༈ ཕ་དམ་པ་སངས་རྒྱས་ཀྱི་ཞལ་གདམས་དིང་རི་བརྒྱ་རྩ་མ།

2012-08-19

༈ འབའ་རོམ་པའི་སྐྱེས་རབས་གསོལ་འདེབས་དོན་བསྡུས་ནོར་བུའི་ཕྲེང་བ་ཞེས་བྱ་བ།

 

ན་མོ་གུ་རུ་སུ་ཏྲ་ཤྭ་ར་ཡེ། འདས་དུས་བདེ་གཤེགས་ཀུན་པས་སྔར་སངས་རྒྱས། །སྐུ་ཚེ་འདུས་པ་གྲངས་མེད་ཁྱད་པར་འཕགས། །ཐུགས་བསྐྱེད་སྨོན་ལམ་མཛད་པ་སྒོ་མཐའ་ཡས། །འདྲེན་པ་རྣམ་པར་གཟིགས་ལ་གསོལ་བ་འདེབས། །ངེས་པའི་དོན་དུ་རྫོགས་བྱང་མངོན་གྱུར་ཀྱང༌། །འཕགས་ཆེན་རྒྱལ་བའི་སྲས་གྱིས་ཚུལ་འཆང་བ། །བཟང་པོ་སྤྱོད་པའི་སྨོན་ལམ་དཔལ་གྱིས་བརྗིད། །བྱང་སེམས་ཀུན་ཏུ་བཟང་པོར་གསོལ་བ་འདེབས། །སྔ་འགྱུར་མདོ་སྔགས་ལམ་གྱི་ཤིང་རྟ་ཆེ། །དྲི་མེད་ཆོས་ཀྱི་སྤྱན་ལྡན་ཉིན་མོར་བྱེད། །དམ་པའི་མཛད་སྲོལ་གནས་ལ་མངའ་དབང་འབྱོར། །ལོ་ཆེན་བཻ་རོ་ཙཱ་ནར་གསོལ་བ་འདེབས། །མཁའ་ལ་གདུགས་བདུན་བསྐོར་མཁན་མེད་པར་འཁོར། །བར་སྣང་ཌཱ་མ་རུ་བདུན་རང་འཁྲོལ་བྱེད། །བརྟུལ་ཞུགས་སྤྱོད་པའི་རྩལ་རྫོགས་ཙཱརྻ་པ། །འཕགས་ཡུལ་ནག་པོ་སྤྱོད་པར་གསོལ་བ་འདེབས། །གངས་རིའི་ལྗོངས་འདིར་གསང་ཆེན་བཀའ་གཏེར་ཟུང༌། །ཉམས་མེད་རྒྱ་ཆེར་སྤེལ་ལ་ཟླ་བྲལ་བ། །འཇིག་རྟེན་མིག་གཅིག་རོང་ཟོམ་པཎྚི་ཏ། །ཆོས་ཀྱི་བཟང་པོའི་ཞབས་ལ་གསོལ་བ་འདེབས། །དེ་ཉིད་འཕན་ཡུལ་དཔལ་བརྩེགས་གདུང་ལས་གྲོལ། །ཟླ་འོད་གཞོན་ནུའི་ཐུགས་སྲས་ཉེ་གནས་མཆོག །གྲུབ་པ་ཆེན་པོའི་གོ་འཕང་མངོན་དུ་མཛད། །དར་མ་དབང་ཕྱུག་ཞབས་ལ་གསོལ་བ་འདེབས། །མ་འོངས་དུས་སུ་རྣམ་འདྲེན་བརྒྱད་པ་མཆོག །མཉམ་མེད་ཐུབ་པ་ཆེན་པོ་ཆེར་གྲགས་པ། །འཇིག་རྟེན་སྟོན་པ་ཁ་ལོ་སྒྱུར་བར་མཛད། །མགོན་པོ་རྫོགས་སངས་རྒྱས་ལ་གསོལ་བ་འདེབས། །དེ་ལྟར་རྒྱལ་བ་གཉིས་པ་འབའ་རོམ་པའི། །ངོ་མཚར་སྐྱེས་རབས་རྗེས་དྲན་གསོལ་བཏབ་མཐུས། །ཁྱེད་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་བ་ལ། །མངའ་བརྙེས་བརྒྱུད་འཛིན་སྐལ་བཟང་མཆོག་ཏུ་ཤོག །ཐོས་བསམ་སྒོམ་པའི་ལང་ཚོ་ཆེར་རྒྱས་ཤིང༌། །འཆད་རྩོད་རྩོམ་པའི་རྣམ་དཔྱོད་ཁོ་ལག་ཡངས། །མཁྱེན་བརྩེ་ནུས་པས་དོན་གཉིས་ཕུན་སུམ་ཚོགས། །སྟོན་མཆོག་འབའ་རོམ་པ་དང་མཚུངས་པར་ཤོག །ངོ་མཚར་སྐྱེས་རབས་རྟོགས་བརྗོད་གསོལ་འདེབས་འདི། །རྗེས་འབྲངས་མ་ཏི་རཏྣས་སྦྱར་བ་སྟེ། །འདིས་ཀྱང་གྲུབ་པ་མཆོག་དང་མི་འབྲལ་བར། །སྐྱེ་བ་ཀུན་ཏུ་རྗེས་སུ་འཛིན་གྱུར་ཅིག །། །།


༈ ཕ་དམ་པ་སངས་རྒྱས་ཀྱི་ཞལ་གདམས་དིང་རི་བརྒྱ་རྩ་མ།

 

༈ །ཨོཾ་སྭ་སྟི། །དམ་པ་ཕྱར་ཆེན་གྱིས་དམ་པའི་སྤྱན་སྔར་ཕྱིན་ནས་དམ་པ་ཉིད་སྐུ་བགྲེས་འདུག་པ། དམ་པ་དེ་ཉིད་ལྟ་བདེ་བ་ནས་བདེ་བར་གཤེགས་པ་ལགས་ཏེ། དིང་རི་བ་རྣམས་སུ་ལ་བློ་གཏོད། །ཅི་ཙུག་བྱེད་བྱས་ནས་བཤུམས་པས། ཡང་དམ་པས་དིང་རི་བ་རྣམས་ལ་ཞལ་ཆེམས་སུ་གསུངས་པ། །ལུས་ངག་ཡིད་གསུམ་དམ་པའི་ཆོས་ལ་འབུངས། །ལས་ཀྱི་ཡང་རབ་ཡིན་ནོ་དིང་རི་བ། །བློ་སྙིང་བྲང་གསུམ་དཀོན་མཆོག་གསུམ་ལ་གཏོད། །བྱིན་རླབས་ཤུགས་ལ་འབྱུང་ངོ་དིང་རི་བ། །ཚེ་འདི་ཐོངས་ལ་ཕྱི་མའི་དོན་གཉེར་བསྐྱེད། །མདུན་མའི་རྩེ་མོར་འགྱུར་རོ་དིང་རི་བ། །བཟའ་ཚོ་མི་རྟག་ཚོང་འདུས་མགྲོན་པོ་འདྲ། །ངན་ཤགས་འཐབ་མོ་མ་བྱེད་དིང་རི་བ། །

ནོར་རྫས་སྒྱུ་མ་ལྟ་བུའི་གཡར་པོ་ལ། །སེར་སྣའི་མདུད་པས་མ་ཆིངས་དིང་རི་བ། །ཕུང་པོ་མི་གཙང་རྫས་ཀྱི་རྐྱལ་བ་ལ། །བཟང་འདོད་བྱི་དོར་མ་བྱེད་དིང་རི་བ། །གཉེན་ཚན་སྒྱུ་མ་ལྟ་བུའི་བསླུ་བྲིད་ལ། །གདུང་སེམས་འཁྲི་བ་ཆོད་ཅིག་དིང་རི་བ། །ཡུལ་ཞིང་འབྲོག་པའི་བྲང་ས་ལྟ་བུ་ལ། །ཞེན་ཅིང་ཆགས་པ་མ་བྱེད་དིང་རི་བ། །ཕ་ཡུལ་རིགས་དྲུག་སེམས་ཅན་སྤྱི་མཐུན་ལ། །ང་དང་བདག་ཏུ་མ་འཛིན་དིང་རི་བ། །སྐྱེས་པའི་ནང་པར་འཆི་བའི་བརྡ་ཞིག་བྱུང༌། །ལོང་མེད་རྒྱུད་ལ་ཁོལ་ཞིག་དིང་རི་བ། །ཡེངས་བ་མེད་པ་དམ་པའི་ཆོས་ལ་འབུངས། །ཤི་ནས་ལམ་སྣ་འདྲེན་ནོ་དིང་རི་བ། །ལས་ཀྱི་རྣམ་སྨིན་རྒྱུ་འབྲས་བདེན་ངེས་པ། །མི་དགེ་སྡིག་ལ་འཛེམ་ཞིག་དིང་རི་བ། །

བྱས་པའི་ཆོས་རྣམས་རྨི་ལམ་ཡུལ་བཞིན་འདྲ། །བྱར་མེད་ཉམས་སུ་ལོངས་ཤིག་དིང་རི་བ། །གང་ལ་ཞེན་པ་ཡོད་པ་དེ་བློས་ཐོངས། །ཅིས་ཀྱང་དགོས་པ་མེད་དོ་དིང་རི་བ། །འཇིག་རྟེན་འདི་ན་གཏན་དུ་མི་སྡོད་པས། །འགྲོ་ཆས་ད་ལྟ་གྱིས་ཤིག་དིང་རི་བ། །ནགས་ཀྱི་གསེབ་ན་སྤྲེའུ་སྐྱིད་སྙམ་སྟེ། །ནགས་མཐའ་མེ་ཡིས་བསྐོར་རོ་དིང་རི་བ། །སྐྱེ་རྒ་ན་འཆིའི་ཆུ་ལ་རབས་ཟམ་མེད། །གྲུ་ཟིང་ད་ལྟ་ཚུགས་ཤིག་དིང་རི་བ། །སྐྱེ་འཆི་བར་དོའི་རྐུན་འཕྲང་དམ་པོ་ལ། །དུག་ལྔའི་ཇག་པ་བཤར་རྒྱུག་ཡང་ཡང་བྱེད། །སྐྱེལ་མར་བླ་མ་ཚོལ་ཞིག་དིང་རི་བ། །འཇུས་ནས་འགྱེལ་དྭོགས་མེད་པ་བླ་མ་ཡིན། །འབྲལ་མེད་གཙུག་ཏུ་ཁུར་ཞིག་དིང་རི་བ། །བླ་མས་བསྐྱལ་ན་གང་འདོད་གནས་སུ་སླེབས། །གང་ལ་མོས་གུས་གྱིས་ཤིག་དིང་རི་བ། །

གང་ལ་ནོར་ཡོད་དེ་ལ་སེར་སྣ་འབྱུང༌། །སྦྱིན་པ་ཕྱོགས་མེད་ཐོངས་ཤིག་དིང་རི་བ། །གང་ལ་དབང་ཡོད་དེ་ལ་སྡིག་པ་ཡོད། །ཁ་དྲག་དབང་འདོད་སྤོངས་ཤིག་དིང་རི་བ། །ཁ་དྲག་ནོར་མང་ཅན་ལ་བདེ་བ་མེད། །སོར་བཅུ་བྲང་ལ་ཁྲོམས་ཤིག་དིང་རི་བ། །ཕྱི་མའི་ཡུལ་ན་གཉེན་བཤེས་ཉུང་བ་ཡིན། །བློ་གཏད་ཆོས་ལ་གྱིས་ཤིག་དིང་རི་བ། །ཡེངས་མ་ལམ་ལ་མདུན་མ་འཆལ་མར་འཆོར། །གྲོས་ཐག་ད་ལྟ་ཆོད་ཅིག་དིང་རི་བ། །འཆི་བདག་བདུད་ནི་ནམ་ཡོང་ཚོད་མེད་པས། །དྭོགས་ཟོན་འཕྲལ་ལ་གྱིས་ཤིག་དིང་རི་བ། །ཤི་བའི་ནང་པར་སུས་ཀྱང་མི་ཕན་པས། །རང་མགོ་རང་གིས་ཐོན་ཞིག་དིང་རི་བ། །འཆི་བར་བསམ་ན་ཅིས་ཀྱང་དགོས་པ་མེད། །ཡིད་ལ་དྲན་པར་གྱིས་ཤིག་དིང་རི་བ། །

ཉི་མ་ནུབ་ཁའི་གྲིབ་སོ་ཇི་བཞིན་དུ། །འཆི་བདག་གཤིན་རྗེ་མི་སྡོད་ཚུར་ཚུར་འོང༌། །འབྲོས་ཐབས་ལ་འུར་གྱིས་ཤིག་དིང་རི་བ། །མེ་ཏོག་སྔ་སོ་ལེགས་ཀྱང་ཕྱི་སོ་སྐམ། །ལུས་ལ་བློ་གཏད་མེད་དོ་དིང་རི་བ། །གསོན་པའི་དུས་ན་ལྷ་ཡི་ལུས་དང་འདྲ། །ཤི་བའི་དུས་ན་བདུད་ཀྱི་དམག་བས་འཇིགས། །སྒྱུ་མའི་ལུས་འདིས་བསླུ་འོ་དིང་རི་བ། །ཚོང་དུས་མགྲོན་པོ་ཚོང་ཟིན་ནང་པར་གྱེས། །གྲོགས་ཀྱིས་བོར་བར་ངེས་སོ་དིང་རི་བ། །སྒྱུ་མའི་ཐོ་ཡོར་ཅིས་ཀྱང་འགྱེལ་ངེས་པས། །རྟེན་འབྲེལ་ད་ལྟ་སྒྲིགས་ཤིག་དིང་རི་བ། །སེམས་ཀྱི་བྱ་རྒོད་ཅིས་ཀྱང་འཕུར་ངེས་པས། །ནམ་འཕང་ད་ལྟ་ཆོད་ཅིག་དིང་རི་བ། །རིགས་དྲུག་སེམས་ཅན་དྲིན་ཆེན་ཕ་མ་ལ། །བྱམས་དང་སྙིང་རྗེ་སྒོམས་ཤིག་དིང་རི་བ། །སྡང་དགྲ་ལས་ཀྱི་འཁོར་བའི་འཁྲུལ་སྣང་ལ། །ཞེ་སྡང་གདུག་སེམས་སྤོངས་ཤིག་དིང་རི་བ། །

ཕྱག་འཚལ་བསྐོར་བས་ལུས་ཀྱི་སྡིག་པ་འདག །འཇིག་རྟེན་བྱ་བྱེད་སྤོངས་ཤིག་དིང་རི་བ། །བཟླས་བརྗོད་སྐྱབས་འགྲོས་ངག་གི་སྡིག་པ་འདག །ཐ་མལ་ལོང་གཏམ་མ་ལབ་དིང་རི་བ། །མོས་གུས་གདུང་བས་ཡིད་ཀྱི་སྡིག་པ་འདག །བླ་མ་སྤྱི་བོར་འཁུར་ཞིག་དིང་རི་བ། །ལྷན་ཅིག་སྐྱེས་པའི་ཤ་དང་རུས་པ་ཕྲལ། །ཚེ་ལ་རྟག་པར་མ་འཛིན་དིང་རི་བ། །ཡུལ་གྱི་དམ་པར་གཉུག་མའི་གཏན་ཡུལ་ཟུངས། །དེ་ལ་འཕོ་འཕྱུག་མེད་དོ་དིང་རི་བ། །ནོར་གྱི་དམ་པར་སེམས་ཉིད་གཏེར་ཆེན་ཆོངས། །དེ་ལ་འཛད་པ་མེད་དོ་དིང་རི་བ། །ཟས་ཀྱི་དམ་པར་ཏིང་འཛིན་རོ་མཆོག་སྤྱོད། །བཀྲེས་པའི་སྡུག་བསྔལ་མེད་དོ་དིང་རི་བ། །སྐོམ་གྱི་དམ་པར་དྲན་པའི་བདུད་རྩི་འཐུངས། །དེ་ལ་རྒྱུན་ཆད་མེད་དོ་དིང་རི་བ། །

གྲོགས་ཀྱི་དམ་པར་རང་བྱུང་ཡེ་ཤེས་འཚོལ། །དེ་ལ་འདུ་འབྲལ་མེད་དོ་དིང་རི་བ། །སྲས་ཀྱི་དམ་པར་རིག་པའི་ཁྱེའུ་ཆུང་འཚོལ། །དེ་ལ་སྐྱེ་འཆི་མེད་དོ་དིང་རི་བ། །སྟོང་པའི་ངང་དུ་རིག་པའི་མདུང་སྐོར་གྱིས། །ལྟ་བར་ཐོགས་ཐུག་མེད་དོ་དིང་རི་བ། །དྲན་མེད་སྟེང་དུ་ཡེངས་མེད་བྱ་ར་ཐོངས། །སྒོམ་ལ་བྱིང་རྒོད་མེད་དོ་དིང་རི་བ། །ཤུགས་འབྱུང་ངང་དུ་འགག་མེད་རྩལ་སྦྱོང་གྱིས། །སྤྱོད་པར་སྤང་བླང་མེད་དོ་དིང་རི་བ། །སྐུ་བཞི་དབྱེར་མེད་རང་རིག་སེམས་ལ་འཚོལ། །འབྲས་བུར་རེ་དྭོགས་མེད་དོ་དིང་རི་བ། །འཁོར་འདས་རྩ་བ་རིག་པའི་སེམས་ལ་འདུས། །སེམས་ལ་དངོས་པོ་མེད་དོ་དིང་རི་བ། །ཆགས་སྡང་སྣང་བ་བྱ་ལམ་རྗེས་མེད་འདྲ། །ཉམས་ལ་ཞེན་པ་མེད་དོ་དིང་རི་བ། །

ཆོས་སྐུ་སྐྱེ་མེད་ཉི་མའི་སྙིང་པོ་འདྲ། །འོད་ལ་གསལ་འགྲིབ་མེད་དོ་དིང་རི་བ། །རྣམ་རྟོག་དགྲར་ལང་ཁང་སྟོང་རྐུན་མ་འདྲ། །ནོར་ལ་ཤོར་ཐོབ་མེད་དོ་དིང་རི་བ། །ཚོར་བ་རྗེས་མེད་ཆུ་ཡི་རི་མོ་འདྲ། །འཁྲུལ་སྣང་རྗེས་འཛིན་མེད་དོ་དིང་རི་བ། །བག་ཆགས་དྲན་འཛིན་ནམ་མཁའི་འཇའ་རིས་འདྲ། །ཞེན་ཆགས་ངོས་བཟུང་མེད་དོ་དིང་བ། །འགྱུ་བ་དྭངས་པ་སྤྲིན་བྲལ་ཉི་མ་འདྲ། །སེམས་ལ་བློ་གཏད་མེད་དོ་དིང་རི་བ། །འཛིན་མེད་རང་གྲོལ་སྐྱི་སེར་རླུང་དང་འདྲ། །ཡུལ་ལ་ཞེན་འཛིན་མེད་དོ་དིང་རི་བ། །རིག་པ་དངོས་མེད་ནམ་མཁའི་འཇའ་དང་འདྲ། །ཉམས་ལ་ཐོགས་ཐུག་མེད་དོ་དིང་རི་བ། །ཆོས་ཉིད་དོན་མཐོང་ལྐུག་པའི་རྨི་ལམ་འདྲ། །ཚིག་དང་ཐ་སྙད་བྲལ་ལོ་དིང་རི་བ། །

རྟོགས་པའི་ཉམས་ཤར་གཞོན་ནུའི་བདེ་བ་འདྲ། །དགའ་བདེ་བརྗོད་དུ་མེད་དོ་དིང་རི་བ། །གསལ་སྟོང་དབྱེར་མེད་ཆུ་ནང་ཟླ་བ་འདྲ། །གང་ལའང་ཆགས་ཐོགས་མེད་དོ་དིང་རི་བ། །སྣང་སྟོང་དབྱེར་མེད་ནམ་མཁའ་སྟོང་པ་འདྲ། །སེམས་ལ་མཐའ་དབུས་མེད་དོ་དིང་རི་བ། །དྲན་པ་ཡེངས་མེད་སྒེག་མོའི་མེ་ལོངས་འདྲ། །དེ་ལ་གྲུབ་མཐའ་མེད་དོ་དིང་རི་བ། །རིག་སྟོང་དབྱེར་མེད་མེ་ལོང་གཟུགས་བརྙན་འདྲ། །དེ་ལ་སྐྱེ་འགག་མེད་དོ་དིང་རི་བ། །བདེ་སྟོང་འཛིན་མེད་གངས་ལ་ཉི་ཤར་འདྲ། །དེ་ལ་ངོས་བཟུང་མེད་དོ་དིང་རི་བ། །འཁྲུལ་གཏམ་རྗེས་མེད་བྲག་ཆ་ལྷ་མོ་འདྲ། །སྒྲ་ལ་འཛིན་པ་མེད་དོ་དིང་རི་བ། །བདེ་སྡུག་འཁྲུལ་འཁོར་པི་ཝང་ཁོང་རྒྱུན་འདྲ། །རྒྱུ་རྐྱེན་ལས་ལ་སྦྱོར་རོ་དིང་རི་བ། །

འཁོར་འདས་རང་གྲོལ་བྱིས་པའི་རྩེད་མོ་འདྲ། །སེམས་ལ་སྐྱེ་འགག་མེད་དོ་དིང་རི་བ། །ཕྱི་ནང་སྤྲོས་པ་རང་གི་སེམས་ལ་བསྡུས། །འཁྱག་རོམ་ཆུ་རུ་ཞུའོ་དིང་རི་བ། །མ་རིག་འཁྲུལ་འཁོར་སྤང་ལ་ཆུ་རྡོལ་འདྲ། །བཀག་པས་ཁེག་པ་མེད་དོ་དིང་རི་བ། །འཁོར་འདས་འཁྲུལ་སྣང་སྒྲ་བཟུང་བྲལ་བ་འདྲ། །ར་མདའ་བླ་མ་ལྷག་གོ་དིང་རི་བ། །སྐུ་ལྔ་རང་གསལ་གསེར་གླིང་བལྟས་པ་དང༌། །རེ་དྭོགས་སྤང་བླང་མེད་དོ་དིང་རི་བ། །དལ་འབྱོར་མི་ལུས་རིན་ཆེན་གསེར་དང་འདྲ། །དོན་མེད་ཆུད་ཟོས་མ་བྱེད་དིང་རི་བ། །ཐེག་ཆེན་ཆོས་ཚུལ་ཡིད་བཞིན་ནོར་བུ་འདྲ། །བཙལ་ཡང་རྙེད་པར་དཀའ་འོ་དིང་རི་བ། །ཚེ་འདིའི་ལྟོ་གོས་ཇི་ལྟར་བྱས་ཀྱང་ཕྱིད། །འདོད་དོན་ཆོས་ལ་སྒྲིལ་ཤིག་དིང་རི་བ། །

གཞོན་ནུའི་དུས་སུ་དཀའ་ཐུབ་ཉམས་ལེན་གྱིས། །རྒས་ནས་འབྱུང་བས་མི་འཆུན་དིང་རི་བ། །ཉོན་མོངས་སྐྱེ་དུས་གཉེན་པོས་སླེབ་པར་གྱིས། །མཚན་མ་རང་སར་གྲོལ་ལོ་དིང་རི་བ། །སྐབས་སུ་འཁོར་བའི་སྡུག་བསྔལ་དྲན་པར་གྱིས། །དད་པའི་གསོལ་འདེབས་ཡིན་ནོ་དིང་རི་བ། །ད་རེས་བརྩོན་འགྲུས་བསྐྱེད་ལ་རང་ས་ཟུངས། །ཤི་ནས་གར་སྐྱེ་མེད་དོ་དིང་རི་བ། །ཚེ་ལ་ལོང་མེད་རྩ་ཁའི་ཟིལ་པ་འདྲ། །ལེ་ལོ་སྙོམ་ལས་སྤོངས་ཤིག་དིང་རི་བ། །སངས་རྒྱས་བསྟན་པ་སྤྲིན་བར་ཉི་མ་འདྲ། །ད་རེས་གསལ་བ་ཡིན་ནོ་དིང་རི་བ། །སྐྱིད་སྡུག་གཉིས་ཀྱི་ལེ་ལན་གཞན་སེམས་ཀྱང༌། །རྐྱེན་རྩ་རང་ལ་ཡོད་དོ་དིང་རི་བ། །དད་པའི་རྐྱེན་གྱིས་བསྐུལ་བའི་ལམ་ཉེ་བས། །འཁོར་བའི་ཉེས་དམིགས་སོམས་ཤིག་དིང་རི་བ། །

གྲོགས་ངན་བསྟེན་ན་སྤྱོད་ངན་ཤུགས་ལ་འགོ །སྡིག་པའི་གྲོགས་པོ་སྤོངས་ཤིག་དིང་རི་བ། །གྲོགས་བཟང་བསྟེན་ན་ཡོན་ཏན་ཤུགས་ལ་འབྱུང༌། །དགེ་བའི་བཤེས་གཉེན་བསྟེན་ཞིག་དིང་རི་བ། གཡོ་སྒྱུ་རྫུན་གྱིས་རང་དང་གཞན་ཡང་བསླུ། །དཔང་པོར་སེམས་ལ་ཆོལ་ཞིག་དིང་རི་བ། །མ་རིག་འཁྲུལ་པ་ཕུང་འདྲེའི་རྩ་བ་ཡིན། །ཤེས་བཞིན་དྲན་པས་བཟུངས་ཤིག་དིང་རི་བ། །དུག་ལྔ་དུག་གསུམ་གཞོམ་ན་ལམ་ཐག་ཉེ། །གཉེན་པོ་ཐུགས་ལ་སྟེན་ཅིག་དིང་རི་བ། །བརྩོན་འགྲུས་མཐུ་སྟོབས་ཆུང་བས་འཚང་མི་རྒྱ། །གོ་ཆས་སླེབས་པར་གྱིས་ཤིག་དིང་རི་བ། །བག་ཆགས་གྲོགས་ཡུན་རིང་བས་ཕྱི་འདོད་འོངས། །འདས་པའི་རྗེས་འཇུག་མ་བྱེད་དིང་རི་བ། །སེམས་ལ་གོ་རྟོགས་ཆུང་ན་གསོལ་བ་ཐོབ། །རྟོགས་པ་ཤུགས་ལ་འཆར་རོ་དིང་རི་བ། ། ཕྱི་མར་སྐྱིད་པར་འདོད་ན་སྡུག་སྲན་སྐྱེད། །སངས་རྒྱས་རྩ་ན་གདའོ་དིང་རི་བ། །འདུས་པའི་སྔ་དྲོ་འབྲལ་བའི་བརྡ་ཞིག་བྱུང༌། །འདུ་འབྲལ་སེམས་ལ་གཟན་ནོ་དིང་རི་བ། །གྲོགས་པོ་ཕལ་ཆེར་ཕྱི་མའི་གནས་སུ་ཐལ། །མཛའ་གྲོགས་རྒྱགས་ཕྱེད་ཡོད་དམ་དིང་རི་བ། །སྡུག་བསྔལ་ཐམས་ཅད་སྡིག་པའི་ལས་ལ་བྱུང༌། །སྡིག་པ་ཆུང་ཡང་སྤོངས་ཤིག་དིང་རི་བ། །བདེ་བ་ཐམས་ཅད་དགེ་བའི་ལས་ལས་བྱུང༌། །དགེ་བ་ཆུང་ཡང་སྒྲུབས་ཤིག་དིང་རི་བ། །དགེ་སྡིག་རྒྱུ་ལས་འབྲས་བུ་བདེ་སྡུག་འབྱུང༌། །སྡིག་སྤོང་དགེ་བ་སྒྲུབས་ཤིག་དིང་རི་བ། །ཨ་ཙ་ར་ནི་དིང་རིར་མི་སྡོད་འགྲོ །སྒྲོ་འདོགས་ད་ལྟ་ཆོད་ཅིག་དིང་རི་བ། །ངས་ནི་ཡེངས་བ་མེད་པར་སྒྲུབ་པ་བྱས། །ཁྱེད་ཀྱང་རྗེས་སུ་ཞུགས་ཤིག་དིང་རི་བ། ། དེ་ལྟར་རྗེ་བཙུན་དམ་པའི་ཞལ་གདམས་འདི། །རང་གཞན་ཡོངས་ལ་ཕན་ཕྱིར་བཀོད་པ་ཡིས། །ཐོས་ཚད་རྒྱུད་ལ་ཁོལ་ཞིག་ཤེས་ལྡན་དག །ཅེས་ཕ་གཅིག་རྗེ་བཙུན་དམ་པ་སངས་རྒྱས་ཀྱིས་དིང་རི་བ་རྣམས་ལ་བཀའ་སློབ་ཞལ་ཆེམས་སུ་གནང་བ་དིང་རི་བརྒྱ་རྩ་མ་ཞེས་བྱ་བ་རྫོགས་སོ།། །།