(3)ཕྱག་ཆེན་ཆོས་དྲུག་ཟུང་གི་སྔོན་འགྲོ།

2012-04-17

༈ །བཞི་པ་བླ་མའི་བྱིན་རླབས་དང་རྒྱལ་བའི་ཡོན་ཏན་རྒྱུད་ལ་འབྱོར་བར་བྱ་ཕྱིར་རྡོ་རྗེའི་རྣལ་འབྱོར་ཆེན་པོ་བླ་མའི་གསོལ་འདེབས་ཐུན་དྲུག་གམ་བཅུ་གཉིས་སུ་བསྒོམ་པར་བྱ་བ་ལ་བཞི། བླ་མ་བསྟེན་དགོས་ཚུལ་བསྟན་པ། རྟེན་བསྐྱེད་ཅིང་གདུང་ཤུགས་ཀྱི་གསོལ་བ་འདེབས་པ། ཡོན་ཏན་བསྟན་ཅིང་ཞར་བྱུང་བླ་མ་ཇི་ལྟར་བསྟེན་པའི་ཚུལ། གདམས་པ་དབང་བཞི་བླངས་ཤིང་འོད་ཞུ་བྱའོ། །དང་པོ་ནི། དེ་ཡང་བླ་མ་ཞེས་པ་དེའི་གོང་ན་སུ་ཡང་མེད་པའི་ཚིག་བླ་དག་སྟེ། བླ་ཞེས་གོང་མའི་ཡང་གོང་མར་གྱུར་པ་དང༌། མ་ཞེས་འགྲོ་དྲུག་སེམས་ཅན་ལ་བུ་ལྟར་བརྩེ་བ་ཅན་ཡིན་ཕྱིར་བླ་མ་སྟེ། བླ་མ་ལྔ་བཅུ་པ་ལས། བླ་མ་མེད་པའི་གོང་རོལ་ན། །སངས་རྒྱས་ཞེས་པའི་མིང་ཡང་མེད། །བསྐལ་པ་བཟང་པོའི་སངས་རྒྱས་ཀྱང༌། །བླ་མ་དག་ལ་བསྟེན་ནས་བྱུང༌། ཞེས་གསུངས་པ་ལྟར། རྫོགས་པའི་སངས་རྒྱས་སྟོང་རྣམས་ཀྱང་བླ་མ་ལ་བསྟེན་ནས་སངས་རྒྱས་པ་དང༌། རྒྱུད་ལས། སངས་རྒྱས་ཀུན་བས་སྔར་སངས་རྒྱས། ཞེས་གསུངས་པ་ལྟར། གཞན་ཡང་དཀོན་མཆོག་གསུམ་གྱི་རང་བཞིན་བླ་མ་ཡིན་པ་ཡང༌། སྔ་མ་ལས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་མ་ཡིན། །བླ་མ་དཔལ་ལྡན་རྡོ་རྗེ་འཆང༌། ཞེས་གསུངས་པས་དཀོན་མཆོག་དང༌། རྩ་བ་གསུམ་གྱི་བྱེད་པོར་གྱུར་པ་བླ་མ་ཁོ་ན་སྟེ། སྐུ་དགེ་འདུན་གྱི་ངོ་བོ་མི་དང་མཉམ་དུ་མངོན་སུམ་འགྲོགས་ནུས་པ། ཚུལ་དང་བྱ་བ་སྤྱོད་ལམ་རྣམས་མཉམ་པའི་ཚུལ་དང༌། དེ་དག་གི་སྒོ་ནས་རྗེས་སུ་འཛིན་པའི་གསུང་གིས་འཇིག་རྟེན་གྱི་ཚིག་མཉམ་པོར་སྨྲ་ཞིང༌། དེ་དག་གི་སྒོ་ནས་འབྲེལ་ཚད་ཆོས་ལ་སྦྱོར་བའི་གསུང་དོན་དང་ལྡན་པར་མ་ཟད། རྒྱལ་བའི་གསུང་རབ་ཐེག་པ་ཆེ་ཆུང་ཐམས་ཅད་གསུང་གི་གསང་བ་ལས་འབྱུང་བ་སོགས་དང༌། ཡེ་ཤེས་ནམ་མཁའ་ལྟར་འཁོར་འདས་ཀུན་ལ་ཁྱབ་ཅིང་སྐུ་གསུམ་གྱི་ཡེ་ཤེས་དང་གཉིས་སུ་མེད་པར་འགྲོ་ཁམས་ཐམས་ཅད་བྱམས་པ་དང་སྙིང་རྗེ་ཆེན་པོའི་རྗེས་སུ་འཛིན་པའི་ཐབས་ལ་མ་རྨོངས་པ་དང༌། ཡོན་ཏན་གྱི་ཆ་ལས་རྒྱལ་བ་ཞི་ཁྲོ་རབ་འབྱམས་གང་ལ་གང་འདུལ་དེ་ལ་དེར་སྟོན་པ། ཕྲིན་ལས་དཔའ་བོ་མཁའ་འགྲོ་རྟོག་ཚོགས་ཡེ་ཤེས་སུ་རོལ་པའི་ཆོས་སྐྱོང་སྟེ། མཆོག་དང་ཐུན་མོང་གི་དངོས་གྲུབ་ནི་ཞི་རྒྱས་དབང་དྲག་གི་ཕྲིན་ལས་ཀྱིས་འགྲོ་བ་འདུལ་ཞིང་སེམས་ཅན་གྱི་དོན་མཛད་པ་སོགས་བསམ་གྱིས་མི་ཁྱབ་ཅིང་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་བྱིན་རླབས་དངོས་གྲུབ་ཐམས་ཅད་བླ་མའི་རྒྱུད་ནས་འབྱུང་ཞིང༌། བླ་མའི་གསང་གསུམ་ལ་བརྟེན་ནས་སྐུ་ཕོར་གྱི་རི་མོ་འབི་འབིར་འདོད་པ་ལྟར་འབྱུང་དགོས་པ་ཡིན་ཕྱིར་བླ་མའི་རྣལ་འབྱོར་བསྒོམ་པར་བྱའོ། །གཉིས་པ་ནི། དེ་ཡང་བསྒོམ་ཚུལ་ཕྱི་ཡི་བླ་མའི་རྣལ་འབྱོར་སྤྱི་བོར་བསྒོམ་ཞིང་དབང་བཞི་འོད་ཟེར་གྱི་ཚུལ་དུ་ལེན་པ་དང༌། ནང་གི་བླ་མའི་རྣལ་འབྱོར་སྙིང་གར་བླ་མ་བསྒོམས་པས་ཕུང་ཁམས་སྐྱེ་མཆེད་སྦྱངས་ཤིང་ཡི་གེའི་སྒོ་ནས་དབང་བཞི་ལེན་པ་དང༌། གསང་བ་བླ་མའི་རྣལ་འབྱོར་སྤྱི་བོར་ཧེ་རུ་ཀ་ཡབ་ཡུམ་བསྒོམ་ཞིང་བྱང་སེམས་བདུད་རྩི་འབེབས་རྒྱུན་དང༌། མཐར་བླ་མའི་ཡུམ་ལས་ཡུམ་གཉིས་པ་འཕྲོས་ཏེ་བྱིན་པས་རང་ཉིད་ཧེ་རུ་ཀར་གསལ་བར་སྙོམས་ཞུགས་དགའ་བཞིའི་ཡེ་ཤེས་སྤེལ་ཞིང༌། ཟག་མེད་བདེ་སྟོང་གི་ཉམས་བཟང་པོ་རྒྱུད་ལ་སྐྱེ་བའི་ཐབས་ཏེ། ཟབ་ལམ་ཁྱད་པར་བ་འདི་ནི་མངའ་བདག་མཻ་ཏྲི་པ་ཆེན་པོའི་མན་ངག་ལྟར་ཡང་གསང་ཨ་བ་དྷུ་ཏིའི་བླ་མའི་རྣལ་འབྱོར་བསྒོམ་པ་སྟེ། ཨོཾ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ཞེས་སྟོང་པར་སྦྱངས་ནས། ཕྱི་ནང་སྣོད་བཅུད་རང་བཞིན་སྟོང་པ་ལས། ༧ །འབྱུང་བཞི་རི་རབ་པད་ཉི་འཇིགས་དུས་སྟེང༌།་་་་་་་མ་ཏི་རཏྣས་ཁ་སབ་པའོ། མཆན། ༧ །སྐད་ཅིག་རང་ཉིད་ལྷན་སྐྱེས་དཔའ་བོ་ཆེ། །མཐིང་གསལ་རྡོ་རྗེ་དྲིལ་འཛིན་ལང་ཚོ་འབར། །རྡོ་རྗེ་རྣལ་འབྱོར་དམར་མོ་གྲི་ཐོད་འཛིན། །ཟུང་འཇུག་ཕྱག་དང་བརྐྱང་བསྐུམ་སྟབས་ཀྱིས་སྦྱོར། །ཧེ་རུ་ཀ་ཡི་ཆ་ལུགས་ཡོངས་སུ་རྫོགས། །སྐུ་ཡི་ནང་དབུས་རྩ་གསུམ་མཐིང་དཀར་དམར། །འཁོར་ལོ་ལྔ་དང་བཅས་པ་དྭངས་ཤེལ་ལ། །ཁ་དོག་ཚོན་གྱི་རི་མོ་གསལ་བ་བཞིན། །སྒྲིབ་མེད་ནམ་མཁའི་འཇའ་ཚོན་ལྟ་བུར་བསྒོམ། །དབུ་མའི་རྩེ་མོ་ནོར་བུའི་ལྟེ་བ་རུ། །གདོད་ནས་མཁའ་ཁྱབ་ཆོས་སྐུ་རྡོ་རྗེ་འཆང༌། །མཐིང་ནག་རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ། །ལོངས་སྤྱོད་རབ་རྫོགས་སེང་ཁྲི་པདྨ་དང༌། །ཟླ་སྟེང་འོད་ཟེར་ཕུང་པོའི་དབུས་སུ་བཞུགས། །སྙིང་དབུས་རྩ་བའི་བླ་མ་རྡོ་རྗེ་འཆང༌། །སངས་རྒྱས་ཀུན་འདུས་མི་ཕྱེད་རྡོ་རྗེ་འཛིན། །མཐོན་མཐིང་ཡུམ་མཆོག་གསང་བ་ཡེ་ཤེས་དམར། །དར་དང་རུས་པ་རིན་ཆེན་སྣ་ཚོགས་བརྒྱན། །རྡོར་དྲིལ་གྲི་ཐོད་འཛིན་ཅིང་ཟུང་འཇུག་སྦྱོར། །པདྨ་ཉི་ཟླའི་སྟེང་དུ་གསལ་བར་བསྒོམ། །དེ་ནས་དབུ་མའི་ནང་ནས་ཡས་རིམ་བཞིན། ༈ ཆོས་དྲུག་སྐབས། ཤུ་ནྱ་ཏཱ་སོགས་ཀྱིས་སྟོང་པར་སྦྱངས། ཕྱི་ནང་སྣོད་བཅུད་རང་བཞིན་སྟོང་པ་ལས། ༧ །འབྱུང་བཞི་རི་རབ་པད་ཉི་འཇིགས་དུས་སྟེང༌།་་་་་་་མ་ཏི་རཏྣས་ཁ་སབ་པའོ། མཆན། ༧ །སྐད་ཅིག་རང་ཉིད་ལྷན་སྐྱེས་དཔའ་བོ་ནི། །མཐིང་གསལ་རྡོ་རྗེ་དྲིལ་འཛིན་ལང་ཚོ་འབར། །ཧེ་རུ་ཀ་ཡི་ཆ་ལུགས་ཡོངས་སུ་རྫོགས། །དབུ་མའི་རྩེ་མོ་ནོར་བུའི་ལྟེ་བ་རུ། །རྩ་བའི་བླ་མ་དཔལ་ལྡན་བདེ་བ་མཆོག །མཐིང་གསལ་བྲམ་ཟེ་ཁྲོ་ཚུལ་རྡོར་དྲིལ་འཛིན། །རུས་རྒྱན་ཐོད་སྐམ་སྟག་ཤམ་མགོ་ཕྲེང་དང༌། །ཟླ་ཚེས་སྣ་ཚོགས་རྡོ་རྗེ་དར་དཔྱང་སྤྲས། །ལྷན་སྐྱེས་དམར་མོ་གཉིས་མེད་མཉམ་པར་འཁྲིལ། །པད་ཉིའི་སྟེང་བཞུགས་དེ་ནས་ཡས་རིམ་བཞིན། ༈ སྒྲུབ་བསྟན་སྣང་བྱེད་མ་ཏི་རཏྣ་ནི། །སྐུ་མདོག་དམར་སྨུག་བགྲེས་ཚུལ་ལྟ་སྟངས་ཧུར། །ལྕང་ལོའི་ཟར་འཕྱངས་རས་དཀར་བླ་གོས་གསོལ། །ས་གནོན་ཕྱག་རྒྱ་སྐྱིལ་ཀྲུང་ཕྱེད་པའི་སྟབས། །སྦས་པའི་རྣལ་འབྱོར་དབང་པོའི་མཚན་ཅན་ནི། །བགྲེས་ཉམས་གོས་དཀར་ཟླུམ་གསོལ་ལྕང་ལོ་གྲོལ། །རོལ་སྟབས་སེམས་ཉིད་ངལ་གསོའི་བཞུགས་སྟངས་མཛད། །གསང་བདག་རས་ཆུང་དངོས་སྣང་མངྒ་ལ། །སྒོམ་ཐག་ཨཾ་རག་རས་དཀར་བླ་གོས་འཁྱུད། །རྡོར་སྐྱིལ་མཉམ་བཞག་རས་ཞྭ་རྭ་གཟུགས་གསོལ། །དོན་བརྒྱུད་བཀའ་བབ་གདམས་པའི་མཛོད་འཆང་བ། །འཇིགས་མེད་ཆོས་ཀྱི་སེངྒེ་སྐུ་མདོག་དཀར། །སྐུ་ལ་ཟ་བེར་རས་དཀར་ཤམ་ཐབས་དང༌། །ཆོས་གོས་གསོལ་ཞིང་ཕྱག་གཡས་རྡོ་རྗེ་ཕུར། །འཁོར་ལོས་མཚན་པ་བསྡིགས་པའི་སྟབས་ཀྱིས་འཛིན། །ཕྱག་གཡོན་ཆོས་འཆད་ཕྱག་རྒྱའི་པད་སྡོང་རྩེར། །ཟབ་གསང་ཤེས་རབ་རལ་གྲི་པུ་སྟིས་མཚན། །ཞབས་ཟུང་རོལ་སྟབས་གཟི་བྱིན་འབར་བར་བཞུགས། །ཡེ་ཤེས་མཁའ་འགྲོ་ནམ་མཁའི་རྣལ་འབྱོར་མ། །དཀར་མོ་རྡོ་རྗེ་བདུད་རྩིའི་ཐོད་པ་བསྣམས། །བྱ་རྒོད་ཐུལ་པ་དར་གྱི་ལྡིང་བེར་མནབས། །བཅུ་དྲུག་ཉམས་ལྡན་ཉི་ཟླའི་སྟེང་དུ་གསལ། །དོན་བརྒྱུད་ཆོས་ཀྱི་རྗེ་བཙུན་བསོད་ནམས་བཟང༌། །དམར་སྨུག་ཆོས་འཆད་མཉམ་བཞག་ཚེ་བུམ་བསྣམས། །གྲགས་པ་རྒྱལ་མཚན་དཀར་དམར་སྐྱབས་སྦྱིན་དང༌། །མཉམ་བཞག་ཕྱག་རྒྱས་སྡེ་སྣོད་གླེགས་བམ་འཛིན། །བཱིརྻ་ཤྲཱི་ས་གནོན་མཉམ་བཞག་རྒྱ། །སྔོ་སངས་ཞི་བའི་ལྟ་སྟངས་ཚུལ་དུ་བཞུགས། །བློ་གྲོས་རྡོ་རྗེ་ཕྱག་གཉིས་ས་གནོན་རྒྱ། །དམར་གསལ་སྐུ་ཤ་རྒྱས་ཤིང་བརྗིད་པའི་ཉམས། །དེ་དག་རབ་བྱུང་ཆོས་གོས་རྣམ་གསུམ་དང༌། །སྒོམ་ཞྭ་སྨུག་དང་དམར་གསལ་སྣ་ཚོགས་གསོལ། །བྱང་ཆུབ་གཞོན་ནུ་སྔོ་སངས་བསྒྲེས་པའི་ཚུལ། །སྐྱབས་སྦྱིན་དར་ལྗང་རླུང་རས་སྒོམ་ཞྭ་སྨུག །ལུས་མེད་རྡོ་རྗེ་གཞོན་ནུ་དཀར་དམར་མདངས། །རྡོ་རྗེ་ཐོད་ཆང་རས་གཟན་མཆིན་ཁ་བགོས། །འགྲོ་མགོན་རས་དཀར་སྐུ་མདོག་ཟླ་ལྟར་དཀར། །མཐང་གོས་དམར་པོ་རས་དཀར་བླ་གོས་འཆང༌། །མན་ངག་གླེགས་བམ་པད་སྣོད་བདུད་རྩིས་བལྟམས། །ཏི་ཤྲཱི་རས་པ་དཀར་སྔོན་ཆོས་འཁོར་རྒྱ། །མཐང་གོས་དམར་པོ་རླུང་རས་དཀར་པོ་གསོལ། །གསུམ་ཀས་ལྟ་བ་རབ་མཐོའི་པཎ་ཞྭ་མནབས། །ཐམས་ཅད་པད་ཟླར་སྐྱིལ་ཀྲུང་རོལ་པའི་སྟབས། །དེ་སྟེང་དར་མ་དབང་ཕྱུག་སྐུ་མདོག་དཀར། །ཆེ་བརྗིད་ཆོས་གོས་རྣམ་གསུམ་ཆོས་འཁོར་རྒྱ། །སྒོམ་ཞྭ་གསོལ་ཞིང་མི་གཡོ་སྐྱིལ་ཀྲུང་བཞུགས། །འཛམ་གླིང་གྲགས་པ་དྭགས་ཞུ་དགེ་སློང་ཆས། །མཉམ་བཞག་སྐྱིལ་ཀྲུང་ཞི་བའི་ལྟ་སྟངས་གཟིགས། །དེ་སྟེང་རིམ་བཞིན་མི་ལ་བླ་གོས་དཀར། །སྒོམ་ཐག་གསོལ་ཞིང་ངལ་གསོ་ཐོད་པ་བསྣམས། །མར་སྟོན་ཧུར་བག་དམར་སྨུག་ཁྲོ་བའི་ཚུལ། །གོས་དཀར་བེར་དམར་ཟླུམ་གསོལ་ཕྱག་གནོན་ཕྱག ། ༈ མཻ་ཏྲི་དཀར་དམར་པཎྚི་ཏ་ཡི་ཆས། །ཕྱག་གཉིས་ཆོས་འཁོར་ཐོད་པ་བདུད་རྩི་གཏམས། །དེ་སྟེང་ཤ་བ་རི་པ་མདའ་གཞུ་འཛིན། །ཐོར་ཚུགས་རུས་རྒྱན་དར་གྱི་ཨཾ་རག་གསོལ། །ཀླུ་སྒྲུབ་སྙིང་པོ་དགེ་སློང་གཙུག་ཏོར་ལྡན། །ཀླུ་བརྒྱད་རྒྱབ་ཡོལ་དཀར་དམར་ཆོས་འཆད་མཛད། དེ་སྟེང་གྲུབ་པའི་སྤྱི་མེས་ས་ར་ཧ། །ཨག་ཚོམ་དབུ་སྐྲ་དཀར་ཞིང་ཐོར་ཚུགས་ལྡན། །རུས་རྒྱན་ཨཾ་རག་སྨྱུག་མའི་མདའ་སྲོང་ཚུལ། །དེ་སྟེང་རྒྱལ་བའི་སྲས་པོ་སྒྲ་གཅན་འཛིན། །གསེར་མདོག་གཙུག་ཏོར་ལྡན་ཞིང་དགེ་སློང་ཆས། །ཆོས་གོས་གསུམ་གསོལ་རིན་ཆེན་པྲོག་ཞུ་བསྣམས། །བྱང་སེམས་བློ་གྲོས་རིན་ཆེན་སྐུ་མདོག་དཀར། །མཆོད་སྦྱིན་སྐྱབས་སྦྱིན་ལོངས་སྤྱོད་རྫོགས་པའི་ཆས། །པདྨ་ཉི་ཟླ་རི་དྭགས་པགས་པ་སོགས། །རང་མཚམས་གདན་དང་འོད་ཀྱི་ཀློང་ན་བཞུགས། ཆོས་དྲུག་སྔོན་འགྲོའི་སྐབས་མར་སྟོན་མཚམས་སུ། ཛྙཱ་ན་སིདྡྷི་སྐུ་མདོག་དམར་ལ་སྨུག །ཁྲོ་རྔམ་ཞབས་གཡོན་བརྐྱང་ཚུལ་རོལ་པའི་སྟབས། །ཕྱག་གཡས་ས་གནོན་གཡོན་པས་ཐོད་ཆང་བསྣམས། །དཔལ་ལྡན་ཏཻ་ལོ་དཀར་གསལ་ཨ་ཙར་ཉམས། །མཛེས་སྡུག་ཞབས་གཡས་བརྐྱང་ཚུལ་རོལ་སྟབས་བཞུགས། །ཕྱག་གཉིས་གསེར་ཉའི་རྒྱུ་མ་འདྲེན་པའི་ཚུལ། །གཉིས་ཀ་གྲུབ་ཐོབ་རྣལ་འབྱོར་སྤྱོད་པའི་ཆས། །ཐོར་ཚུགས་རུས་རྒྱན་སྒོམ་ཐག་ཨཾ་རག་གསོལ། །གདོད་ནས་མཁའ་ཁྱབ་ཆོས་སྐུ་རྡོ་རྗེ་འཆང༌། །མཐིང་གསལ་རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ། །ལོངས་སྤྱོད་རབ་རྫོགས་སེང་ཁྲི་པདྨ་དང༌། །ཟླ་སྟེང་འོད་ཟེར་ཕུང་པོའི་དབུས་སུ་གསལ། །སྟེང་གི་རྡོ་རྗེ་འཆང་ཆེན་མཐའ་བསྐོར་དུ། །ཕྱོགས་མཚམས་འཇའ་སྤྲིན་ནང་དུ་ཆོས་ཀྱི་རྗེ། ཞེས་ཆོས་དྲུག་གི་སྐབས་དང༌། སྟེང་གི་རྡོ་རྗེ་འཆང་ཆེན་མཐའ་སྐོར་དང༌། །རྩ་གསུམ་བར་མཚམས་རྣམས་སུ་ཆོས་ཀྱི་རྗེ། །དེ་བཞིན་གཤེགས་པ་མ་ཏི་རཏྣ་དང༌། །སེངྒེ་འབུམ་པ་མགོན་པོ་ཡེ་ཤེས་ཞབས། །བསོད་ནམས་ཡེ་ཤེས་ཀུན་དགའ་སེངྒེ་དང༌། །རིན་ཆེན་བཟང་པོ་བསོད་ནམས་དབང་ཕྱུག་དང༌། །བཀྲ་ཤིས་དབང་ཕྱུག་འགྲོ་མགོན་ཆོས་འོད་ཟེར། །ཀུན་དགའ་སྙིང་པོ་ཀུན་དགའ་རྒྱ་མཚོ་དང༌། །བསྟན་འཛིན་བཟང་པོ་ཀརྨ་ཡེ་ཤེས་ཞབས། །དོན་དམ་སྙིང་པོ་ཨ་ཡུ་ཏིཥྛ་དང༌། །ཚོགས་གཉིས་འོད་ཟེར་ལ་སོགས་ངེས་དོན་གྱི། །སྲས་དང་གྲུབ་པའི་བརྒྱུད་པ་གསེར་གྱི་ཕྲེང༌། །ཚར་དུ་དངར་བ་ཐམས་ཅད་མཚན་དཔེར་ལྡན། །མཛེས་འཛུམ་ཞྭ་ཁྲ་ཆོས་གོས་རྣམ་གསུམ་གསོལ། །རྡོར་དྲིལ་པུ་སྟི་ཐོད་ཆང་ཆོས་འཆད་མཛད། །དར་གྱི་ཕོ་ལོང་འདིང་བ་པད་ཟླ་སོགས། །རང་འཚམ་གདན་ལ་འོད་ཕུང་འབར་བར་བཞུགས། །འོག་མིན་གནས་ནས་རང་འདྲ་སྤྱན་དྲངས་བསྟིམས། །བྱིན་རླབས་ཐུགས་རྗེའི་ནུས་པ་མཆོག་ཏུ་འབར། །དེ་དག་རྣམས་ལ་གདུང་ཤུགས་མོས་ཕྱག་འཚལ། །ཡིད་སྤྲུལ་ཀུན་ཏུ་བཟང་པོའི་མཆོད་པས་མཆོད། །རྟོག་ཚོགས་ཆོས་ཉིད་ཕུང་ཁམས་སྐྱེ་མཆེད་བཅས། །ཡེ་ཤེས་རོལ་པའི་འབྱོར་ཚོགས་ཇི་སྙེད་འབུལ། །དུག་གསུམ་མི་དགེའི་ལས་རྣམས་འགྱོད་པས་བཤགས། །འབྲལ་མེད་སྙིང་གི་དབུས་སུ་རྟག་བཞུགས་ནས། །འོད་གསལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །བསམ་སྦྱོར་རྣམ་དག་དགེ་ལ་རྗེས་ཡི་རང༌། དེ་དག་བྱང་ཆུབ་མཆོག་གི་རྒྱུར་གྱུར་ཅིག །ཅེས་ཟག་པ་མེད་པའི་རྒྱུན་བཤགས་ཕུལ་ནས། སྙིང་ཁུང་རུས་པའི་གཏིང་ནས་ལྟེམ་རྐྱང་མེད་པར་གསོལ་བ་གདབ་པར་བྱ་སྟེ། ན་མོ་གུ་རུ། བདག་སྐྱེ་དང་ཚེ་རབས་ཐམས་ཅད་དུ། །ཐུགས་བརྩེ་བ་ཆེན་པོས་རྗེས་བཟུང་བའི། །འཁོར་མེད་ཀྱི་དྲིན་མཐའ་གསོབ་དཀའ་ཡང༌། །ཡོན་ཏན་གྱི་ཆེ་བ་རྗེས་དྲན་ནས། གདུང་ཤུགས་ཀྱི་མོས་གུས་འདི་བཟོད་མེད་འབར། །ཕ་ཐུགས་རྗེས་ཟུང་ཞིག་རྡོ་རྗེ་འཆང༌། །རྗེ་བྱང་སེམས་བློ་གྲོས་རིན་ཆེན་དང༌། །མགོན་སྒྲ་གཅན་ཟིན་གཉིས་ཀླུ་སྒྲུབ་ཞབས། །དཔལ་ཤ་བ་རི་དང་མཻ་ཏྲི་པ། །བདག་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །མར་མི་དང་དྭགས་པོ་བྱིན་རླབས་ཅན། །རྗེ་དར་མ་དབང་ཕྱུག་ཏི་ཤྲཱི་རས། །རས་དཀར་དང་ལུས་མེད་རྡོ་རྗེའི་ཞབས། །བདག་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །མཆོག་བྱང་ཆུབ་གཞོན་ནུ་བློ་གྲོས་མཚན། །རྗེ་བརྩོན་འགྲུས་དཔར་དང་རླངས་རས་པ། །ཁྱེད་གྲུབ་པའི་ཁྱུ་མཆོག་གྲགས་པའི་མཚན། །བདག་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །དཔལ་འགྲན་ཟླ་བྲལ་བ་ཆོས་ཀྱི་རྗེ། །རྗེ་མ་ཏི་རཏྣ་བསོད་ནམས་བཟང༌། །མཆོག་གྲུབ་པ་བརྙེས་པའི་ཁྱུ་རྣམས་ལ། །བདག་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །གནས་ཨོ་རྒྱན་གྱི་གཙོ་མོ་རྣལ་འབྱོར་མར། །དོན་གཉིས་མེད་ནམ་མཁའི་རྣལ་འབྱོར་མཚན། །བྱིན་རླབས་ཀྱི་བརྒྱུད་པར་ཐུགས་བརྩེ་བས། །རྨི་ལམ་དུ་བརྡ་ཐབས་རྟེན་འབྲེལ་གྱིས། །དོན་མ་ནོར་བའི་བརྒྱུད་པ་གཏད་མཛད་པའི། །དཔལ་ཌཱ་ཀི་བདེ་སྐྱོང་བཟང་མོ་ལ། །བདག་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །དོན་མ་རྒྱུད་མཁའ་འགྲོས་སྙིང་ཁྲག་གི །མཆོག་བྱིན་རླབས་བདུད་རྩིའི་མཛོད་འཆང་ཞིང༌། །བཀའ་བབ་ཀྱི་གདམས་པའི་སྲོལ་འཛིན་པ། །དཔལ་འཇིགས་མེད་ཆོས་ཀྱི་སེངྒེ་ལ། །བདག་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །གཤིས་རིག་ཁམས་ཆོས་ཉིད་སངས་རྒྱས་སུ། །དོན་མ་ནོར་རྗེན་པར་སྟོན་མཛད་པའི། །མགོན་མཆོག་གསུམ་རྩ་གསུམ་འདུས་གཟུགས་རྗེ། །རྒྱལ་ཀུན་ལས་བཀའ་དྲིན་ལྷག་པའི་དཔལ། །རྗེ་རྩ་བའི་བླ་མ་རྡོ་རྗེ་འཆང༌། །བདག་གདུང་ཤུགས་དྲག་པོས་གསོལ་བ་འདེབས། འདི་མན་ཆོས་རྗེ་རིན་པོ་ཆེའི་གསུངས་རྡོ་རྗེའི་ཚིག་སྟེ། མི་རྨོངས་པའི་ཚིག་ལ་སྙན་པའི་ངག །ཡིད་དད་པའི་སེམས་ཀྱིས་གསོལ་བཏབ་མཐུས། །དཔལ་སངས་རྒྱས་བསྟན་པ་དར་བ་དང༌། །ཆོས་རྒྱུན་དུ་གནས་པར་བྱིན་གྱིས་རློབས། །ཡུལ་དབེན་གནས་རྟག་ཏུ་བརྟེན་པ་དང༌། །གནད་སྒྲུབ་པ་མཐའ་རུ་སྐྱེལ་བ་ཡིས། །རྒྱུད་ཐུལ་ནས་གཞན་སྣང་ཀུན་ཚིམས་ནས། །དོན་འགྲོ་བ་འདྲེན་ནུས་བྱིན་གྱིས་རློབས། །བདེ་གསལ་ཉམས་རྒྱུད་ལ་སྐྱེ་བ་དང༌། །རང་རིག་པའི་རང་ངོ་ཤེས་པ་ཡིས། །དུས་ཉིན་མཚན་སྤྱོད་ལམ་འབྲེལ་བ་དང༌། །ངར་ངེས་ཤེས་ལྡན་པར་བྱིན་གྱིས་རློབས། །སྒོམ་ཉམས་ལེན་མཁན་པོ་རང་སར་བྲལ། །སྟོང་རིག་རྗེན་ནང་ནས་འཆར་བ་དང༌། །ཕྲ་རགས་ཀྱི་སྤུན་ཆ་རང་སར་དག །དོན་སྟོང་ཉིད་འགྱུར་མེད་བྱིན་གྱིས་རློབས། །ཉམས་སྣང་སྟོང་ཟུང་འཇུག་ནང་ནས་ཤར། །སེམས་རིག་བྱེད་ཤེས་པ་རང་སར་གྲོལ། །ཆོས་གཉུག་མའི་རང་ས་རྒྱུན་དུ་ཟིན། །མཆོག་མཉམ་རྗེས་གཅིག་འདྲེས་བྱིན་གྱིས་རློབས། །ཉིན་མཚན་མོའི་རྨི་ལམ་གདོད་ནས་དག །བསྒོམ་བྱ་དང་སྒོམ་བྱེད་ཞེན་པ་བྲལ། །ལམ་འཁོར་འདས་ཆོས་རྣམས་གཅིག་ཏུ་འཛོམས། །འབྲས་སྐུ་བཞི་ལྷུན་གྲུབ་བྱིན་གྱིས་རློབས། །ཆོས་ཕྲིན་ལས་ཀུན་གྱི་ཆེ་བ་ཡིས། །གནས་འཁོར་བ་མཐའ་རུ་སྐྱེལ་བ་དང༌། །ལས་ཁྱད་དུ་མ་བྱས་ཀྱང་གཞན་སྣང་ཚིམས། །དེ་རྒྱུན་ཆད་མེད་པར་བྱིན་གྱིས་རློབས། །དོན་བརྒྱུད་པ་ལ་གསོལ་བཏབ་བྱིན་རླབས་ཀྱིས། །བདག་ཅི་བྱས་ཆོས་སུ་འགྲོ་བ་དང༌། །ཅི་བསམ་པ་ཆོས་བཞིན་ལྷུན་གྲུབ་ནས། །དཔལ་སྐུ་ལྔ་དབྱེར་མེད་ལྷུན་གྲུབ་ཤོག །ཅེས་དང༌། ཆོས་དྲུག་སྐབས་ཟུར་ནས་འབྱུང་བའི་གསལ་འདེབས་འདིར་འཛུད། དེ་ནས། ན་མོ། དུས་གསུམ་རྒྱལ་དང་རྒྱལ་སྲས་འདུས་པའི་སྐུ། །རྩ་གསུམ་ཆོས་དང་དགེ་འདུན་མ་ལུས་པ། །ཀུན་འདུས་བརྒྱུད་པའི་བླ་མ་བྱིན་རླབས་ཅན། །རྒྱལ་བ་ཀུན་ལས་བཀའ་དྲིན་ལྷག་པ་ཡི། །སྐྱབས་ཀྱི་སྙིང་པོ་རྩ་བའི་བླ་མ་ལ། །མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །བྱིན་རླབས་ཐུགས་ཀྱི་ཀློང་ནས་དུས་འདིར་སྩོལ། །ལོང་མེད་དྲན་ཞིང་དགེ་སྡིག་བླང་དོར་བརྩོན། །དམ་ཚིག་ལ་གནས་ས་ལམ་རིམ་པར་རྫོགས། །འབྲས་བུ་བླ་མའི་ཐུགས་དང་དབྱེར་མེད་ཤོག །ཅེས་བྱིན་རླབས་ཞུགས་པའི་རྟགས་མ་བྱུང་བར་དུ་འབད་པ་དང༌། ལོང་སྐབས་དབེན་ཚེ། དྲིན་ཆེན་རྩ་བའི་བླ་མ་ལ། །བཟོད་མེད་སྙིང་ནས་གསོལ་བ་འདེབས། །བདག་རྒྱུད་དམ་པའི་ཆོས་དང་མཐུན། །འཁྲུལ་མེད་ངོ་བོ་རྟོགས་པར་མཛོད། ཅེས་བརྒྱ་སྟོང་ཁྲི་འབུམ་སོགས་གྲངས་ཅི་མང་བསགས། དེ་ལྟར་བླ་མ་ལ་གསོལ་བ་འདེབས་པ་ནི་ཆོས་ཐམས་ཅད་ཀྱི་སྙིང་པོ་ཡིན་ཕྱིར་ཐུན་ཀུན་གྱི་འགོ་དང་དུས་རྒྱུན་དུ་བསྒོམ་ཞིང་གསོལ་བ་གདབ་པར་གསུངས་པ་ལྟར་བྱའོ། །གསུམ་པ་ནི། བླ་མའི་རྣལ་འབྱོར་བསྒོམས་ཞིང་གསོལ་བ་བཏབ་པས་བྱིན་རླབས་ཞུགས་པའི་རྟགས་སུ་ལུས་ལ་ན་ཚ་དང་གདོན་བགེགས་ཀྱི་བར་ཆད་ཞི་ཞིང་ལུས་བདེ་བ་དང་ཡང་བ་ངག་དིག་ལྐུགས་ཚིག་མི་བཙུན་པ་སོགས་དང༌། རྩ་རླུང་གི་ཉམས་རྒུད་ཞི་ནས་ཚིག་བཙུན་ཞིང་རིག་སྔགས་ཀྱི་བདེན་པ་འགྲུབ་པ་དང༌། གང་སྨྲས་གཞན་གྱིས་ཉན་པ་སོགས་དང༌། ཡིད་ཀྱི་ཉོན་མོངས་འཁྲུལ་རྟོག་མི་དགེ་བའི་བསམ་པ་ཐམས་ཅད་ཞི་ནས་བསྐྱེད་རྫོགས་གང་བསྒོམ་པ་རྣམས་ལ་ཡོན་ཏན་ཁྱད་པར་ཅན་དག་སྣང་མོས་གུས་སྙིང་རྗེ་ཕན་སེམས་སྔར་དང་མི་འདྲ་བ་སྐྱེ་ཞིང་རྨི་ལམ་དུའང་བྱིན་གྱིས་བརླབས་པའི་རྟགས་བླ་མ་མཇལ་ཞིང་ཆོས་གསུང་པ། ཡི་དམ་ལྷ་ཞལ་མཐོང་བ། མན་ངག་གི་ཚིག་དོན་ཐོས་པ། རང་བཞིན་ཡིད་ཡུལ་གསལ་བ། དངོས་སུ་འཁོར་འདས་ཐམས་ཅད་བླ་མའི་རོལ་པར་འཆར་ཞིང་དག་སྣང་ཕྱོགས་མེད་དུ་འབྱོངས་བ་དང༌། དག་སྣང་དེ་ལ་བརྟེན་ནས་མ་བཅོས་རང་བྱུང་གི་རྟོགས་པ་ཤུགས་འབྱུང་དུ་འཆར་བས་ཐེ་ཚོམ་བྲལ་བ། སྐབས་འགར་མོས་གུས་ཚད་མེད་པས་ཉམས་འུར་བ་བ་སྤུ་ལྡང་བ། མཆི་མ་འཁྲུགས་པ་རྣམས་ཡོང་སྟེ། དེ་ཡང་དང་པོར་འདོད་པའི་དད་པ་ནི་བླ་མར་དགའ་བ་དང༌། དད་ཅིང་འབྲལ་མི་ཕོད་པ་དང༌། དེ་ནས་རང་བཞིན་གྱིས་བླ་མ་འདི་ཉིད་རང་སོ་སྐྱེས་ཕལ་པ་མ་ཡིན་ཞིང༌། འདི་ལ་གནས་སྐབས་མཐར་ཐུག་ཀུན་ལ་ཕན་པ་ཞིག་ཡོད་འདྲ་སྙམ་ནས་བརྙས་པ་མི་བྱེད་ཅིང་ཚོགས་གསོག་ཅི་ནུས་སུ་འབུལ་བ་དང༌། ཞབས་འབྲིང་ངལ་མེད་པར་བསྒྲུབ་པ་ནི་དང་བའི་དད་པ་དང༌། །དེ་ནས་བླ་མའི་སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་སངས་རྒྱས། ཡོན་ཏན་རྒྱལ་བ་ཞི་ཁྲོ། ཕྲིན་ལས་ཆོས་སྐྱོང་སྲུང་མ་ཡིན་ངེས་སུ་འདུག་པ་དང༌། དེར་མ་ཟད་ཚད་མེད་པའི་ཐུགས་རྗེ་ཆེན་པོས་རང་ཅག་རྣམས་དང་མཉམ་པར་འགྲོགས་ཤིང་སྤྱོད་ལམ་མཐུན་པའི་སྒོ་ནས་ཐུགས་རྗེས་ཕ་མ་ལྟ་བུར་གཟིགས་པ་འདི་ནི་རང་ངོས་ནས་རྫོགས་པའི་སངས་རྒྱས་དངོས་ལས་ཀྱང་ལྷག་ཅིང་བཀའ་དྲིན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལས་ཆེའོ་སྙམ་ནས་ཡིད་ཆེས་ཤིང༌། བླ་མས་དུག་ལྔ་སྤྱོད་པ་དང༌། མི་རྟ་གསོད་པ་སོགས་མཚམས་མེད་ཀྱི་ལས་བྱས་པ་ལྟ་བུ་ཞིག་གལ་ཏེ་སྣང་ནའང་བླ་མ་ལ་འཁོར་བའི་རྣམ་རྟོག་སྐྱོན་གྱིས་གོས་པ་རྡུལ་ཙམ་མེད་པས་རང་ཅག་རྗེས་སུ་འཛིན་ཕྱིར་ཡེ་ཤེས་ཀྱི་རོལ་པ་ཁོ་ནའོ་སྙམ་ཞིང༌། རང་གི་སྒོ་གསུམ་གྱི་སྒོ་ནས་མཉེས་པ་དགུ་ཕྲུགས་སུ་བསྒྲུབ་ཅིང༌། དེའང་བླ་མ་མི་དགྱེས་པར་འདུག་ན་གཙུག་ལག་ཁང་ཡང་ཤིག བླ་མ་དགྱེས་པར་འདུག་ན་བྱེ་མའི་ཁང་པ་ཡང་ཁོབ་གསུངས་པ་ལྟར་བླ་མའི་བཞེད་པ་ཅི་འགྲུབ་ཀྱིས་སྐད་ཅིག་ཙམ་ཡང་སྐྱོ་ངལ་མེད་ཅིང་ཅི་བཞེད་ཐམས་ཅད་དམ་པའི་ཆོས་སུ་ཤེས་པས་འགལ་བ་ཅུང་ཟད་ཀྱང་མེད་པ་སྟེ། དེ་ཡང་ཇི་སྐད་དུ། བླ་མའི་མཛད་པ་ཇི་ལྟར་བསྟན་ན་ཡང༌། །ངོ་མཚར་མོས་པས་རྟག་ཏུ་མཆོད་བྱེད་ཅིང༌། །བྱ་བ་ཀུན་ལ་གཞན་སྐྱོན་མི་རྟོག་པར། །ཕན་པའི་འདུ་ཤེས་རྟག་ཏུ་བསྐྱེད་པར་བྱ། ཞེས་དང༌། རྗེ་མི་བསྐྱོད་ཞབས་ཀྱིས། དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ། །སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང༌། །ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། །བླ་མའི་བྱིན་རླབས་སེམས་ལ་འཇུག་གྱུར་ཅིག །ཅེས་གསུངས་པ་ལྟར་དང་དེ་ཡང་བཀའ་བརྒྱུད་ཀྱི་དགོངས་པ། བཀའ་བརྒྱུད་བྱིན་རླབས་ཀྱི་ལམ། བྱིན་རླབས་མོས་གུས་ཀྱི་ལམ་ཞེས་གསུངས་པ་ལྟར་དང༌། སྐྱོབས་པ་འཇིག་རྟེན་གསུམ་མགོན་གྱིས་མོས་གུས་དཀར་པོ་གཅིག་ཐུབ་ཞལ་གྱིས་བཞེད་པ་ལྟར༌། བན་རྒར་འཇམ་དཔལ་བཟང་པོས་མོས་གུས་སྒོམ་གྱི་མགོ་བོར་གསུངས་པ་ལྟར་ཡིན་ཞིང༌། དེ་མ་ཟད་ཇི་སྐད་དུ། དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ཡོན་ཏན་མི་སྐྱེ་ཞིང༌། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་མོ་ཇི་བཞིན་ནོ། ཞེས་འབྱུང་བས་མཚོན་མདོར་ན་བླ་མའི་བཞེད་པ་བསྒྲུབ་ཕྱིར་དོན་དུ་བླ་མ་ལ་བཞེད་པ་ཅི་ཡང་མེད་ཅིང་བཞེད་པ་ལྟར་སྣང་བ་རང་གི་ལུས་ངག་ཡིད་གསུམ་དུ་མ་ཟད་སྲོག་ཀྱང་གཏོང་ནུས་པ་ཞིག་བྱུང་ན་གང་ཟག་དེའི་ལག་ཏུ་རྫོགས་པའི་སངས་རྒྱས་དངོས་སུ་སོན་པ་ཡིན་ལ། བཀའ་བརྒྱུད་སྤྱི་དང་ཁྱད་པར་དུ་མཉམ་མེད་འབའ་རོམ་པ་ཆེན་པོའི་དགོངས་པའི་མཐིལ་ཏེ་དེ་དག་ནི་ཡིད་ཆེས་པའི་དད་པའོ། །དེ་ཡང་རང་སེམས་སངས་རྒྱས་སུ་རྟོགས་ནས་བླ་མའི་མཚན་ཐོས་པ་དང༌། མཛད་སྤྱོད་དང་སྐུ་ཡི་ཆས་སོགས་མཐོང་བ་ཙམ་གྱིས་ཡིད་གཡོ་བར་མ་ཟད་རང་བཞིན་སེམས་མ་ཡེངས་པའི་ངང་ནས་འདི་ལ་དད་འདི་ལ་མོས་ཞེས་པའི་ངོས་བཟུང་ཅན་ཞིག་མེད་ཀྱང་གདུང་ཤུགས་ཀྱི་མོས་གུས་དྲག་ཏུ་འབར་བ་རང་བྱུང་དད་པས་དོན་དམ་སྟོན་ཅེས་པ་དེ་ཉིད་ཡིན་ནོ། །བཞི་པ་ནི། མཐར་ཕྱི་ནས་ཁྲོམ་འཚོགས་ཀྱི་བླ་མ་ཐམས་ཅད་ཆོས་སྐུ་རྡོ་རྗེ་འཆང་ལ་འདུས། དེ་ནས་རིམ་གྱིས་འོད་དུ་ཞུ་སྟེ་གཅིག་ལ་གཅིག་ཐིམ་པའི་ཚུལ་དུ་སྙིང་གི་རྩ་བའི་བླ་མ་རྡོ་རྗེ་འཆང་ལ་ཐིམ། དེ་ཉིད་ཀྱི་དཔྲལ་བ་དང་སྐུ་ཡི་ཆ་ལས་འོད་ཟེར་དཀར་པོ་བྱུང༌། ལུས་ཀྱི་ཕུང་ཁམས་ཐམས་ཅད་ཁྱབ་ཅིང་སྒྲིབ་པ་དང་དངོས་འཛིན་གྱི་ཨ་འཐས་ཐམས་ཅད་སྦྱངས། སྐུ་བུམ་པའི་དབང་ཐོབ། སྤྲུལ་པའི་སྐུ་མཚན་དཔེ་ཡོངས་སུ་རྫོགས་པའི་ས་བོན་བཞག ལམ་དུས་སུ་བསྐྱེད་རིམ་བསྒོམ་པ་ལ་དབང་བར་གྱུར་སྙམ་དུ་བསམ། དེ་ནས་བླ་མའི་མགྲིན་པའི་ནང་གསུང་རླུང་སྔགས་ཀྱི་རང་བཞིན་ལས་འོད་ཟེར་དམར་པོ་འཕྲོས། རང་ཉིད་ཀྱི་ངག་རྩ་རླུང་གི་ཁམས་ཐམས་ཅད་སྦྱངས། གསུང་གསང་བའི་དབང་ཐོབ། ལོངས་སྤྱོད་རྫོགས་པའི་ས་བོན་རྒྱུད་ལ་བཞག ལམ་དུས་སུ་རྩ་རླུང་རླུང་སྔགས་བཟླ་བ་ལ་དབང་བར་གྱུར་སྙམ་དུ་བསམ་པ་དང༌། བླ་མའི་ཐུགས་ཇི་ལྟ་ཇི་སྙེད་ཡེ་ཤེས་ཀྱི་ཁམས་ལས་འོད་ཟེར་མཐིང་ཀ་འཕྲོས། ཡིད་དང་སེམས་ཀྱི་རྟོག་ཚོགས་ཐམས་ཅད་ལ་ཐིམ་པས་ཡིད་ཀྱི་སྒྲིབ་པ་དང་ཐིག་ལེའི་རྟོག་ངན་སེམས་ཀྱི་བག་ཆགས་ཐམས་ཅད་སྦྱངས། ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཆོས་ཀྱི་སྐུ་ཡི་ས་བོན་རྒྱུད་ལ་བཞག ལམ་དུས་སུ་འོད་གསལ་ཏིང་ངེ་འཛིན་གྱི་སྒོ་ཐམས་ཅད་འཆར་ཞིང་ཕོ་ཉའི་ལམ་བསྒོམ་པ་ལ་དབང་བར་གྱུར་སྙམ་དུ་བསམ་པ་དང༌། བླ་མའི་ལྟེ་བ་དང་སྐུ་ཡི་ཆ་ཐམས་ཅད་ནས་ཡེ་ཤེས་ཀྱི་འོད་ཟེར་ཁ་དོག་སྣ་ཚོགས་པ་འཕྲོས་རང་གི་སྒོ་གསུམ་ཆ་སྙོམས་ལ་ཐིམ་པས་སྒྲིབ་གསུམ་སྤྱི་དང་ཤེས་བྱ་སྙོམས་འཇུག་གི་བག་ཉལ་ཐམས་ཅད་ལྷག་མེད་དུ་སྦྱངས། ཚིག་དབང་རིན་པོ་ཆེ་ཐོབ། ངོ་བོ་ཉིད་སྐུའི་ས་བོན་རྒྱུད་ལ་བཞག ལམ་དུས་སུ་འོད་གསལ་ཕྱག་རྒྱ་ཆེན་པོ་མངོན་དུ་བྱེད་པ་ལ་དབང་བའོ་སྙམ་དུ་ངེས་ཤེས་བྱས་ལ། ངག་ཏུ། འཁོར་གྱི་བཀའ་བརྒྱུད་བླ་མ་ཐམས་ཅད་ཀུན། །སྟེང་ཕྱོགས་ཆོས་སྐུ་རྡོ་རྗེ་འཆང་ལ་འདུས། །དེ་ནས་རྩ་བརྒྱུད་བླ་མ་ཐོ་བརྩེགས་རྣམས། །རིམ་གྱིས་འོད་ཞུ་གཅིག་ལ་གཅིག་ཐིམ་ལྟར། །བྱིན་རླབས་ཀུན་འདུས་བླ་མ་ཡབ་ཡུམ་ལ། །ཐིམ་མཐར་བླ་མའི་དཔྲལ་བའི་འོད་ཟེར་ནི། །དཀར་པོའི་ལུས་ཀྱི་སྒྲིབ་བསལ་བུམ་དབང་ཐོབ། །འབྲས་བུ་སྤྲུལ་སྐུ་འགྲུབ་པའི་སྐལ་ལྡན་བྱས། །བླ་མའི་མགྲིན་པའི་འོད་དམར་རྩ་རླུང་སྦྱངས། །གསང་བའི་དབང་ཐོབ་ལོངས་སྐུའི་གོ་འཕང་བྱས། །ཐུགས་ལས་འོད་མཐིང་འཕྲོས་པས་ཡིད་སྒྲིབ་སྦྱངས། །ཤེས་རབ་དབང་ཐོབ་ཆོས་སྐུའི་གོ་འཕང་བྱས། །སྐུ་དང་ལྟེ་བའི་གནས་ནས་འོད་སྣ་ཚོགས། །འཕྲོས་པས་ཆ་སྙོམས་བག་ཆགས་དྲི་མ་སྦྱངས། །ཚིག་གི་དབང་ཐོབ་ངོ་བོ་ཉིད་ཀྱི་སྐུ། །སྐུ་བཞི་ཡོངས་རྫོགས་ཆེན་པོའི་གོ་འཕང་བྱས། །བླ་མའི་ཐུགས་དང་རང་སེམས་དབྱེར་མེད་པར། །བདེ་སྟོང་གཉིས་མེད་ངང་དུ་རོ་གཅིག་གྱུར། ཆོས་དྲུག་སྔོན་འགྲོའི་སྐབས། བླ་མ་ཧེ་རུ་ཀ་དཔལ་ཡབ་ཡུམ་གྱིས། །བདག་ལ་བརྩེ་བ་ཆེན་པོའི་ཉེར་དགོངས་ནས། །ཐུན་མོང་མ་ཡིན་ཤིན་ཏུ་ཟབ་དབང་གིས། །སྟན་ཐོག་འདི་རུ་སྨིན་ཅིང་གྲོལ་བར་མཛོད། །ཞེས་པའི་གསོལ་བཏབ་འཁོར་རྣམས་འོད་དུ་ཞུ། །བླ་མའི་སྐུར་ཐིམ་ཡབ་ཡུམ་སྦྱོར་མཚམས་ནས། །བྱང་སེམས་རྒྱུན་བབ་ཚངས་པའི་སྒོ་ནས་ཞུགས། །གཞི་དུས་བུམ་པའི་དབང་ཐོབ་ལུས་སྒྲིབ་དག །ལམ་དུས་བསྐྱེད་པའི་རིམ་པ་བསྒོམ་ལ་དབང༌། །འབྲས་དུས་སྤྲུལ་སྐུ་ཐོབ་པའི་སྐལ་ཅན་གྱུར། །སླར་ཡང་མོས་གུས་དྲག་པོས་བསྐུལ་བའི་མཐུས། །བདེ་བའི་ཉམས་འབར་ཆགས་པའི་རྒྱུ་རྩལ་གྱིས། །རྩ་གསུམ་ལྷ་དང་དཔའ་བོ་མཁའ་འགྲོའི་ཚོགས། །སྤྱན་དྲངས་ཞལ་ཞུགས་བྱང་སེམས་བདུད་རྩིའི་རྒྱུན། །སྦྱོར་མཚམས་ནས་བབས་ཚངས་བུག་རྡོ་རྗེའི་རྩེར། །བརྒྱུད་དེ་རྩ་གནས་ཀུན་ཁྱབ་བདེ་ཉམས་གཡོས། །གཞི་དུས་གསང་བའི་དབང་ཐོབ་ངག་སྒྲིབ་དག །ལམ་དུས་རླུང་སྔགས་བདག་བྱིན་བརླབས་ལ་དབང༌། །འབྲས་དུས་ལོངས་སྐུ་འགྲུབ་པའི་སྐལ་ཅན་གྱུར། །བླ་མའི་ཡུམ་ལས་ཡུམ་འཕྲོས་མཉམ་པར་སྦྱོར། །འདུ་ཤེས་གསུམ་གྱིས་དགའ་བཞི་འགྲོས་སྦྱངས་པས། །གཞི་དུས་ཤེར་དབང་ཐོབ་ཅིང་ཡིད་སྒྲིབ་དག །ལམ་དུས་གཞན་ལུས་བདེ་སྟོང་བསྒོམ་ལ་དབང༌། །འབྲས་དུས་ཆོས་སྐུ་ཐོབ་པའི་སྐལ་ཅན་གྱུར། །དེ་ལས་ལུགས་ལྡོག་འགྲོས་མཐར་བརྗོད་མེད་ཉམས། །མཐའ་བྲལ་སེམས་ཀྱི་དེ་ཉིད་ཕྱག་རྒྱ་ཆེ། །བླ་མའི་ཐུགས་དང་དབྱེར་མེད་ཤུགས་ཀྱིས་འདྲེས། །མ་བཅོས་དེ་ཀར་བཞག་པས་ཆོས་སྐུར་གྲོལ། །གཞི་དུས་ཚིག་གི་དབང་ཐོབ་ཆ་སྙོམས་ཀྱི། །སྒྲིབ་དག་ལམ་དུས་ཕྱག་ཆེན་བསྒོམ་ལ་དབང༌། །འབྲས་དུས་ངོ་བོ་ཉིད་སྐུའི་སྐལ་ཅན་གྱུར། །མི་ཕྱེད་རྡོ་རྗེའི་བདག་ཉིད་ཧེ་རུ་ཀ། །འཕོ་འགྱུར་འདུ་འབྲལ་མེད་པར་རོ་གཅིག་ཤོག །ཅེས་བརྗོད་པ་དང༌། གཏུམ་མོ་འབར་འཛག་གི་དམིགས་པ་བདག་བསྐྱེད་ལ་བརྟེན་ནས་བསྒོམ་ཞིང་བདེ་སྟོང་གི་ཉམས་སྤར་བས་དམིགས་རིམ་ལ་སྙིང་ཕུར་གཏད་ནས་བསྐྱེད་རྫོགས་ཟུང་འཇུག་གི་ལམ་སྦྱོང་བ་ཡང་འདི་ཉིད་ཀྱིས་འགྲུབ་པར་འགྱུར་རོ། །དེ་ལྟ་བུའི་ཚེ་འདི་ཉིད་ལ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་འབྱེད་པའི་བླ་མ་གོང་མ་རྣམས་ཀྱིས་མན་ངག་ཞལ་གསུངས་བསླུ་མེད་ཡིན་པས་དེ་ལྟར་ཉམས་སུ་ལེན་པ་ལ་ཐང་ལྷོད་མེད་ཅིང་ཡིད་ཆེས་དང་ལྡན་པས་བསྒྲུབས་ན་དལ་འབྱོར་རིན་པོ་ཆེ་འདི་དོན་དང་ལྡན་པར་འགྱུར་བས་རྗེས་འཇུག་གི་ཚོགས་རྣམས་ཀྱིས་ལྷུར་ལེན་པར་རིགས་སོ། །སླར་སྨྲས་པ། རྒྱལ་དང་རྒྱལ་བའི་སྨྱུ་གུའི་བཞེད་གཞུང་ལས། །གྲུབ་པའི་སྐྱེ་མིས་གསེར་རིས་འཕྲེང་བ་ཡི། །ཐུགས་བཅུད་གངྒཱའི་སྙིང་པོ་བཻ་ཌཱུརྻ། །ཐུབ་བསྟན་ལྷུན་པོའི་བ་གམ་སྤོར་སྦྲེངས་བས། །འགྲོ་ཁམས་གཏན་བདེའི་ཕོངས་ལས་ཡོངས་གྲོལ་ཏེ། །ངེས་པ་དོན་གྱི་ལང་ཚོ་རབ་རྒྱས་ཤིང༌། །མཁྱེན་གཉིས་ཟེར་གྱིས་འོད་གསལ་ཕྱག་རྒྱ་ཆེ། །མངོན་འགྱུར་ཟུང་འཇུག་རྡོ་རྗེ་འཆང་འགྲུབ་ཤོག །སྐྱེས་སྦྱང་ཡོན་ཏན་བུང་བ་རྩལ་ཞན་ཀྱང༌། །དཔལ་ལྡན་འབའ་རོམ་སྲིད་ཞུའི་འདབ་གཤོག་རྒྱས། །གྲུབ་མཆོག་པདྨོའི་བདུད་རྩི་རྟག་རོལ་པས། །ཟུང་འཇུག་དོན་གྱི་མགྲིན་གླུ་འབྱིན་འདི་རྨད། །ངེས་དོན་སྟག་ཟའི་ང་རོའི་རྗེས་འགྲོ་བས། །ལོག་སྨྲ་རྟོག་གེའི་སྨྲ་བ་སྐྱུང་གྱུར་ཏེ། །དཔལ་ལྡན་འབའ་རོམ་ལྷུན་པོའི་གངས་ཁྲོད་དུ། །བརྟུལ་ཞུགས་ངེས་པའི་སྒྲ་ཆེན་སྒྲོགས་གྱུར་ཅིག །ཅེས་པ་འདིའང་རྗེ་འབའ་རོམ་པ་ཆེན་པོའི་རིང་སྲོལ་འཛིན་པ། ༢ དཔལ་ལྡན་སྐྱོ་བྲག་པ་ཆེན་པོའི་བརྒྱུད་པའི་ཕྲེང་འཛིན་དགེ་བཤེས་དམ་པ། ཀརྨ་ཨ་ཛྙ་མ་ལ་མངྒ་ལ་དང༌། ཉེ་གནས་ཀརྨ་དཱ་མ་ཀ་དེ་ཝོ་དཱ་ཡ་སོགས་བརྒྱུད་འཛིན་གྱི་སློབ་ཚོགས་རྣམས་ཀྱིས་བསྐུལ་བའི་བཞེད་སྐོང་སླད་དུ། ཀརྨ་མི་ཕམ་འཇིགས་མེད་ཆོས་ཀྱི་སེངྒེའམ་ དཔལ་ཁྲག་འཐུང་དགའ་བའི་ཡེ་ཤེས་བདེ་ཆེན་འབར་བའི་རྡོ་རྗེ་སྟོབས་ལྡན་བདུད་འདུལ་གླིང་པ་རྩལ་གྱིས་གདན་ས་ཆེན་པོ་སྤྱི་འབྱམས་ཕུན་ཚོགས་མདོ་སྔགས་བཤད་སྒྲུབ་དར་རྒྱས་གླིང་གི་ཆོས་གྲྭར་ཐུན་མཚམས་རྣམས་སུ་ཤར་མར་སྨྲ་རིམ་བཞིན་ཀརྨ་འདུལ་བ་ལྷ་དར་བས་ཡི་གེར་བཏབ་པ་འདིས་ཀྱང་ངེས་དོན་སྙིང་པོའི་གསང་བ་ཟབ་མོའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་ཏེ། འགྲོ་ཀུན་ཆོས་དབྱིངས་གདོད་མའི་མགོན་པོའི་གོ་འཕང་མངོན་དུ་བྱེད་པའི་རྒྱུར་གྱུར་ཅིག སརྦ་དཱ་ཤ་སུ་ཛ་ཡ།། །། །། ༈ སླར་སྨྲས་པ། གྲུབ་པའི་ཁྱུ་མཆོག་དར་མ་དབང་ཕྱུག་གི །གདམས་པའི་བཀའ་སྲོལ་ངེས་དོན་ཟབ་མོའི་ཆོས། །བདེ་སྟོང་གནས་ལུགས་ཕྱག་རྒྱ་ཆེན་པོ་ཟུང༌། །མཉམ་སྦྱོར་སྒྲུབ་བརྒྱུད་བསྟན་པ་འདི་རྨད་བྱུང༌། །གང་གི་རིང་ལུགས་གཞུང་དང་གདམས་པའི་བཅུད། །ནཱ་རོའི་ཆོས་དྲུག་བདེ་མཆོག་སྙན་བརྒྱུད་སོགས། །དུས་མཐའི་འགྲོ་བའི་ཕན་བདེའི་རྩ་ལག་ཏུ། །གཅིག་ལས་དུ་མར་འཆར་བའི་པར་དུ་བསྐྲུན། །གཏན་པ་མེད་པའི་ཆོས་རྒྱུན་བགྱིས་པ་ཡི། །རབ་དགེ་དྲི་མེད་ཟླ་ཞུན་ལྟར་དཀར་བས། །སྒྲུབ་བརྒྱུད་འདིས་མཚོན་རིས་མེད་ཐུབ་པའི་བསྟན། །འཛམ་གླིང་ཡངས་པའི་ས་འདིར་རྟག་གནས་ཤོག །ཅེས་པ་འདི་ནི་བླ་མ་ཀརྨ་དཔལ་འབྱོར་ནས་འབའ་རོམ་བཀའ་བརྒྱུད་ཀྱི་ཡིག་ཆ་དག་འཐོར་བ་བསྡུས་པའི་སྐབས་སྤར་བྱང་སྨོན་ཚིག་ཏུ་སྙོམ་ལས་པ་བསྟན་འཛིན་རྒྱ་མཚོས་བླ་རུང་ཆོས་སྡེ་ཆེ་མོ་ནས་ས་སྤྲེལ་ཟླ་ཚེས་ལ་བྲིས་ཏེ་ཕུལ་བའོ།། །།