལ་བློ་སྦྱོང་ཞིང༌། །སྨིན་གྲོལ་གཉིས་ཀྱི་ལམ་ཉིད་ལ། །བསྐྱེད་རྫོགས་གནད་ནི་མ་འཆུག་པ། །ཚུལ་བཞིན་ཉམས་སུ་ལེན་ན་ཡིན། །ཞེས་འདུས་བྱས་མི་རྟག་པར་ཤེས་པས་འཁོར་བ་མཐའ་དག་ལས་ཡིད་བྱུང་སྟེ། ལས་འབྲས་བསླུ་བ་མེད་པ་ལ་ཡིད་ཆེས་པས་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱོང་ཞིང་། སྨིན་གྲོལ་གྱི་ལམ་རྣམས་ཉམས་སུ་ལེན་པའི་ཆོས་གཤའ་མ་གཅིག་གྱིས་ཤིག་ཅེས་སྐལ་ལྡན་རིགས་ཀྱི་བུ་རྣམས་ལ་གདམས་པར་མཛད་དོ། །
གཉིས་པ་ལ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། ཀྱེ་མ་ཞེས་སྐལ་བ་དང་ལྡན་པའི་གང་ཟག་དག་ལ་བོས་ཏེ་རང་གིས་ཆོས་ཀྱི་བྱེད་ལུགས་མ་ནོར་བ་གསང་བའི་ཡང་སྙིང་ལས། ཆོས་གཅིག་གཤའ་མར་བྱེད་ལུགས་ནི། །མི་དགེ་སྐད་ཅིག་མི་སྐྱེ་བར། །སྐྲ་དང་ཨོག་ཙོམ་མི་བསྲེ་བར། །ཚུལ་ཁྲིམས་གཙང་དང་ལྡན་པ་ཡིས། །བྱང་ཆུབ་སེམས་ཉིད་སྦྱོང་བ་དང༌། །བསྐྱེད་རྫོགས་མཉམ་རྗེས་མེད་པ་དང༌། །དགེ་བསྔོ་སྨོན་ལམ་འདེབས་བྱེད་ན། །ཆོས་ཀྱི་བྱེད་ལུགས་མ་ནོར་ཡིན། །ཞེས་མི་དགེ་བ་སྤངས་པས་ཚུལ་ཁྲིམས་གཙང་མར་བསྲུངས་ཤིང་། བྱང་ཆུབ་སེམས་ལ་བློ་སྦྱོང་བ་དང༌། བསྐྱེད་རྫོགས་ཉམས་སུ་བླངས་པའི་དགེ་བ་གཞན་དོན་དུ་བསྔོ་བ་ཡོང་བར་བྱེད་པ་ལ་ཉམས་སུ་ལེན་པའི་སློབ་མ་རང་དང་། གདམས་ངག་འབོགས་པའི་བླ་མ་དང་། བཤད་བྱའི་གདམས་ངག་ཚད་དང་ལྡན་པ་སྟེ་དེ་གསུམ་འཛོམས་པ་ལས་གནས་མཐར་གྱི་ཡོན་ཏན་ཐམས་ཅད་འབྱུང༌བ་ཡིན་ནོ། །
གཉིས་པ་ལ། གདུལ་བྱ་སློབ་མ། བསྟེན་བྱ་བླ་མ། བླང་བྱ་དམ་ཆོས་སོ། །དང་པོ་ནི། དེ་ཡང་ཐོག་མར་སློབ་མ་རང་ཉིད་ཚད་དང་ལྡན་པ་ཞིག་དགོས་ཏེ། གལ་ཏེ་བླ་མ་དང་ཆོས་ལ་དད་པ་མེད་ཅིང་ཆོས་ཉམས་སུ་ལེན་པའི་ཐབས་དང་ཆོས་ཀྱི་གནས་ཚུལ་ཤེས་པ་དང་མི་ལྡན་པའི་གང་ཟག་སྐྱོན་ཅན་གྱིས། ཚད་ལྡན་བླ་མའི་མཚན་ཉིད་ཇི་འདྲ་ཡིན་པ་མི་ཤེས་པས། བླ་མ་ཚད་ལྡན་མི་རྙེད་པར་ལམ་ལོག་པར་འཁྲིད་པའི་བཤེས་ངན་དང་འཕྲད་པར་འགྱུར་ཞིང་། གལ་ཏེ་བླ་མ་ཚད་དང་ལྡན་པ་རྙེད་པར་གྱུར་ཀྱང་སྐུ་གསུང་ཐུགས་ཀྱི་དམ་ཚིག་དང་ཉམས་ཏེ་ངན་སོང་དུ་འགྲོ་བར་འགྱུར་བ་དེས་ན་སློབ་མ་རང་ཉིད་ཤུགས་འབྱུང་འགག་མེད་ལས། གཞི་དད་པ། རྟེན་ཚུལ་ཁྲིམས། གྲོགས་བརྩོན་འགྲུས། གཞན་དོན་བྱང་སེམས། ལམ་བསྐྱེད་རྫོགས། སྤྱོད་པ་དཀར་པོ་ཆིག་ཐུབ། འབྲས་བུ་སངས་རྒྱས། ཞེས་པའི་ཚད་དང་ལྡན་པར་བྱ་བ་ལ། རྒྱུད་བླ་མ་ལས། རང་བྱུང་རྣམས་ཀྱི་དོན་དམ་དེ། །དད་པ་ཉིད་ཀྱིས་རྟོགས་བྱ་ཡིན། །ཉི་མའི་དཀྱིལ་འཁོར་འོད་འབར་བ། །མིག་མེད་པས་ནི་མཐོང་བ་མེད། །ཅེས་པས་བླ་མ་དང་ཆོས་ལ་དད་པ་ཅན་དང་། བཤེས་སྤྲིངས་ལས། ཁྱོད་ཀྱི་ཚུལ་ཁྲིམས་མ་ཉམས་མོད་མི་དམའ། །མ་འདྲེས་མ་སྦགས་པ་དག་བསྟེན་པར་མཛོད། །ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས། །ཞེས་ཡོན་ཏན་ཀུན་གྱི་གཞི་རྟེན་དུ་གསུངས་པའི་ཚུལ་ཁྲིམས་ཀྱི་སྡོམ་པ་དང་ལྡན་ཞིང་ཆོས་ཀྱི་གནས་ཚུལ་མཁས་ལ་སྒྲིན་པ། བླ་མ་ལ་དད་གུས་སེམས་གཏིང་ནས་ཡོད་པས་སྲི་ཞུ་སྒྲུབ་པའི་ཐབས་ལ་མཁས་པ། གཤིས་སྤྱོད་ཆོས་དང་མི་མཐུན་པའི་སྐྱོན་མེད་ཅིང་དམ་ཆོས་སྒྲུབ་པའི་ཡོན་ཏན་དང་ལྡན་ལ། རྣམ་པ་ཀུན་ཏུ་གལ་ཆེ་བ་དབུ་མ་ལ་འཇུག་པ་ལས། ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཤིང་། །སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང་། །བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ། །གང་ཕྱིར་བརྩེ་ཉིད་རྒྱལ་བའི་ལོ་ཐོག་ཕུན་ཚོགས་འདིའི། །ས་བོན་དང་ནི་སྤེལ་ལ་ཆུ་འདྲ་ཡུན་རིང་དུ། །ལོངས་སྤྱོད་གནས་ལ་སྨིན་པ་ལྟ་བུར་འདོད་གྱུར་པ། །དེ་ཕྱིར་བདག་གིས་ཐོག་མར་སྙིང་རྗེ་བསྟོད་པར་བགྱི། །ཞེས་འཕགས་པ་རྣམས་གང་ལས་འབྱུང་བའི་རྒྱུའི་གཙོ་བོ་རིས་མེད་པའི་སེམས་ཅན་ལ་སྙིང་རྗེ་ཆེ་བ་ཞིག་དགོས་ཏེ། དམ་ཆོས་དཀར་པོ་ཟངས་ཡག་ལས། དད་དང་བརྩོན་འགྲུས་ཤེས་རབ་ཆེ། །ཚུལ་ཁྲིམས་དམ་ཚིག་གཙང་ལྡན་ལ། །ཡོན་ཏན་ཐམས་ཅད་སྐྱེ་བ་ཡིན། །ཞེས་གསུངས་སོ། །
གཉིས་པ་ནི། སྤྱིར་བླ་མ་ལ་ཡོན་ཏན་རྒྱལ་ལ་གདམས་པ་ལས། ཕྱི་སྣང་བ་སྣ་ཚོགས་དཀར་དམར་འདི། །ཆོས་ཉིད་སྟོན་པའི་བླ་མ་ཡིན། །ནང་སེམས་ཉིད་སྤྲོས་དང་བྲལ་བ་འདི། །ཆོས་སྐུ་སྟོན་པའི་བླ་མ་ཡིན། །གསང་བ་བདེ་སྟོང་ཉམས་མྱོང་འདི། །ཞེན་པ་གཅོད་པའི་བླ་མ་ཡིན། །བུ་བླ་མ་བསྟེན་ན་དེ་ལྟར་བསྟེན། །ཞེས་ཕྱི་ཡི་སྣང་བ་དང་། ནང་གི་སེམས་ཉིད། གསང་བ་ཉམས་མྱོང་ལ་བླ་མར་གསུངས་པ་ལྟ་བུའི་བླ་མའི་རྣམ་གཞག་གཞན་པ་ཡོད་ནའང། བརྒྱུད་པའི་བླ་མའི་མཚན་ཉིད་རང་བྱིན་བརླབ་ཡིག་སྣ་ལས། ཡང་དག་པའི་བླ་མ་དེ་ཅི་ལྟ་བུ་ཞིག་ཡིན་སྙམ་ན། རྩ་བ་ཅན་རྣམ་པ་བཞི་དང་ལྡན་པ་ཞིག་དགོས་པ་ཡིན། བླ་མ་གདམས་ངག་གི་རྩ་བ་ཅན། གདམས་ངག་བརྒྱུད་པའི་རྩ་བ་ཅན། བརྒྱུད་པ་བྱིན་རློབས་ཀྱི་རྩ་བ་ཅན། བྱིན་རློབས་མོས་གུས་ཀྱི་རྩ་བ་ཅན་ཞེས་གསུངས། དེ་ཡང་བླ་མ་གདམས་ངག་གི་རྩ་བ་ཅན་ཞེས་པ་ནི། སློབ་མའི་རྒྱུད་ཚོད་ལ་མཁས་ཤིང་དེ་དང་མཐུན་པའི་གདམས་ངག་སྣ་ཚོགས་ཤེས་པ་གཅིག་དགོས། ཤེས་པ་ཙམ་གྱིས་མི་ཕན། གདམས་ངག་བརྒྱུད་པའི་རྩ་བ་ཅན་ཞེས་སྨོས་ཏེ། གདམས་ངག་དེ་ཡང་རང་དགར་བྱས་པ་མ་ཡིན་པ་དང༌། བརྒྱུད་པ་བར་ཆད་པ་མ་ཡིན་པ་གཅིག་དགོས། བརྒྱུད་པ་བར་མ་ཆད་པ་ཙམ་གྱིས་མི་ཆོག་སྟེ། བརྒྱུད་པ་བྱིན་རློབས་ཀྱི་རྩ་བ་ཅན་ཞེས་སྨོས་ཏེ། བཀའ་བརྒྱུད་ཀྱི་བླ་མ་དེ་རྣམས་ཀྱང་ཉམས་མྱོང་དང་རྟོགས་པར་ལྡན་ཞིང་བྱིན་རློབས་ཀྱི་ལམ་མངོན་སུམ་དུ་བྱས་པ་གཅིག་དགོས། བྱིན་རློབས་དེ་ཡང་མོས་གུས་ལ་རག་ལས་པ་ཡིན་པས། བྱིན་རློབས་མོས་གུས་ཀྱི་རྩ་བ་ཅན་ཞེས་སྨོས་ཏེ། བླ་མ་གོང་མ་རྣམས་ལ་མོས་གུས་གཤའ་མ་བྱས་ཤིང་ལམ་འདི་ཉམས་སུ་བླངས་ཏེ་བྱིན་རློབས་བརྙེས་པའོ། །དེ་ལྟར་རྩ་བ་ཅན་བཞི་དང་ལྡན་པ་དེ་ནི་ཡང་དག་པའི་བླ་མ་དམ་པ་ཞེས་ཀྱང་བྱ། ཡང་དག་པའི་དགེ་བའི་བཤེས་གཉེན་ཞེས་ཀྱང་བྱའོ། །ཞེས་པས། དམ་ཆོས་སྟོན་པའི་སྣོད་དང་ལྡན་ཞིང་བླང་དོར་ལ་མཁས་པའི་ཤེས་རབ་ཅན་གྱིས་བླ་མ་ནི། གསང་བའི་ཡང་སྙིང་ལས། ཡང་དག་བླ་མ་གང་ཞེ་ན། །ཆད་ཁུངས་རྡོ་རྗེ་འཆང་ཆེན་ཡིན། །བརྒྱུད་པ་ཏཻ་ལོ་ནཱ་རོ་ཡིན། །ལོ་ཙཱ་མར་པ་བློ་གྲོས་ཡིན། །ཡང་མྱེས་མི་ལ་རས་པ་ཡིན། །མྱེས་པོ་དྭགས་པོ་ལྷ་རྗེ་ཡིན། །བླ་མ་དཔལ་ལྡན་འབའ་རོམ་པ། །བཀའ་བརྒྱུད་བླ་མ་བྱིན་རློབས་ཅན། །ཞེས་པ་ལྟར་རྒྱལ་བ་རྡོ་རྗེ་འཆང་ནས་རྩ་བའི་བླ་མ་སྟེ་བསྟན་བཅོས་ཞལ་ཏ་ལས། རྩ་བའི་བླ་མ་དེ་རང་སེམས་གང་ལ་བསྟེན་ནས་རྟོགས་པ་དེ་ཡིན། ཞེས་རང་སེམས་ངོ་སྤྲོད་པའི་བླ་མའི་བར་དུ་སེམས་ཀྱི་གནས་ལུགས་རྟོགས་པའི་དོན་གྱི་བརྒྱུད་པ་དང་ལྡན་ཞིང༌། ཡིད་ཆེས་པའི་ལུང་དང་རྒྱུ་མཚན་ལྡན་པའི་རིགས་པ། དོན་ཟབ་མོ་རྟོགས་པར་བྱེད་པའི་གདམས་ངག་ཆེ་ཞིང་རྒྱུད་ལ་བསྟར་བའི་ཉམས་རྟོགས་བཟང༌བ། གཞན་གྱི་ངག་ལས་ཐོས་པ་དང་། རང་གིས་བསམ་གཞིག་བྱས་པ། གོམས་པར་བྱེད་པའི་སྒོམ་པ་གསུམ་གྱི་ཡོན་ཏན་ཀུན་ལ་མཁས་པ། གནས་མཐར་གྱི་བདེ་ལེགས་ཐམས་ཅད་ཐོབ་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཀུན་གྱི་གཏེར་མཛོད་དུ་གྱུར་པ། སྡུག་བསྔལ་ལས་སྒྲོལ་བས་འགྲོ་བ་ཀུན་གྱི་སྐྱབས་གནས་གཅིག་ཆོག་ཡིན་ཅིང་ཐུགས་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་ཅན། བླ་མ་རང་ཉིད་རྫོགས་པའི་སངས་རྒྱས་ཀྱི་ཆོས་ལས་གསུངས་པའི་སྤྱོད་པ་སོ་བྱང་སྔགས་ཀྱི་ལམ་དང་མཚུངས་པ། བསྟེན་པའི་སློབ་མ་རྣམས་ལ་བླ་མ་དེ་ཡི་ཡོན་ཏན་འབྱུང༌བར་ནུས་པ་དེ་འདྲའི་མཚན་ཉིད་དང་ལྡན་པའི་བླ་མ་དམ་པ་འབད་པས་བཙལ་ལ་བསྟེན་དགོས་ཀྱི། རྣམ་མང་གི་ཤེས་བྱའི་ཐོས་པ་མང་ཡང་དོན་ཟབ་མོ་རྟོགས་པ་ལ་ཤིན་ཏུ་རྨོངས་ཤིང་ལམ་ཕྱིན་ཅི་ལོག་པར་འཁྲིད་པར་བྱེད་པའི་བཤེས་གཉེན་མཁན། དོན་ཟབ་མོའི་མདོ་རྩ་མེད་པ་མང་དུ་སྨྲ་བ་ལ་མཁས་སུ་རེ་བ་ལས། རང་གི་སེམས་ཉིད་སངས་རྒྱས་ཀྱི་ངོ་བོ་ཡིན་པར་མ་རྟོགས་པར། འབྲས་བུ་མཐར་ཐུག་པ་སངས་རྒྱས་ལ་གཉིས་སྣང་གི་སྤྱོད་ཡུལ་ལས་འདས་པའི་ཟབ་མོའི་ཡེ་ཤེས་ཡོད་མེད་གཏན་ལ་འབེབས་པར་ཁས་ཆེ་བ། ཡོན་ཏན་ཅན་རྣམས་ལ་གཤེ་ཞིང་ཕྲག་དོག་བྱེད་པ། ཚིག་དོན་ལ་ང་མཁས་ཤིང་གཤིས་སྤྱོད་ང་བཟང་ཟེར་བའི་ང་རྒྱལ་ཅན། བླ་མ་རང་ཉིད་ཀྱི་རྒྱུད་ཆོས་དང་མི་ལྡན་བཞིན་དུ་གང་ཟག་གཞན་ལ་ཆོས་བཤད་བྱེད་པ་ན། བླང་དོར་དགོས་པ་བདེན་ན་བླ་མ་ཁྱེད་རང་ཡང་བླང་དོར་གོ་ལོག་པ་དེ་ལྟར་མ་བྱེད་པར་ཚུལ་བཞིན་གྱིས་ཤིག་ཟེར་ཞིང་གཞན་པོ་རྣམས་ཀྱིས་འཐབས་སུ་འོང༌བའི་ཆོས་ཅན། གུས་པས་བཏུད་ན་གཡུལ་འགྱེད་ཅིང་ཉེ་ན་འཐབ་མོ་བྱེད་པ། བསྟེན་མཁན་རྣམས་ལ་ཡོན་ཏན་མི་འབྱུང་བའི་ཁར་མི་དགེ་སྡིག་པའི་ཆོས་ལ་འཁོད་པར་བྱེད་པ། ངན་འགྲོ་ལོག་པར་འཁྲིད་པར་བྱེད་པའི་ལམ་མཁན་གྱི་བླ་མ་དེ་ནི་ཏིང་ངེ་འཛིན་སྐྱེ་བ་ལ་བར་དུ་གཅོད་པའི་ཟས་ངན་སྒོག་སྐྱ་དང་སྲོག་འཕྲོག་པར་བྱེད་པའི་དུག་ཤིང་གི་སྡོང་པོ་འདྲ་བ་བཛྲ་སྒྲ་དད་ལ་གདམས་པ་ལས། ལོག་པའི་བཤེས་གཉེན་གྱི་དབང་དུ་སོང་ན་སྒོག་སྐྱ་དང་དུག་སྡོང་དང་འདྲ་སྟེ། སྒོག་སྐྱ་ཉེ་ན་ནམས། ལོག་པའི་བཤེས་གཉེན་བསྟེན། ཁྱོད་ཀྱི་བླ་མས་འདི་བྱས་སྐྱོན་འདི་ཡོད་ཟེར་ནས། གར་ཕྱིན་ཕྱིན་དུ་བརྗོད་དུ་འོང་བ་ཡིན། དུག་གི་སྡོང་པོའི་རྩ་བ་དུག །ལོ་མ་ཡང་དུག །འབྲས་བུ་ཡང་དུག །དེ་ལ་གང་ཉེ་ཉེ་ཕུང་དུ་འོང་བ་ཡིན། དེས་ན་ལོག་པའི་བཤེས་གཉེན་དེ་ལྟ་བུའོ། །ཞེས་པ་སྤང་བར་བྱ་སྟེ། བསྟན་བཅོས་ཙིན་ཏ་མ་ཎི་ལས། ལོག་པའི་སློབ་དཔོན་སྒོག་སྐྱ་དུག་སྡོང་འདྲ། །བསྟེན་པར་གྱུར་ན་འཇིག་རྟེན་ཆོས་ཀྱིས་གོས། །བཏུད་པར་གྱུར་ན་ཉོན་མོངས་དུག་གསུམ་འཕེལ། །སྙིང་གཏད་བྱས་ན་ཐར་པའི་སྲོག་གཅོད་པ། །བདུད་ཀྱི་རྒྱལ་པོ་སློབ་དཔོན་ཆ་བྱད་ཅན། །སངས་རྒྱས་རྣམས་དང་བླ་མས་གསུངས་པ་ཡི། །ཆོས་ཀྱིས་འབྲེལ་པའི་བར་ཆད་རབ་སྤངས་ནས། །གཅིག་པུ་གཉིས་སུ་མེད་པར་ནགས་སུ་སོང༌། །ཞེས་ཐར་ལམ་ལ་བར་དུ་གཅོད་པའི་ལོག་བཤེས་ནི་ཆོས་འབྲེལ་ཙམ་ཡང་མེད་པས་སྤོང་བར་གསུངས་སོ། །
གསུམ་པ་ནི། དམ་པའི་ཆོས་ཀྱི་བརྗོད་བྱ་མཐར་ཐུག་པའི་ཚད་དང་ལྡན་པ་གང་ཡིན་པ་དེ་ནི་འགྲོ་བའི་རིགས་དྲུག་གིས་བསྡུས་པའི་སེམས་ཅན་ཐམས་ཅད་ལ། རང་གཞན་རིས་སུ་ཆད་པ་མེད་པར་ཀུན་ལ་ཡེ་གདོད་མ་ནས་ཡོད་ན་ཡང༌། མདོ་སྡེ་རྒྱན་ལས། གང་ཕྱིར་ཡོད་པ་མི་མཐོང་མེད་མཐོང་བ། །འདི་འདྲའི་མུན་ནག་རྣམ་པ་དེ་གང་ཞིག །ཅེས་པ་ལྟར་རང་ངོ་མ་རིག་པའི་ཉོན་མོངས་པ་གཏི་མུག་དང་གཉིས་སུ་སྣང་བའི་རྣམ་པར་རྟོག་པའི་དབང་གིས་སྒྲིབ་པས་ལུས་ངག་ཡིད་ཀྱི་མི་དགེ་སྡིག་པའི་ལས་རྣམས་སྤྱད་པ་ཡིས། འབྲས་བུ་འཁོར་བའི་སྡུག་བསྔལ་སྣ་ཚོགས་པ་མྱོང་བ་ལ། མཁྱེན་པའི་ཡེ་ཤེས་དང་བརྩེ་བའི་ཐུགས་རྗེ་ཆེན་པོ་ཚད་མེད་པ་དང་ལྡན་པའི་དུས་གསུམ་སངས་རྒྱས་རྣམས་ཀྱིས། ལམ་ཞུགས་གང་ཟག་རང་གིས་རྟོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་འདི་ཉིད་ནི། གཞན་སེམས་ཅན་མ་ལུས་པ་ཀུན་གྱི་དག་པའི་སེམས་དང་། རང་གི་སེམས་ཉིད་ཀྱི་ངོ་བོ་ཡེ་གདོད་མ་ནས་གནས་པ་དང་། སངས་རྒྱས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་དང་ཁྱད་པར་ཅི་ཡང་མེད་པར་གསུངས་ཤིང་། གང་ཟག་བཟང་པོའི་ལས་འཕྲོ་ཅན་སྐལ་བ་དང་ལྡན་པ་གཅིག་ཆར་བ་ཡིས། འདའ་ཀ་ཡེ་ཤེས་ལས། སེམས་རྟོགས་ན་ཡེ་ཤེས་ཡིན་པས་ན་སངས་རྒྱས་གཞན་དུ་མི་བཙལ་བའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །ཞེས་པར་ལྟར་རང་གི་སེམས་ཉིད་ཀྱི་ངོ་བོ་སངས་རྒྱས་ཡིན་པར་རང་གི་རིག་པའི་ཡེ་ཤེས་ཀྱིས་རྟོགས་ཏེ། རྟོགས་པ་ཡེངས་མེད་དུ་བསྒོམས་པས་འབྲས་བུ་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་བསྐལ་པ་གྲངས་མེད་དུ་མའི་འབད་པ་མི་དགོས་པར་ཚེ་ལུས་འདི་ཉིད་དུ་ཐོབ་པར་འགྱུར་ཏེ། ལམ་འབྲས་གདམས་ངག་ལས། སེམས་ཀྱི་གནས་ལུགས་རྟོགས་པའི་གཅིག་ཆར་པ་ནི། མ་རྟོགས་པའི་སེམས་ཅན་ལ་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྐྱེད། རྟོགས་པ་དེ་བླ་མའི་དྲིན་ཡིན་པས། བླ་མ་སངས་རྒྱས་ཀྱི་འདུ་ཤེས་སྐྱེས་པས་བསོད་ནམས་ཀྱི་ཚོགས་རྫོགས། ཆོས་ཐམས་ཅད་རང་གི་སེམས། སེམས་གདོད་མ་ནས་རྣམ་པར་དག་པ་ཆོས་ཀྱི་སྐུར་རྟོགས་པས་ཡེ་ཤེས་ཀྱི་ཚོགས་རྫོགས། མ་རྟོག་པའི་སེམས་ཅན་ལ་རྟོགས་པར་བྱ་བའི་དོན་དུ་སྨོན་ལམ་བཏབ། ཚོགས་གཉིས་མཁྱེན་པ་གཉིས་སུ་སྣང་ནས་སྐུ་གསུམ་དབྱེར་མེད་དུ་སངས་རྒྱ་བའོ། །ཞེས་སོ། །
གསུམ་པ་བསྟན་པ་དམ་ཆོས་བྱུང་ཚུལ་ལ། བསྟན་པ་ཆོས་ཀྱི་རྣམ་གཞག །བསྟན་འཛིན་སྐྱེས་བུས་སྐྱོང་ཚུལ་ལོ། །དང་པོ་ལ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། སངས་རྒྱས་ཀྱིས་ཆོས་གསུང་པའི་གདུལ་བྱ་མཆོག་ཏུ་གྱུར་པ་སྐལ་ལྡན་ལས་འཕྲོ་ཅན་དེ་ལ་སོགས་པ་འགྲོ་བ་སེམས་ཅན་ཐམས་ཅད་དང༌། གང་ཟག་རང་རང་སོ་སོའི་རིགས་ནི་བྱེ་བྲག་སོ་སོ་ལ་བརྟེན་ནས་བདུད་ལས་རྒྱལ་བ་སངས་རྒྱས་ཀྱིས་ཐེག་པའི་དབྱེ་བ་དཔག་ཏུ་མེད་པ་བྱང་ཆུབ་སེམས་འགྲེལ་ལས། འཇིག་རྟེན་མགོན་རྣམས་ཀྱིས་བསྟན་པ། །སེམས་ཅན་བསམ་དབང་རྗེས་འགྲོ་བ། །འཇིག་རྟེན་དུ་ནི་ཐབས་མང་པོ། །རྣམ་པ་མང་པོ་ཐ་དད་འགྱུར། །ཞེས་པ་ལྟར་གསུངས་ན་ཡང༌། དོན་ཉམས་སུ་ལེན་བྱའི་ཁྱད་པར་སོ་སོ་ཐར་པ་དང་། བྱང་ཆུབ་སེམས་དཔའ་དང་། རིག་འཛིན་གསང་སྔགས་དང་ཐེག་པ་གསུམ་དུ་གསུངས་ཤིང་། ཕྱི་རོལ་མུ་སྟེགས་པའི་ལམ་དུ་སྣང་བ་ཡང་། བྱང་ཆུབ་སེམས་འགྲེལ་ལས། ཚངས་དང་དབང་པོ་ཁྱབ་འཇུག་དང་། །དྲག་སོགས་གཟུགས་སུ་སྤྲུལ་མཛད་ནས། །འགྲོ་བ་འདུལ་བའི་སྦྱོར་བ་ཡིས། །ཐུགས་རྗེའི་རང་བཞིན་ཅན་གར་མཛད། །ཅེས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་མཁས་ཀྱི་མཛད་པ་ཡིན་ཕྱིར། དེ་ལ་ཞུགས་པའི་གང་ཟག་བློ་ཡི་བྱེ་བྲག་སོ་སོ་ཡིས་རིང་བརྒྱུད་དང་ཉེ་བརྒྱུད་ཀྱི་ཕྱི་ནང་གི་དབྱེ་བ་གཉིས་སུ་བཟུང༌བར་བྱའོ། །