(2)ཕྱག་ཆེན་ཆོས་དྲུག་ཟུང་གི་སྔོན་འགྲོ།

2012-04-17

ཏུ་དཀོན་མཆོག་གསུམ་དང་རྟག་ཏུ་མི་འབྲལ་ཞིང༌། རང་ཉིད་ཀྱང་རིམ་གྱིས་རྗོགས་སྨིན་སྦྱང་གསུམ་གྱི་ཡོན་ཏན་མཐར་ཕྱིན་པར་འགྱུར་བ་ནི་འབྲས་བུའི་གོ་འཕང་བླ་ན་མེད་པའོ། །ལྔ་པ་ནི། དེ་དག་གི་རྗེས་འབྲེལ་ཐེག་པ་ཆེན་པོར་སེམས་བསྐྱེད་པ་ནི། རྒྱ་ཆེན་སྤྱོད་པའི་ལུགས་དང༌། ཟབ་མོ་ལྟ་བའི་ལུགས་ཏེ་བཞེད་སྲོལ་གཉིས་ལས་འདིར་སྐྱབས་ཡུལ་བླ་མ་དཔང་པོའི་ཚུལ་དུ་བྱས་ཏེ་རྫོགས་པའི་སངས་རྒྱས་ལ་སྨོན་ཞིང༌། བདག་དང་སེམས་ཅན་ཐམས་ཅད་རྣམ་པ་ཐམས་ཅད་མཁྱེན་པ་དག་པ་གཉིས་ལྡན་སངས་རྒྱས་ཀྱི་ས་ཐོབ་པར་བྱ། དེའི་ཆེད་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྒོ་ནས་གནས་སྐབས་མཐར་ཐུག་ཐམས་ཅད་དུ་ཕ་མ་སེམས་ཅན་གྱི་དོན་ཁོ་ན་ཉིད་བསྒྲུབ་པར་བྱ་སྙམ་དུ་ཚོགས་ཞིང་གི་སྤྱན་སྔར་དམ་བཅས་ཤིང་ཁས་བླངས་པའི་ཚུལ་དུ་སློབ་དཔོན་ཀླུ་ཡི་གསུངས་བྱིན་རླབས་ཅན་འདི་ཉིད་སྐྱབས་སུ་འགྲོ་བ་དང་བཅས་ཏེ་ངག་འདོན་དུ་བྱ་ཞིང་ཡིད་ཀྱིས་བསྒོམ་པར་བྱའོ།། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང༌། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །བདག་ཀྱང་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང༌། །དེ་བཞིན་དུ་ནི་བསླབ་པ་ལའང༌། །རིམ་པ་བཞིན་དུ་བསླབ་པར་བགྱི། ཞེས་ཅི་ནུས་བྱ་ཞིང་སེམས་བསྐྱེད་བླངས། དེ་དག་གི་རྗེས་འབྲེལ་རང་ཉིད་ཀྱིས་དགའ་བ་བསྒོམ་པ། གཞན་ཡི་རང་ལ་བསྐུལ་ཞིང་དགའ་བ་བསྐྱེད་པ། རྒྱལ་དང་དེ་སྲས་རྣམས་ཀྱི་ཐུགས་བསྐྱེད་འགྲུབ་གྱུར་གྱི་བསྔོ་བ་དང་སྨོན་ལམ་གདབ་པ་བཅས་ཀྱིས་མཐར་བསྡུས་ཏེ། སེམས་བསྐྱེད་ཚུལ་ཡང་ཇི་སྐད་དུ། ཇི་ལྟར་འགྲོ་དང་འགྲོ་བ་ཡི། བྱེ་བྲག་ཇི་བཞིན་ཤེས་པ་ལྟར། དེ་བཞིན་མཁས་པ་དེ་ཉིད་ཀྱི། བྱེ་བྲག་ཇི་བཞིན་ཤེས་པར་བྱ། ཞེས་གསུངས་པ་ལྟར་ངེས་པར་བྱ། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་བདག་དེང་གྱུར། །དེང་ནས་བདག་གིས་ཅི་ནས་ཀྱང༌། །རིགས་དང་མཐུན་པའི་ལས་བརྩམ་སྟེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མ་གྱུར་དེ་ལྟར་བྱ། །བདག་གིས་དེ་རིང་སྐྱོབས་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱི། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པ་དང༌། །གོང་ནས་གོང་དུ་འཕེལ་བར་ཤོག །བྱང་ཆུབ་སེམས་དང་མི་འབྲལ་ཞིང༌། །བྱང་ཆུབ་སྤྱོད་ལ་གཞོལ་བ་དང༌། །སངས་རྒྱས་རྣམས་ཀྱིས་ཡོངས་བཟུང་ཞིང༌། །བདུད་ཀྱི་ལས་ཀྱང་སྤོང་བར་ཤོག །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །མགོན་པོ་ཡིས་ནི་གང་དགོངས་པ། །སེམས་ཅན་རྣམས་ལ་དེ་འབྱོར་ཤོག །སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །ངན་འགྲོ་ཐམས་ཅད་རྟག་ཏུ་སྟོངས་པར་ཤོག །བྱང་ཆུབ་སེམས་དཔའ་གང་དག་སར་བཞུགས་པ༌། །དེ་དག་ཀུན་གྱི་སྨོན་ལམ་འགྲུབ་པར་ཤོག །དྲུག་པ་ནི། ཐུན་མཐའ་རྣམས་སུ་སྐྱབས་མཁན་བསྐྱབ་བྱ་སྐྱོབ་བྱེད་ཐམས་ཅད་དམིགས་སུ་མེད་པར་རང་བཞིན་སྟོང་པ་ཉིད་དུ་རྒྱས་གདབ་ཅིང༌། སྐྱབས་ཡུལ་རྣམས་འོད་དུ་ཞུ་ནས་བདག་ལ་ཐིམ་པ་དང༌། བྱིན་རླབས་ཀྱི་ཆ་ཤས་སེམས་ཅན་ཐམསས་ཅད་ལ་ཐིམ་པས་རང་བཞན་འགྲོ་བ་ཐམས་ཅད་དཀོན་མཆོག་གསུམ་གྱི་སྐྱབས་འོག་ཏུ་ཚུད་པར་བསམ་མོ། དེ་ལྟར་ཡང༌། སྐྱབས་ཡུལ་དཀོན་མཆོག་དགྱེས་ཤིང་བདག་ལ་ཐིམ། དུས་ཀུན་འབྲལ་བ་མེད་པར་རྗེས་བཟུང་གྱུར། ཅེས་བློ་ཐག་ཆོད་པར་བྱའོ། ། ༈ །གཉིས་པ་སྡིག་སྒྲིབ་ཞི་བར་བྱེད་པའི་ཐབས་ནི། དེ་ཡང་བླ་མ་རྡོར་སེམས་ལ་བརྟེན་ནས་སྟོབས་བཞི་ཚངས་བའི་བཤགས་པ་བླ་མེད་ནས་འབྱུང་བའི་མན་ངག་ཟབ་མོ་བསྒོམ་པར་བྱ་བ་ལ་གཉིས། སྟོབས་བཞིའི་སྒོ་ནས་བཤགས་ཤིང་ཡོན་ཏན་ཞར་ལ་བསྟན་པ། མཐར་ཐུན་བསྡུ་བའོ། །དང་པོ་ནི། དེ་ཡང་སྔོན་དུ་རང་རྒྱུད་ལ་བརྟགས་པས་ཉོན་མོངས་སྟོབས་ཆེ་བའི་དབང་གིས་སྡིག་པའི་ལས་སྣ་ཚོགས་བྱས་པ་དང༌། བྱ་འགྱུར་བྱེད་བཞིན་པ་འདི་ལ་དཔག་ན་རང་ཉིད་སྡིག་ཤིན་ཏུ་ཆེ་བར་ཅི་མི་ཤེས། དེས་ན་མ་ཤེས་པར་ཁོང་དུ་དུག་ཟོས་པ་ལྟ་བུའི་གནོང་འགྱོད་དང༌། རང་བྱས་ལ་འཇིགས་སྐྲག་ངོ་གནོང་ཤིན་ཏུ་ཆེ་བས་ད་སྡིག་པ་འདི་ཇི་ལྟར་བྱས་ན་འདག་པའི་ཐབས་ཤིག་བརྩོན་པར་བྱའོ་སྙམ་པས་རྒྱུད་ལ་སྦྱང་བ་ནི་སྔོན་དུ་འགྲོ་བ་རྣམ་པར་སུན་འབྱིན་པའི་སྟོབས་དང༌། དངོས་གཞི་སྡིག་པ་སྦྱོང་བའི་ཐབས་ནི། རང་གི་སྤྱི་བོར་བླ་མ་དང་གཉིས་སུ་མེད་པའི་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་གངས་རིར་ཉི་མ་ཤར་བ་ལྟ་བུ་ཞལ་གཅིག་ཞི་ཞིང་འཛུམ་པ། ཕྱག་གཉིས་གཡས་པས་མི་ཤིགས་ཤིང་མི་ཕྱེད་པའི་རང་བཞིན་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་གཏོད་ཅིང༌། གཡོན་གྱིས་སྟོང་ཉིད་དབྱངས་ཀྱི་དྲིལ་བུ་དཀུར་བརྟེན་པ། དར་དང་རུས་པ་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་ཤིང་ཞལ་འཛུམ་པའི་མདངས་དང་ཐུགས་དགྱེས་པའི་སྤྱན་གྱིས་སྤྱི་བོ་ནས་བདག་ལ་ཞལ་ཚུར་ཕྱོགས་ཏེ་བཞུགས་པར་བསྒོམ་པ་འདི་ནི་ཕྱག་ཆེན་གྱི་སྐབས་དང༌། ༈ གཞན་ཡང་ཟབ་མོ་ཆོས་དྲུག་དང༌། དྭགས་པོའི་སྙན་བརྒྱུད་རྣམས་ལས་དཔལ་རྡོ་རྗེ་སེམས་དཔའ་ཧེ་རུ་ཀ་ཡུམ་སྙེམས་མ་དཀར་མོ་དང་གཉིས་སུ་མེད་པར་འཁྲིལ་བ་ཞལ་ཅུང་ཟད་གདངས་པ་དང་བཅས་ཏེ་ཞབས་གཉིས་གར་སྟབས་ཅིར་ཡང་འགྱུར་བ་ཅན་བསྒོམ་པ་ནི་རྟེན་གྱི་སྟོབས་དང༌། གང་ལྟར་དེ་དག་གི་སྤྱི་བོར་ཨོཾ་མགྲིན་པར་ཨཱཿཐུགས་ཀར་ཧཱུྃ་དང༌། ཐུགས་ཀའི་དབུས་སུ་པདྨ་དང་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་ལྟེ་བར་ཐུགས་སྲོག་ཧཱུྃ་ཡིག་དུང་ལྟར་དཀར་བ་ཧཱུྃ་དེའི་མདུན་ནས་བརྩམ་སྟེ་ཡི་གེ་བརྒྱ་པའི་སྔགས་ཀྱི་ཕྲེང་བ་སྦྲུལ་འཁྱིལ་བ་ལྟར་གཡོན་དུ་བསྐོར་བ་མུ་ཏིག་གི་མདངས་ལྟར་གསལ་ཞིང་འཚེར་ལ་ཤིན་ཏུ་བརྟན་པའི་བར་བསྒོམ་ལ། དེ་ནས་རིམ་པར་སྔགས་ལས་འོད་ཟེར་སྤྲོ་བསྡུས་རྒྱལ་བ་མཆོད་ཅིང་བྱིན་རླབས་བསྡུ་བ་དང༌། སླར་ཡང་འོད་ཟེར་གྱིས་འགྲོ་ཁམས་ཀྱི་སྒྲིབ་པ་སྦྱངས་ཞིང་ཐུགས་སྲོག་དང་སྔགས་ཕྲེང་ལས་ཡེ་ཤེས་བདུད་རྩིའི་རྒྱུན་བབས་པས་རྡོ་རྗེ་སེམས་དཔའི་སྐུ་གང་ཞབས་སོར་དང་སྐུའི་ཡི་ཆ་ཐམས་ཅད་ནས་བདུད་རྩིའི་ཆར་བབས། རང་གི་ཚངས་བུག་ནས་ཞུགས་ཤིང་སྡིག་སྒྲིབ་ཉེས་ལྟུང་བག་ཆགས་དྲི་མ་ཐམས་ཅད་སྦྱངས་བ་དང༌། ཕྱི་ལུས་ཀྱི་སྡིག་སྒྲིབ། ནང་སེམས་ཀྱི་ཉོན་མོངས་གསང་བ་སྙོམས་འཇུག་དང་ཤེས་བྱའི་ཆ་སྙོམ་གྱི་སྒྲིབ་པ་བག་ཉལ་དང་བཅས་པ་ཐམས་ཅད་ནག་མོག་མོག་པོར་སྦྱངས་ཏེ་ས་འོག་ཏུ་དམིགས་མེད་ཏུ་སོང་བར་བསམ་བཞིན་པ་དང༌། ཡིག་བརྒྱ་བཟླ་བ་ནི་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་སོ། །སླར་རྡོ་རྗེ་སེམས་དཔའི་ཐུགས་སྲོག་སྔགས་ཕྲེང་གི་བདུད་རྩི་སྐུ་ལས་ཐོན་པ་དེ་ཉིད་ཀྱིས་རང་གི་ལུས་ཐམས་ཅད་ཁྱབ་ཅིང་གང་སྟེ་སྒོ་གསུམ་བྱིན་གྱིས་བརླབས་ཤིང་བདེ་སྟོང་གིས་ལུས་ཁྱབ་པར་བསམ་པ་ནི་བྱིན་རླབས་འབེབས་པའོ། ། ༈ རྡོར་སེམས་ཡབ་ཡུམ་དུ་བསྒོམ་ན། དཔལ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་བྱང་སེེམས་ཡེ་ཤེས་བདུད་རྩིའི་རང་བཞིན་འབབས་པར་བསམ་པའོ། །དེ་ལྟར་སྒྲིབ་སྦྱོང་ལ་འབད་པས། སྡིག་སྒྲིབ་དག་པའི་རྟགས་ཁྲུས་བྱས་པ། གོས་དཀར་པོ་དྲི་མ་མེད་པ་གྱོན་པ། ཉི་ཟླ་ཤར་བ། ལུས་ལས་རྣག་ཁྲག་འབུ་སྲིན་ཐོན་པ། ནམ་མཁར་འཕུར་བ། གཅོང་རོང་གི་ལམ་འཕྲང་ཆུ་བོ་རྣམས་ལས་བརྒལ་བ་མ་རུངས་པའི་འཇིགས་པ་རྣམས་ལས་བླ་མ་དང་རྒྱལ་པོ་རྣམས་ཀྱིས་བསྐྱབས་ཤིང་ཐར་བ་སོང་བ་སོགས་ལས་ངན་སྡིག་སྒྲིབ་བྱང་ཞིང་བར་ཆད་ཞི་བའི་རྟགས་ཏེ། དེ་དག་ཉམས་དང་རྨི་ལམ་གང་རུང་དུ་འབྱུང་བ་དང༌། དངོས་སུ་ལུས་ཡང་ཞིང་ཤེས་པ་གསལ་བ་ནད་གདོན་བར་ཆད་རྣམས་ཞི་ཞིང་ཉོན་མོངས་པ་ཤས་ཆུང་བ་དང༌། མི་དགེ་བ་ལས་བློ་ལྡོག་པ། དག་སྣང་དང་དད་པ། དགེ་ཆོས་ལ་བློ་ཕྱོགས་ཤིང་ངང་རྒྱུད་དུལ་བ་སོགས་སྐྱེས་བུ་དམ་པའི་ངང་ཚུལ་སྐྱེ་བར་འགྱུར་རོ། །དེ་ལྟར་སྡིག་པ་དག་པས་སྦྱང་གཞིའི་ཉོན་སྒྲིབ་དང་ལས་སྒྲིབ་རྣམས་དག་ཅིང༌། ཤེས་སྒྲིབ་ཀྱང་སྲབ་མོར་གྱུར་པས་ཤིན་ཏུ་མེ་ལོང་དྭངས་པ་གཡའ་ཕྱིས་པ་ལ་གཟུགས་བརྙན་རྣམས་ཐོགས་པ་མེད་པར་ཤར་བ་བཞིན། སེམས་ཉིད་སྒྲིབ་པ་མེད་པ་ལ་མཁྱེན་གཉིས་ཀྱི་ཡོན་ཏན་གསལ་བ་ལ་ཐོགས་པ་མེད་ཅིང་ཡོན་ཏན་གྱི་ཆ་ནས་སེམས་ཉིད་ཡིད་བཞིན་ནོར་བུ་ཕྱི་བ་དང་བཀྲུས་པས་དངོས་གྲུབ་ཤུགས་ཀྱིས་འགྲུབ་པ་ལྟར་ཡེ་ཤེས་ཡོན་ཏན་འབད་མེད་དུ་སྐྱེ་བར་གསུངས་སོ། །དེ་ཡང་གསལ་འདེབས་ནི། སྤྱི་བོར་བླ་མ་རྡོ་རྗེ་སེམས་དཔའ་དཀར། །རྡོ་རྗེ་དྲིལ་འཛིན་ལོངས་སྐུའི་ཆས་རྣམས་རྫོགས། །སྐྱིལ་ཀྲུང་པདྨ་ཟླ་བའི་གདན་ལ་རེག །འཛུམ་ཞིང་དགྱེས་པས་བདག་ལ་གཟིགས་པ་ཡིས། །ཐུགས་ཀའི་པད་ཟླར་ཧཱུྃ་ལ་ཡིག་བརྒྱས་བསྐོར། །གནས་གསུམ་ཡིག་འབྲུ་གསུམ་གྱིས་རྒྱས་གདབ་གྱུར། ཅེས་བསྒོམ་ཞིང༌། དེ་ལས་བདུད་རྩི་བབས་པས་སྤྱི་བོ་ནས། །ཞུགས་ཤིང་ཕྱི་ནང་གསང་བའི་སྡིག་སྒྲིབ་སྦྱངས། །སླར་ཡང་བྱང་སེམས་བདུད་རྩིས་ལུས་གང་ནས། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐོབ་པ་གྱུར། ཅེས་བསྒོམ་ལ། ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ། ཏིཥྛ་དྲྀ་ཌྷྲོ་མེ་བྷ་ཝ། སུ་ཏོཥྱོ་མེ་བྷ་ཝ། སུ་པོཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿབྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མ་མེ་མུཉྩ། བཛྲི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱཿ ཞེས་ཡི་གེ་བརྒྱ་པ་དང་ཡིག་དྲུག་ཅི་ནུས་སུ་བསྒྲང་ཞིང་དམིགས་པ་ཡེངས་མེད་དུ་བརྩོན་པ་ནི་གསང་སྔགས་ཀྱི་སྟོབས་སམ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་སོ། །ཆོས་དྲུག་སྐབས། རང་གི་སྤྱི་བོར་པདྨ་ཉི་ཟླའི་སྟེང༌། །རྡོར་སེམས་སྙེམས་མ་ཡབ་ཡུམ་སྐུ་མདོག་དཀར། །ཁྲོ་འཛུམ་བཞད་པའི་ཉམས་ཅན་ལང་ཚོ་འབར། །ཧེ་རུ་ཀ་ཡི་ཆ་བྱད་རྡོར་དྲིལ་འཛིན། །ཐུགས་ཀར་ཟླ་སྟེང་ཧཱུྃ་ལ་སོགས་སྔོན་ལྟར་རོ། །ཐུན་མཐའ་རྣམས་སུ། བླ་མ་རྡོ་རྗེ་སེམས་དཔའ་བདག་ལ་དགོངས་སུ་གསོལ། བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱིས་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་ཐ་མ་ད་ལྟ་ལ་ཐུག་གི་བར་དུ་ཉོན་མོངས་པ་འདོད་ཆགས་དང༌། ཞེ་སྡང་དང་གཏི་མུག་གི་དབང་གིས་ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་སྡིག་པ་མི་དགེ་བ་བཅུ་བགྱིས་པ་དང༌། །མཚམས་མ་མཆིས་པ་ལྔ་བགྱིས་པ་དང༌། དེ་དང་ཉེ་བ་ལྔ་བགྱིས་པ་དང༌། སོ་སོར་ཐར་པའི་སྡོམ་པ་དང་འགལ་བ་བགྱིས་པ་དང༌། བྱང་ཆུབ་སེམས་དཔའི་བསླབ་པ་དང་འགལ་བ་བགྱིས་པ་དང༌། གསང་སྔགས་ཀྱི་དམ་ཚིག་དང་འགལ་བ་བགྱིས་པ་དང༌། དཀོན་མཆོག་གསུམ་ལ་གནོད་པ་བགྱིས་པ་དང༌། དམ་པའི་ཆོས་སྤངས་བ་དང༌། འཕགས་པའི་དགེ་འདུན་ལ་སྐུར་པ་བཏབ་པ་དང༌། ཕ་དང་མ་ལ་མ་གུས་པ་བགྱིས་པ་དང༌། མཁན་པོ་དང་སློབ་དཔོན་ལ་མ་གུས་པ་བགྱིས་པ་དང༌། གྲོགས་ཚངས་པར་མཚུངས་པར་སྤྱོད་པ་རྣམས་ལ་མ་གུས་པ་བགྱིས་པ་ལ་སོགས་ཏེ་མདོར་ན་མཐོ་རིས་དང་ཐར་པའི་གེགས་སུ་གྱུར་ཅིང་འཁོར་བ་དང་ངན་སོང་གི་རྒྱུར་འགྱུར་བའི་ཉེས་པ་དང་ལྟུང་བའི་ཚོགས་ཅི་མཆིས་པ་དེ་དག་ཐམས་ཅད་བླ་མ་རྡོ་རྗེ་སེམས་དཔའི་སྤྱན་སྔར་མཐོལ་ལོ་བཤགས་སོ། །མི་འཆབ་བོ། །མི་སྦེད་དོ། །དེ་ལྟར་མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱིས་མ་མཐོར་མ་བཤགས་ན་དེ་དེ་ལྟར་དུ་མི་འགྱུར་བ་ལགས་སོ། །ཞེས་བརྗོད་པ་དང༌། ཆོས་དྲུག་སྐབས། དཔལ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་བདག་ལ་སོགས་བརྗོད། དེ་ལྟར་བཤགས་ཚིག་དང་གསོལ་བ་དྲག་ཏུ་བཏབ་པས། བླ་མ་རྡོ་རྗེ་སེམས་དཔརྡོ་རྗེ་སེམས་དཔའ་འོད་ཞུ་བདག་ལ་ཐིམ། མཆོག་གི་སྐུ་གསུང་ཐུགས་དང་དབྱེར་མེད་གྱུར།འ་དགྱེས་པའི་འཛུམ་བག་དང་མདངས་ཕྱུངས་ཏེ། ཀྱཻ་རིགས་ཀྱི་བུ་ཁྱོད་ཀྱིས་གཙོར་བྱས་པའི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཉམས་ཆག་ཉེས་ལྟུང་དྲི་མའི་ཚོགས་རྣམས་བྱང་ཞིང་དག་པ་ཡིན། ཞེས་བདག་ལ་དབུགས་དབྱུང་བསྩལ་བར་གྱུར་པར་བསམ་མོ། ད་ནི་བདག་ལ་དུས་གསུམ་གྱི་སྡིག་པ་དང་སྒྲིབ་པ་ཅི་ཡང་མེད་དོ་ཞེས་སྙམ་པའི་དགའ་བ་བསྒོམ། སླན་ཆད་ཉེས་ལྟུང་དུ་འགྱུར་བའི་ལས་སྲོག་ལ་བབ་ཀྱང་མི་བགྱིད་དོ་སྙམ་པའི་ཞེ་བཅད་ཀྱི་དམ་བཅའ་དྲག་པོ་བྱེད་པའི་སྡིག་ལྟུང་གི་རྩ་བ་རྩད་ནས་འདོན་པའི་གནད་དང༌། སླར་སྡིག་པ་དང་མི་འགྲོགས་པའི་ཐབས་ཟབ་མོ་སླད་ཆད་སྡོམ་པའི་སྟོབས་ཏེ། དེ་ལྟར་སྟོབས་བཞི་ཚང་བའི་སྒྲིབ་སྦྱོང་འདི་ཡིས་མི་འདག་པའི་ཉེས་ལྟུང་རྣམས་མི་སྲིད་དོ། །དེ་ནས་གཉིས་པ་ཐུན་བསྡུ་བ་ནི། རྡོ་རྗེ་སེམས་དཔའ་འོད་ཞུ་བདག་ལ་ཐིམ། མཆོག་གི་སྐུ་གསུང་ཐུགས་དང་དབྱེར་མེད་གྱུར། ཅེས་མོས་པར་བྱའོ། ། ༈ །གསུམ་པ་ནི་དེ་ལྟ་བུའི་སྡིག་སྒྲིབ་དག་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསག་པར་བྱ་བའི་ཐབས་ལ་མཎྜལ་འབུལ་བ་ལ་བཞི། དགོས་ཆེད་བསྟན་པ། མཎྜལ་འབུལ་བ་དངོས་དང༌། ཡོན་ཏན་བསྟན་པ། བྱིན་རླབས་བསྡུ་བའོ། །དང་པོ་ནི། དེ་ཡང་སྔོན་གྱི་རྒྱལ་བ་རྣམས་ཀྱིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པའི་མཐུ་ཡིས་མངོན་པར་སངས་རྒྱས་པ་ཡིན་ཕྱིར། དེ་ན་བདག་ཅག་རྣམས་ཀྱང་དེའི་རྗེས་སུ་ཕྱོགས་ཏེ་ཚོགས་རྣམ་པ་གཉིས་བསགས་དགོས་ཤིང༌། དེ་ཡང་སྤྱིར་ན་འཛམ་གླིང་གི་མི་རྣམས་སེར་སྣ་ཆེ་ཞིང༌། དུས་སྙིགས་མའི་དབང་གིས་འབྱོར་པ་དང་ཧ་ཅང་མི་ལྡན་པས་མཆོད་པ་དང་སྦྱིན་གཏོང་སོགས་རྒྱ་ཆེན་པོ་བྱེད་མི་ནུས་པ་དང༌། བྱེད་པའི་འབྲུ་ནོར་མེད་པ་བཅས་ལ་རྒྱལ་དང་དེ་སྲས་ཐབས་མཁས་ཐུགས་རྗེ་ཆེན་པོ་དང་ལྡན་པས་དངོས་འབྱོར་ཅུང་ཟད་ལ་བརྟེན་ཏེ་ཡིད་སྤྲུལ་དང་བློས་བླང་གི་སྒོ་ནས་ཚོགས་རྫོགས་ཐབས་གསུངས་པ་དང་མདོ་རྒྱུད་ཀུན་ནས་འཁོར་ཡུག་གི་མཎྜལ་འབུལ་བར་བཞེད་པས། རང་ཅག་རྣམས་ཀྱང་ཐབས་དེ་ལ་བརྟེན་ཏེ་ཚོགས་རྫོགས་པར་བྱའོ། །གཉིས་པ་ལ་སྒྲུབ་པའི་མཎྜལ་དང་མཆོད་པའི་མཎྜལ་གཉིས་ལས་སྒྲུབ་པའི་མཎྜལ་སྟེགས་བུའི་མཎྜལ་གང་རུང་འཁོར་ཡུག་ཡངས་ཤིང་སྟེགས་དག་པ་གཙང་ཞིང་ཁོད་སྙོམས་པར་བགེགས་བསྐྲད་ཅིང་དྲི་བཟང་གི་ཆག་ཆག་གདབ་པའི་སྟེང་དུ་འབྲུ་རིགས་དྲི་བཟང་གིས་སྦག་པའི་ཚོམ་བུ་ཆེ་བ་ལྔ་དང་བྱང་ཤར་རམ་ཕྱོགས་མཚམས་གང་བདེར་ཆུང་ངུ་གཅིག་སྟེ། དེ་རྣམས་གཞལ་ཡས་ཁང་བཀོད་པ་ཕུན་སུམ་ཚོགས་པ་ལྔ་པདྨ་ཉི་ཟླའི་གདན་སོགས་དང༌། ཚོམ་བུ་ཆུང་བར་དུར་ཁྲོད་ཀྱི་གཞལ་ཡས་ཁང་པད་ཉི་རོ་གདན་སོགས་གསལ་བའི་སྟེང་དུ་སྐྱབས་ཡུལ་སྐབས་ལྟར་ཚོགས་ཞིང་རྣམས་བཀྲ་ལམ་གྱིས་བསྒོམ། རང་བཞིན་གྱི་གནས་ནས་ཡེ་ཤེས་པ་རྣམས་སྤྱན་དྲངས་ཤིང་བསྟིམ་པར་བྱ་བ་ནི་རྟེན་གྱི་མཎྜལ་ལོ། །གཉིས་པ་མཆོད་པའི་མཎྜལ་ནི། ཚོགས་ཞིང་དེ་དག་གི་དྲུང་དུ་གདན་གཙང་མའི་སྟེང་དུ་བདག་ཉིད་ལུས་དྲང་པོར་བསྲང་ཞིང་གུས་པའི་ཚུལ་གྱིས་མཎྜལ་འབུལ་བ་ཡང༌། སྤྱིར་མཆོད་པའི་མཎྜལ་དེ་ཉིད་ཐོག་མར་རྒྱུ་རིན་པོ་ཆེ་རབ་གསེར། དངུལ་ལམ། འབྲིང་ཟངས་ལ་སོགས་དང༌། ཐ་ན་རྡོ་དང་ཤིང་ལེབ་མོ་ཁ་སྦྱོར་ཡངས་ཤིང་འཇམ་པ་གང་རུང་འཛོམ་ནས་རང་ཉིད་བསམ་པ་བཟང་པོའི་དམིགས་པའི་རྟེན་དུ་རུང་ཞིང་མཎྜལ་གྱི་ཚད་ལ་མང་དུ་གསུངས་ཀྱང་གང་ལྟར་སྟེང་ཁོད་སྙོམས་ཤིང་དབུས་དམའ་བ་སོགས་མ་ཡིན་པ་དང༌། ཤར་ནུབ་ལྷོ་བྱང་མདུན་གཞོལ་བ་སོགས་གསུངས་ན་འདི་དག་ནི་རང་གི་ལག་པའི་འདུ་བྱེད་ཙམ་མོ། མཎྜལ་འབུལ་རྒྱུར་འབྲུ་རིགས་སོགས་ཡོད་ན་ཐལ་བ་དང་གསེག་མ་རྣམས་མེད་པར་དྲི་བཟང་དང་སྨན་སྣ་སྦག་པ་དང༌། གཞན་ཡང་འབྱོར་ན་རིན་པོ་ཆེའི་རིགས་ཡོད་ན་རྟོགས་པ་སྐྱེ་ཞིང་ནོར་ཕྱུག་པའི་དགོས་པ་དང༌། ཨ་རུ་ར་སོགས་སྨན་སྣས་ནད་སེལ་ཞིང་འདི་དང་ཕྱི་མར་ཚུལ་ཁྲིམས་གཙང་བ་སོགས་ཡོན་ཏན་དཔག་མེད་འབྱུང་ཞིང་མགྲོན་བུ་བུ་མས་མི་རྟག་རྒྱུད་ལ་སྐྱེ་ཞིང་ཟས་ནོར་འབྱོར་པའི་ཡོན་ཏན་གསུངས་པ་རྣམས་སོ། །དེ་ཡང་འབྱོར་པ་དམན་ཀྱང་བསམ་པ་དག་ན་བྱེ་མ་རྡེའུ་གསེར་གྱི་བྱེ་མ་མུ་ཏིག་སོགས་རིན་པོ་ཆེར་དམིགས་ཤིང་ཕུལ་བས་ཆོག་པ་ནི་དམ་པ་གོང་མ་རྣམས་ཀྱི་རྣམ་ཐར་ལྟར་རོ། །དེ་ནས་འབུལ་བའི་སྐབས་སྐྱབས་གནས་དཀོན་མཆོག་རྣམས་ལ་བདག་གིས་རིན་པོ་ཆེའི་འཁོར་ཡུག་ཞིང་གི་རྡུལ་སྙེད་ལྟ་བུ་རྒྱ་ཆེ་རྒྱུན་མི་འཆད་པར་འབུལ་ནས་བདག་དང་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་ཚོགས་རྫོགས་པར་བྱའོ་སྙམ་དུ་བསམ་ལ། ལག་གཡོན་གྱི་མཎྜལ་ཐོགས་ཤིང་གཡས་རྡོ་རྗེ་ཁུ་ཚུར་གྱིས་བདག་དང་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་དུག་ལྔ་དུག་གསུམ་ལས་དང་བག་ཆགས་ཀྱི་སྒྲིབ་པ་ཐམས་ཅད་རྡུལ་ཕྱིས་པ་བཞིན་དུ་གྱུར་ཏོ་སྙམ་པ་དང༌། དེ་ནས་རིམ་པར་འབྲུ་གཏོར་ཞིང་རིན་པོ་ཆེའི་འབྱུང་བ་རིམ་བརྩེགས་ས་གཞི་དང་བཅས་མོས་པ་དང༌། ཕྱོགས་བཞིར་ཚོམ་བུ་བཀོད་པ་གླིང་ཆེན་བཞི་དང༌། མཚམས་བཞིར་ཚོམ་བུ་གཉིས་གཉིས་བཀོད་པ་གླིང་གཡོགས་བརྒྱད། བར་བར་དུ་གླིང་ཕྲན་གྱི་ཚོགས་མང་པོ་དང༌། དབུས་སུ་བང་རིམ་བཅས་པའི་རི་རབ་ལྷུན་པོ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ་དེ་དག་གི་སྟེང་དུ་རྣམ་པར་རྒྱལ་བའི་ཁང་བཟང་རིན་པོ་ཆེ་སྣ་ཚོགས་པ། གཞན་ཡང་ཡོ་བྱད་ཀྱི་བཀོད་པ་བསམ་གྱིས་མི་ཁྱབ་པར་མ་ཟད་འདོད་ལྷ་རིགས་དྲུག་གི་ལྷ་དང་ལོངས་སྤྱོད། ཁྱད་པར་དུ་དཔག་བསམ་གྱི་ཤིང་དང་མ་རྨོས་ལོ་ཏོག་འདོད་པ་འཇོ་བའི་བ་སོགས་འདོད་ཡོན་ཁྱད་པར་དུ་འཕགས་པ་སུམ་ཅུ་རྩ་གསུམ་ཚོགས་པར་མ་ཟད་སྟེང་ནས་རིམ་བཞིན་འོག་མིན་གྱི་བར་དུ་འདོད་ཡོན་ལོངས་སྤྱོད་རྒྱ་རིམ་གྱིས་ཆེ་ཞིང༌། བང་རིམ་རྣམས་སུ་གནོད་སྦྱིན་གྱི་ལོངས་སྤྱོད་རིན་པོ་ཆེའི་ཕྲ་སྣ་ཚོགས་བཀོད་པ། བང་རིམ་རྩ་བར་གསེར་གྱི་རི་བདུན་རོལ་པའི་མཚོ་བདུན་དེར་གནས་ཀྱི་ལྷ་དང་ལྷ་མིན་མི་སོགས་རི་རབ་ཀྱི་ཁ་ཁྱེར་མན་ཆད་སྟོབས་རྩལ་ལོངས་སྤྱོད་ཀྱིས་ཕྱུག་པ་དཔག་མེད་དང༌། གླིང་ཆེ་ཆུང་བཅུ་གཉིས་པོ་རྣམས་ཀྱི་མི་རྣམས་ཁང་ཁྱིམ་འདོད་ཡོན་ལོངས་སྤྱོད་དཔལ་འབྱོར་གྱི་རྒྱན་དང་ལྡན་པས་ཕྱུག་པ། འོག་ཏུ་རྒྱ་མཚོ་ཆེན་པོ་ཀླུ་ཡི་ལོངས་སྤྱོད་རིན་པོ་ཆེའི་རིགས་བྱེ་བ་འབུམ་གྱིས་བལྟམས་པ། སྟེང་གི་གཟའ་སྐར་ཐམས་ཅད་རིན་པོ་ཆེའི་ལུས་ལོངས་སྤྱོད་བྱད་གཟུགས་ཕུན་སུམ་ཚོགས་པར་མ་ཟད་ནུབ་ཏུ་ཟླ་བ། ཤར་དུ་ཉི་མ་སོགས་འཇིག་རྟེན་གྱི་ཁམས་རྣམས་གསལ་ནུས་པའི་ནོར་བུའི་ས་གཞི། ཉི་མ་དང་ཟླ་བའི་བུ་དེ་དག་གི་འཁོར་རྣམས་ཀྱང་འོད་ཟེར་དང་གཟི་བརྗིད་ཕུན་སུམ་ཚོགས་པ་དང༌། འཇིག་རྟེན་དེ་དག་ཏུ་འབྲུ་ནོར་ལོངས་སྤྱོད་རི་གཡུང་གཟུགས་འགྲོས་སྤྱན་གཟིགས་དར་ཟབ་སོགས་དང༌། མདོར་ན་སྲིད་པ་གསུམ་གྱི་ལོངས་སྤྱོད་གཅིག་ནས་དུང་ཕྱུར་བྱེ་བ་ཕྲག་བརྒྱའི་བར་རྒྱུན་མི་འཆད་བར་སྤྲུལ་ཞིང་འབུལ་ཏེ། དངོས་སུ་འབྱོར་པ་ཅུང་ཟད་ལ་བརྟེན་ནས་ཡིད་སྤྲུལ་བློས་བླང་གི་འཁོར་ཡུག་མཆོད་པར་དམིགས་ནས་བརྒྱ་སྟོང་ཁྲི་འབུམ་སོགས་ཀྱིས་འབུལ་བར་བྱ་བ་ནི་ཕྱི་ཡི་མཎྜལ་དང༌། རང་གི་ལུས་ལོངས་སྤྱོད་བུ་དང་ཆུང་མ་བྲན་འཁོར་བཅས་པའི་སྒོ་གསུམ་ལྟོས་མེད་དུ་འབུལ་སྙམ་པ་ནང་གི་མཎྜལ་དང༌། སེམས་རྟོག་ཚོགས་ཕུང་ཁམས་སྐྱེ་མཆེད་དུག་ལྔ་དུག་གསུམ་ཐམས་ཅད་ཡེ་ཤེས་ཀྱི་རོལ་པ་རིགས་ལྔའི་ཞིང་ཁམས་དང༌། སྐུ་གསུམ་སྐུ་ལྔ་རང་ཆས་ཀྱི་རང་བཞིན་དུ་འགྱུར་བ་འབུལ་བ་གསང་བའི་མཎྜལ་ཏེ། སྐུ་གསུམ་གྱི་མཎྜལ་ཞེས་ཐ་སྙད་དུ་མཛད་པ་དེ་ལྟར་དུ་བློ་ཡིས་གང་ལྕོགས་དམིགས་ཤིང་འབུལ་བར་བྱའོ། །དེ་ཡང་དང་པོར་བློ་བཅོས་ཤིང་བསྒོམ་པ་དང༌། མཐར་དེ་ལྟར་ཤིན་ཏུ་གསལ་ཐེབ་ཅིང་དགའ་བ་དང་བཅས་ཏེ་ལྟོས་མེད་དུ་འབུལ་བའི་བློ་སྐྱེ་ཞིང་ཚོགས་རྫོགས་པའི་རྟགས་ཉི་ཟླ་ཤར་བ། རྟ་དང་སེང་གེ་གླང་པོ་ཆེ་ལ་སོགས་པར་ཞོན་པ། ནོར་བུའི་གླིང་དུ་ཕྱིན་པ་རིན་པོ་ཆེ་སོགས་གཏེར་ཐོབ་པ། རྒྱལ་སྲིད་བཟུང་བ། རྩི་ཤིང་མེ་ཏོག་སྤང་ལྗོངས་བཟང་པོ་ཐོབ་པ། ཚོང་འདུས་ཆེན་པོའི་ལོངས་སྤྱོད་ཀྱི་དབུས་དང་ཁྲི་སྟན་ཆེན་པོར་འདུག་པ། གངས་རི་སོགས་རི་ཆེན་པོའི་རྩེར་སླེབས་ནས་དུང་དང་གླིང་བུ་འབུད་པ། གདུགས་དང་རྒྱལ་མཚན་བ་དན་སྦྲེང་ཞིང་འབངས་འཁོར་མང་པོས་བརྟེན་པ་སོགས་ཚོགས་སྤྱིར་རྫོགས་པ་ལ་བརྟེན་ནས་གནས་སྐབས་ཀྱང་མངའ་ཐང་ལོངས་སྤྱོད་སྙན་གྲགས་མཐོང་ཆོས་མྱོང་འགྱུར་དུ་འགྱུར་བའི་སྔ་ལྟས་རྣམས་ཏེ་ཉམས་དང་རྨི་ལམ་གང་རུང་འོང་ཞིང༌། མཐར་ཐུག་གི་འབྲས་བུ་གྲངས་མེད་གསུམ་གྱི་ཚོགས་གཅིག་ཆར་རྫོགས་ཤིང༌། བྱང་ཆུབ་ཐོབ་པའི་རྒྱུ་དང་མཐུན་རྐྱེན་དུ་ངེས་པར་འགྱུར་རོ། དེ་དག་གི་འདོན་བྱ་ནི། ཨོཾ་སུམྦྷ་ནི་སོགས་ཀྱིས་བགེགས་ཕྲལ་ནས། མདུན་གྱི་མཎྜལ་ཞིང་ཁམས་ཡངས་པའི་དབུས། །རིན་ཆེན་གཞལ་ཡས་མཛེས་ཁྲི་ལྔ་ཚོམ་གྱི། །དབུས་མར་བླ་མ་རྡོ་རྗེ་འཆང་ཆེན་ལ། །གྲུབ་ཐོབ་བཀའ་བརྒྱུད་བླ་མ་རྣམས་ཀྱིས་བསྐོར། །མདུན་དུ་ཡི་དམ་འཁོར་ལོ་སྡོམ་པ་ལ། །ཡི་དམ་རྒྱུད་སྡེའི་ལྷ་ཚོགས་ཀུན་གྱིས་བསྐོར། །གཡས་སུ་དུས་གསུམ་ཕྱོགས་བཅུའི་སངས་རྒྱས་ལ། །བསྐལ་པ་བཟང་པོའི་སངས་རྒྱས་སྟོང་གིས་བསྐོར། །རྒྱབ་ཏུ་གསུང་རབ་དམ་པའི་ཆོས་མཆོག་རྣམས། །རང་སྒྲར་བཅས་ཏེ་འོད་ཟེར་སྤུངས་སེ་བཞུགས། །གཡོན་དུ་ཉེ་སྲས་དཔའ་བོ་རྣལ་འབྱོར་མ། །གྲུབ་ཐོབ་ཉན་རང་དགེ་འདུན་ཚོགས་དང་བཅས། །འོག་ཏུ་ཡེ་ཤེས་ཆོས་སྐྱོང་སྲུང་མ་རྣམས། །མེ་དཔུང་ཀློང་ནས་བར་ཆད་བསལ་ཕྱིར་བཞུགས། །དེ་དག་རྣམས་ལ་བདག་སོགས་འགྲོ་ཀུན་གྱིས། །སྤྱོད་ལམ་མཐུན་པས་ཚོགས་གཉིས་བསག་པར་བགྱི། ཞེས་གསལ་བཏབ་ལ། ཨོཾ་བཛྲ་སཏྭ་ས་མ་ཡ་སོགས་ཀྱི་རྡུལ་ཕྱིས་ལ། ཨོཾ་ཨཱཿཧཱུྃ། སྲིད་ཞིའི་མགོན་པོ་བླ་མ་སངས་རྒྱས་དང༌། །ཆགས་བྲལ་དམ་ཆོས་ཚོགས་མཆོག་དགེ་འདུན་སྡེ། །རྩ་བ་གསུམ་གྱི་ལྷ་ཚོགས་ཐམས་ཅད་ལ། །གསེར་གྱི་ས་གཞི་རིན་ཆེན་རི་དང་གླིང༌། །ལྷ་ཀླུ་མི་ཡི་ལོངས་སྤྱོད་ཕུན་སུམ་ཚོགས། །བློས་བླངས་འཇིག་རྟེན་འཁོར་ཡུག་བཀོད་གླིང་དང༌། །ཡིད་སྤྲུལ་ཀུན་བཟང་རྣམ་ཐར་རྒྱ་ཆེར་སྤེལ། །བདག་དང་འགྲོ་ཀུན་ཚོགས་གཉིས་རྫོགས་པའི་ཕྱིར། །བླ་མ་དཀོན་མཆོག་རྩ་བ་གསུམ་ལ་འབུལ། །བཞེས་ནས་ཐུགས་རྗེས་བྱིན་གྱིས་བརླབ་ཏུ་གསོལ། བྷྲཱུྃ་རཏྣ་མཎྜལ་ཨཱཿཧཱུྃ། ཞེས་གྲངས་བསགས་ཏེ་ཅི་ནུས་སུ་འབུལ་བ་དང༌། འབུམ་ཐེར་སོགས་ཀྱི་སྐབས། ཨོཾ་ཨཱཿཧཱུྃ། སྟོང་གསུམ་སྣོད་བཅུད་བཀོད་པ་མཐའ་ལས་འདས། །རིགས་ལྔའི་ཞིང་ཁམས་ཞི་བ་ལོངས་སྤྱོད་རྫོགས། །སེམས་ཉིད་སྣང་སྟོང་དབྱེར་མེད་དབྱིངས་དང་རིག །བློས་བླངས་ཕྱི་ནང་གསང་བའི་མཎྜལ་འབུལ། སརྦ་མཎྜལ་པཱུ་ཛ་ཧོ། ཞེས་གྲངས་བཟུང་ངོ༌། །གསུམ་པ་ནི། དེ་ལྟ་བུ་འབུམ་དང་བྱེ་བ་སོགས་བསྒོམ་དོན་དང་འབྲེལ་བར་ཕུལ་བས་གནས་སྐབས་ཚེ་རིང་ཞིང་ནད་མེད་བར་ཆད་ཞི་བ་དང༌། བསོད་ནམས་ཀྱི་ཚོགས་རྫོགས་པས་འབྲུ་ནོར་ལོངས་སྤྱོད་འདུ་ཞིང་མཐར་ཐུག་སྤང་རྟོགས་ཀྱི་ཡོན་ཏན་རྒྱ་ཆེར་འཕེལ་ནས་ཡེ་ཤེས་ཀྱི་སྣང་བ་རྒྱས་པ་དང༌། གཟུགས་སྐུ་མཚན་དང་དཔེ་བྱད་ཀྱི་ས་བོན་འགྲུབ་པ་སོགས་ཡོན་ཏན་བརྗོད་ལས་འདས་པའོ། །བཞི་པ་ཚོགས་ཞིང་བསྡུ་བ་ནི། བདག་གཞན་མཁའ་མཉམ་འགྲོ་བའི་རྒྱུད་ལ་ཚོགས་གཉིས་ཀྱི་བསོད་ནམས་ཁྱད་པར་ཅན་ཐོབ་པར་བསམ་ལ། ཚོགས་ཀྱི་ཞིང་ཆོས་སྐྱོང་རྣམས་གཡོན་གྱི་དགེ་འདུན་ལ་བསྡུས་ནས་རིམ་གྱིས་གཡོན་བསྐོར་གྱི་གཙོ་བོ་དང༌། དེ་ཉིད་བདག་ལ་ཐིམ་པས་སྐུ་གསུམ་མཆོག་གི་འབྲས་བུ་མཆོག་ཏུ་གྱུར་པ་སྨིན་པར་བསམ་ལ། དེ་ལྟར་ཕུལ་བས་བདག་གཞན་ཚོགས་གཉིས་རྫོགས། །སྐྱབས་ཀྱི་མཆོག་རྣམས་རིམ་གྱིས་གཡོན་བསྐོར་དུ། །འོད་ཞུ་བླ་མའི་སྐུར་འདུས་བདག་ལ་ཐིམ། །སྐུ་གསུམ་མཆོག་གི་འབྲས་བུ་མྱུར་སྨིན་ཤོག །ཅེས་བརྗོད་པར་བྱའོ། །