(2)ལམ་མཆོག་རིན་པོ་ཆེའི་ཕྲེང་བ།

2012-04-14

དམ་པའི་ཆོས་ཀྱི་ཡོན་ཏན་བཅུ། ཆོས་དགེ་བ་བཅུ་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དང༌། སྟོངས་པ་ཉིད་ཐམས་ཅད་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང༌། འཕགས་པའི་བདེན་པ་བཞི་དང༌། བསམ་གཏན་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང༌། སྔགས་ཀྱི་སྨིན་གྲོལ་ལ་སོགས་པ་རྣམས་འཇིག་རྟེན་དུ་འབྱུང་བ་ནི་དམ་པའི་ཆོས་ཀྱི་ཡོན་ཏན་ནོ། །མིའི་ནང་ནས་རྒྱལ་རིགས་ཆེ་ཞིང་མཐོ་བ་དང༌། བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་དང༌། ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བ་དང༌། རྒྱལ་ཆེན་བཞི་ལ་སོགས་པ་འདོད་ཁམས་ཀྱི་ལྷ་རིགས་དྲུག་དང༌། གཟུགས་ཁམས་ཀྱི་ལྷ་རིགས་བཅུ་བདུན་དང༌། གཟུགས་མེད་པའི་ལྷ་རིགས་བཞི་འཇིག་རྟེན་ན་འབྱུང་བ་ནི་དམ་པའི་ཆོས་ཀྱི་ཡོན་ཏན་ཡིན་ནོ། །རྒྱུན་དུ་ཞུགས་པ་དང༌། ལན་གཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བ་དང༌། དགྲ་བཅོམ་པ་དང༌། རང་སངས་རྒྱས་དང༌། རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་འཇིག་རྟེན་དུ་བྱོན་ཞིང་འབྱུང་བ་ནི་དམ་པའི་ཆོས་ཀྱི་ཡོན་ཏན་ནོ། །སེམས་བསྐྱེད་དང་སྨོན་ལམ་གྱི་སྟོབས་ཀྱིས་ཐུགས་རྗེ་རང་ཤར་གྱི་གཟུགས་སྐུ་གཉིས་ཀྱིས་ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ་སེམས་ཅན་གྱི་དོན་ལྷུན་གྲུབ་ཏུ་འབྱུང་བ་ནི་དམ་པའི་ཆོས་ཀྱི་ཡོན་ཏན་ཡིན་ནོ། །སེམས་ཅན་ཉེ་བར་འཚོ་བའི་ཡོ་བྱད་གང་ལ་གང་འོས་པ་ཕུན་སུམ་ཚོགས་པ་ཐམས་ཅད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨོན་ལམ་གྱི་སྟོབས་ལས་བྱུང་བས་ན་དམ་པའི་ཆོས་ཀྱི་ཡོན་ཏན་ཡིན་ནོ། །ངན་སོང་དང་མི་ཁོམ་པའི་གནས་ན་ཡང་གནས་སྐབས་ཀྱི་བདེ་བ་ཅུང་ཟད་ཡོད་པ་དེ་དག་ཐམས་ཅད་ཀྱང་དཀར་པོ་དགེ་བའི་བསོད་ནམས་ལས་གྲུབ་པས་ན་དམ་པའི་ཆོས་ཀྱི་ཡོན་ཏན་ཡིན་ནོ། །སྐྱེས་བུ་ངན་པ་དག་ཀྱང་དམ་པའི་ཆོས་སུ་བློ་འགྱུར་ནས་སྐྱེས་བུ་དམ་པའི་རིགས་སུ་གནས་ཤིང༌། མི་ཀུན་གྱི་གཙུག་ཏུ་འཁུར་བའི་གནས་སུ་གྱུར་པ་ནི་དམ་པའི་ཆོས་ཀྱི་ཡོན་ཏན་ཡིན་ནོ། །སྔར་སྡིག་པ་མི་དགེ་བ་ལ་བག་མེད་དུ་སྤྱད་ཅིང་དམྱལ་བའི་བུད་ཤིང་གི་རྒྱུ་གསོག་པ་དེ་ཡང༌། དམ་པའི་ཆོས་ཀྱི་ཕྱོགས་སུ་བློ་སྣ་འགྱུར་ནས་མཐོ་རིས་དང་ཐར་པའི་བདེ་བ་ལ་རེག་པར་གྱུར་པ་ནི་དམ་པའི་ཆོས་ཀྱི་ཡོན་ཏན་ཡིན་ནོ། །དམ་པའི་ཆོས་ལ་དད་པ་ཙམ་མམ། མོས་པ་ཙམ་མམ། དགའ་བ་ཙམ་མམ། ཆ་ལུགས་འཛིན་པ་ཙམ་ཡང་ཀུན་གྱི་ཡིད་དུ་འོང་ཞིང༌། བསྙེན་བཀུར་གྱི་གནས་སུ་གྱུར་པ་ནི་དམ་པའི་ཆོས་ཀྱི་ཡོན་ཏན་ཡིན་ནོ། །བདོག་པའི་དངོས་པོ་ཐམས་ཅད་སྤངས་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཞིང༌། རི་ཁྲོད་དགོན་པ་རུ་ཡིབ་ནས་བསྡད་ཀྱང་འཚོ་བའི་ཡོ་བྱད་ཕུན་སུམ་ཚོགས་པར་འབྱུང་བ་ནི་དམ་པའི་ཆོས་ཀྱི་ཡོན་ཏན་ཡིན་ནོ། །དེ་ནི་དམ་པའི་ཆོས་ཀྱི་ཡོན་ཏན་མདོར་བསྡུས་པའི་ཆོས་བཅུ་ཡིན་ནོ། །མིང་ཙམ་གྱི་ཆོས་བཅུ། གཞིའི་གནས་ལུགས་བསྟན་དུ་མེད་པས་གཞི་མིང་ཙམ་ཡིན། ལམ་ལ་བགྲོད་བྱ་བགྲོད་བྱེད་མེད་པས་ལམ་མིང་ཙམ་ཡིན། གནས་ལུགས་ལ་བལྟ་བྱ་ལྟ་བྱེད་མེད་པས་རྟོགས་པ་མིང་ཙམ་ཡིན༌། གཉུག་མ་ལ་བསྒོམ་བྱ་སྒོམ་བྱེད་མེད་པས་ཉམས་མྱོང་མིང་ཙམ་ཡིན། གཤིས་ལ་སྤྱད་བྱ་སྤྱོད་བྱེད་མེད་པས་སྤྱོད་པ་མིང་ཙམ་ཡིན། དོན་ལ་བསྲུང་བྱ་སྲུང་བྱེད་མེད་པས་དམ་ཚིག་མིང་ཙམ་ཡིན། དོན་ལ་བསག་བྱ་གསོག་བྱེད་མེད་པས་ཚོགས་གཉིས་མིང་ཙམ་ཡིན། དོན་ལ་སྦྱང་བྱ་སྦྱོང་བྱེད་མེད་པས་སྒྲིབ་གཉིས་མིང་ཙམ་ཡིན། དོན་ལ་སྤང་བྱ་སྤོང་བྱེད་མེད་པས་འཁོར་བ་མིང་ཙམ་ཡིན། དོན་ལ་འཐོབ་བྱ་ཐོབ་བྱེད་མེད་པས་འབྲས་བུ་མིང་ཙམ་ཡིན། དེ་ནི་མིང་ཙམ་གྱི་ཆོས་བཅུ་ཡིན་ནོ། །བདེ་བ་ཆེན་པོར་ལྷུན་གྱིས་གྲུབ་པའི་ཆོས་བཅུ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རང་བཞིན་ཆོས་སྐུར་གནས་པས་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ། གཞི་ཆོས་ཉིད་ཀྱི་དབྱིངས་ལ་མཚན་མའི་སྤྲོས་པ་མེད་པས་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ། མཐའ་བྲལ་བློ་འདས་ཀྱི་རྟོགས་པ་ལ་ཕྱོགས་རིས་ཀྱི་སྤྲོས་པ་མེད་པས་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ། ཡིད་ལ་བྱ་བ་མེད་པའི་ཉམས་མྱོང་ལ་དམིགས་པའི་སྤྲོས་པ་མེད་པས་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ། བྱ་བྲལ་རྩོལ་མེད་ཀྱི་སྤྱོད་པ་ལ་བླང་དོར་གྱི་སྤྲོས་པ་མེད་པས་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ། དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་ཆོས་སྐུ་ལ་གཟུངས་འཛིན་གྱི་སྤྲོས་པ་མེད་པས་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ། ཐུགས་རྗེ་རང་བྱུང་གི་ལོངས་སྐུ་ལ་སྐྱེ་འཆི་འཕོ་འགྱུར་གྱི་སྤྲོས་པ་མེད་པས་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ། ཐུགས་རྗེ་རང་ཤར་གྱི་སྤྲུལ་སྐུ་ལ་གཉིས་སྣང་འདུ་འབྱེད་ཀྱི་སྤྲོས་པ་མེད་པས་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ། བསྟན་པ་ཆོས་ཀྱི་འཁོར་ལོ་ལ་བདག་ལྟ་མཚན་མའི་སྤྲོས་པ་མེད་པས་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ། ཚད་མེད་ཐུགས་རྗེའི་ཕྲིན་ལས་ལ་རྒྱ་ཆད་དུས་ཚིགས་མེད་པས་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ་པ་སྟེ། དེ་ནི་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ་པའི་ཆོས་བཅུ་ཡིན་ནོ། །ཟག་མེད་མཁྱེན་པ་དང་ལྡན་པའི་བླ་མ་དང༌། རྗེ་བཙུན་སྒྲོལ་མ་ལ་སོགས་ལྷག་པའི་ལྷ་རྣམས་ཀྱིས་བྱང་ཕྱོགས་ཁ་བ་ཅན་གྱི་བསྟན་པའི་གསལ་བྱེད་དུ་མངའ་གསོལ་བའི་དཔལ་ལྡན་མར་མེ་མཛད་ཡབ་སྲས་ཀྱི་གསུངས་རྒྱུན་དྲི་མ་མེད་པ་རྣམས་བཀའ་གདམས་པའི་བླ་མ་སྐུ་དྲིན་ཅན་རྣམས་ལས་ཐོས་པ་དང༌། རྒྱ་གར་འཕགས་པའི་ཡུལ་དུ་ཉི་ཟླ་ལྟར་གྲགས་པའི་སྐྱེས་མཆོག་ནཱ་རོ་མཻ་ཏྲི་གཉིས་དང༌། མར་པ་ལྷོ་བྲག་པ་ལ་སོགས་པའི་མཁས་གྲུབ་རྣམས་ཀྱི་ཐུགས་ཀྱི་བཅུད་འཛིན་པ་རྗེ་བཙུན་གྱི་རྒྱལ་པོ་མི་ལ་རས་པས་རྗེས་སུ་བཟུང་བའི་གསུང་དྲི་མ་མེད་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་པའི་ལམ་མཆོག་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ། བཀའ་ཕྱག་གཉིས་ཀྱི་གདམས་པའི་མཛོད་འཆང་བ་ཤར་དྭགས་པོ་སྙི་སྒོམ་བསོད་ནམས་རིན་ཆེན་གྱིས་བྲིས་པ་རྫོགས་སོ།། །།