༧ གྲུབ་པའི་དབང་ཕྱུག་ཆེན་པོ་གསལ་དགའ་རིན་པོ་ཆེའི་མགུར།

2012-05-03

༈ རྗེ་བཙུན་མར་པའི་གསོལ་འདེབས་བཞུགས། རྒྱལ་བ་ཀུན་གྱི་ཡེ་ཤེས་སྒྱུ་མའི་གར། །གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོའི་མགོན། །རྒྱུད་སྡེ་རྒྱ་མཚོའི་མངའ་བདག་དགྱེས་མཛད་དངོས། །མར་སྟོན་ཆོས་ཀྱི་བློ་གྲོས་ལ་གསོལ་བ་འདེབས། །བདག་སོགས་གདུལ་བྱར་གྱུར་པའི་འགྲོ་བ་རྣམས། །རང་རིག་འཁྲུལ་པའི་སྒྲིབ་གཡོག་གསལ་བྱའི་ཕྱིར། །མཁྱེན་བརྩེ་ནུས་པའི་འོད་གསལ་རྟག་ཁྱབ་ནས། །རང་རིག་ཡེ་ཤེས་མངོན་དུ་འགྱུར་བར་མཛོད། རབ་བྱུང་བཅུ་བདུན་པའི་ཆུ་ལུག་ལོར་སྐྱོ་བྲག་གནས་ཀྱི་ཡང་དབེན་དཔལ་བསམ་གཏན་ཆོས་གླིང་ནས། སྒྲུབ་ལ་གཞོལ་བའི་སྐབས་རྗེ་བཙུན་མར་པ་སྐུ་གཟི་བརྗིད་ཅན། བཀའ་བརྒྱུད་བླ་མའི་ཚོགས་ཀྱིས་བསྐོར་བ་འཇའ་ཟེར་འོད་ཕུང་གི་ཀློང་ནས་ཐུགས་བརྩེ་བའི་ཚུལ་གྱིས་ཞལ་གཟིགས་སྐབས་བྲིས་པ་དགེ་ལེགས་འཕེལ།། །།

༈ རྗེ་བཙུན་དྲན་པའི་གདུང་དབྱངས་བཞུགས། ཨ་ཧོ། གང་ཤར་བཟོ་མེད་སྐྱོ་བའི་ཚོགས་དྲུག་གི་ཡུལ་ལ། །རྩོལ་མེད་ལྷུན་གྱིས་གྲུབ་པ་འཇའ་ཟེར་ཀློང་ནས། །རྗེ་བཙུན་བླ་མའི་ཞལ་རས་འོད་སྐུ་རུ་འཆར་དུས། །བཟོད་མེད་གདུང་བའི་དབྱངས་ཆུང་ལྷང་ལྷང་དུ་ཤོར་ཐལ། །ཀུན་རྫོབ་སྣང་ངོར་ཡེ་ཤེས་སྒྱུ་མ་ཡི་སྐུ་ཡིས། །དཀོར་རྒན་དྲེད་པོ་ཆོས་མེད་བདག་འདྲ་ལ་དགོངས་ནས། །ཡེ་ཤེས་སྤྱན་གྱིས་གཟིགས་པ་ཨ་ལ་ལ་སྐྱིད་དོ། །དུས་མཐར་སྐྱེས་ཀྱང་གོང་མའི་རྗེས་འཇུག་ཅིག་ཡིན་སྙམ། །དོན་དམ་ཆོས་ཉིད་བཤིས་ཀྱི་བཞུགས་ཚུལ་ལ་བསམ་ན། །འཛིན་རྟོག་སྤྲོས་པ་བྲལ་བ་བརྗོད་མེད་ཀྱི་ཡེ་ཤེས། །འགགས་མེད་ཅིར་ཡང་སྣང་བ་ཆོས་སྐུ་ཡི་རོལ་རྩལ། །གསལ་རིག་རྗེན་པ་འདི་ལ་འཕོ་འགྱུར་ནི་མི་འདུག །ཕ་གཅིག་གདུང་བས་འབོད་དེ་རྗེ་བཙུན་ནི་རས་པ། །ཁྱེད་ནི་མཁྱེན་བརྩེ་ནུས་པ་ཀུན་ལྡན་གྱི་བླ་མ། །བདག་སོགས་དུག་ལྔས་མནར་བའི་རྗེས་འཇུག་གི་སློབ་འབངས། །རྟོགས་མེད་ཐུགས་ཀྱི་ཡེ་ཤེས་ད་ལྟ་རང་རྩོལ་མཛད། །རྟོགས་མེད་བྱ་རྩོལ་བྲལ་བ་སྟོང་ཆེན་གྱི་མཁའ་དབྱིངས། །རྟོག་པའི་སྣང་བ་སྣ་ཚོགས་མོས་གུས་ཀྱི་སྤྲིན་ཆེན། །བརྒྱུད་ལྡན་བླ་མའི་བྱིན་བརླབས་འོད་གསལ་གྱི་ཆར་རྒྱུན། །སྲིད་པའི་ཚ་གདུང་ཞི་བའི་དངོས་གྲུབ་ཅིག་ཞུའོ། །རྟེན་ཅིང་འབྲེལ་བར་འབྱུང་བ་མི་བསླུ་བའི་ཆོས་ཅན། །ལས་དང་སྨོན་ལམ་བཟང་པོའི་མཚམས་སྦྱར་ལ་བརྟེན་ནས། །དོན་གཉིས་ལྷུན་གྱིས་གྲུབ་པའི་རྩེ་འཇོ་ལ་རོལ་ནས། །ཕྱམས་གཅིག་སངས་རྒྱས་འགྲུབ་པའི་བཀྲ་ཤིས་དེ་ཤོག་ཅིག །ཅེས་པ་འདི་དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་རྒྱལ་བའི་མྱུ་གུ་ཕྲིན་ལས་འགྲོ་འདུལ་རྡོ་རྗེ་ཁྲིར་ཕེབས་ཀྱི་མཛད་སྒོ་གྲུབ་ནས་རང་ཡུལ་དུ་ཡོང་སྐབས་རྨ་རྒྱལ་སྤོམ་རི་རི་རྒྱུད། སྟོང་མཛོ་རྒན་སྣེ་དང་སླེབས་ཉེ་བའི་སྐབས་མདུན་གྱི་ཐད་ཀར་འཇའ་འོད་བསྐོར་གྱི་དབུས་སུ་རྗེ་བཙུན་བཞད་པ་རྡོ་རྗེ་སྐུ་མདོག་དཀར་ལ་གཞོན་པའི་ཚུལ་ཅན་ཕྱག་གཡས་སྐྱབས་སྦྱིན་མཛད་ཅིང༌། ཞལ་འཛུམ་བག་དང་ལྡན་ཅིང་ཐུགས་བརྩེ་བའི་ཉམས་ཀྱིས་སྤྱན་བདག་ལ་གཟིགས་པས། དར་ཅིག་བརྗོད་མེད་ཀྱི་ངང་དུ་གནས། སླར་ཡང་བཟོད་མེད་ཀྱི་གདུང་དབྱངས་ལན་མང་བྱས་འཕྲལ་ཤོག་ཕུ་ངོས་སུ་ཅུང་ཟད་བྲིས་པ་དང་དེ་རྗེས་བལ་ཡུལ་དུ་འགྲོ་ཞོར། ལ་ཕྱི་གངས་ཀྱི་ར་བ་མཐོང་བས་ཡིད་སྐྱོ་དུང་ངེ་བའི་སྐབས་གཉའ་ནང་གྲོད་ཕུག་ཏུ་ཚོགས་འཁོར་བགྱིས་སྐབས་གསོལ་འདེབས་ཤོ་ལོ་ཀ་གཉིས་ཁ་གསབ་བྱས་ནས་བྲིས་པ་འདིས་ཀྱང་རྗེ་བཙུན་རས་པ་ཆེན་པོའི་བྱིན་རླབས་འཇུག་པའི་རྒྱུར་གྱུར་ཅིག །། །།